ཆོས་ལོག་སུན་འབྱིན་བུ་སྟོན་གསུང་མིན་པ། (དབྱེ་ཞིབ་གཏམ་བཤད)རྫ་ཚེ་……
The following article is from 羊兄乐园 Author 堪布次仁扎西
གསུང་མཁན།
རྫ་ཚེ་རིང་བཀྲ་ཤིས།
ནང་དོན།
<<ཆོས་ལོག་སུན་འབྱིན་>>བུ་སྟོན་གྱི་མིན་པ།
དེ་ཡང་བོད་རབ་རྒྱན་ལྕགས་གླང་ལོའི་དབྱུ་གུ་ཟླ་བའི་ཚེས་པ་དྲུག་ཉིན། སྔ་འགྱུར་རྙིང་མའི་དྲྭ་ཚོམས་སུ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས༼ ཆོས་ལོག་སུན་འབྱིན་བུ་སྟོན་གྱི་གསུང་མིན་པ།༽ཞེས་པའི་ཞལ་བྱང་འོག་ནས་གསུང་བཤད་གནང་བའི་སྒྲ་ཟིན།
<<ཆོས་ལོག་སུན་འབྱིན་>>བུ་སྟོན་གྱི་མིན་པ།
པདྨའི་རྒྱལ་ཚབ་གུ་རུ་ཆོས་དབང་དང་། །
དེ་ཡི་སློབ་མ་ཚུལ་ཁྲིམས་དཔལ་བཟང་པོ། །
ཡང་སློབ་ཐམས་ཅད་མཁྱེན་པ་བུ་སྟོན་ཏེ། །
ངོ་མཚར་བརྒྱུད་པའི་རབས་ལ་ཕྱག་འཚལ་ལོ། །
གླེང་གཞི།
དེ་ཡང་གང་གླེང་བར་བྱ་བ་ནི། ལར་དེང་གི་དུས་འདིར་སྤྱི་ཙམ་དུ་རྩོམ་འབྲི་མཁན་སོགས་ལ་དཔྱད་གཞིར་འོས་པའི་ཡིག་ཆ་མང་པོ་དྲ་རྒྱ་སོགས་བརྒྱུད་ནས་རག་གིན་ཡོད་ཅིང་། མཁོ་སྤྲོད་བྱེད་པ་སོགས་ཀྱང་ཧ་ཅང་སྟབས་བདེར་གྱུར་ཡོད།
ཕྱོགས་གཞན་ཞིག་ནས། ཡིག་ཆ་ཁུངས་ཐུབ་ཡིན་མིན་སོགས་ལ་དཔྱད་ཞིབ་ལེགས་པོ་མེད་བཞིན་བཀོལ་མཁན་ཡང་མང་ཙམ་འདུག་པ་འདི་རིགས་ལ་དངོས་ཡོད་རྒྱུ་མཚན་གསེད་དཀྲོལ་དང་ར་སྤྲོད་བྱ་རྒྱུ་ནི་དགོས་ངེས་ཤིག་ཆགས་ཡོད།
ལོ་འདི་དག་གི་རིང་བུ་སྟོན་གྱིས་མཛད་ཟེར་བའི་《ཆོས་ལོག་སུན་འབྱིན་》ཞེས་པ་ཞིག་དྲ་ལམ་དུ་བསྐུར་བཞིན་པར་དོ་སྣང་བྱུང་ཞིང་བོད་ནང་དུ་དཔར་བསྐྲུན་ཡང་བྱས་ཡོད་པ་འདྲ། མ་ཟད་འཕྲིན་སྟེགས་དང་སྒེར་གྱི་དྲ་ངོས་དག་ཏུ་བཀོད་པ་དང་། ཁ་ཤས་ཀྱིས་དེའི་ནང་གི་ཚིག་འགའ་རེ་དྲངས་ནས་མ་ཎི་ཡིག་དྲུག་ལ་ཧྲཱིཿསྦྱར་བའི་འདོན་ཚུལ་དེ་མ་དག་པ་ཡིན་པའི་སྒྲུབ་བྱེད་དུ་འདྲེན་མཁན་ཡང་བྱུང་སྟེ།
དཔེ་མཚོན་གྱི་ཐོག་ནས་ཞུས་ན། སྒོམ་སྡེའི་ཚིག་མཛོད་དུ་མ་ཎིའི་སྐོར་ལ་གཞུང་དེ་དྲངས་ནས་མ་ཎི་འབྲུ་བདུན་མི་དག་ཅེས་བཤད་ཅིང་། ཁོ་བོས་རྩོམ་པ་པོར་ངོ་དེབ་བརྒྱུད་རྩོམ་དེ་བུ་སྟོན་གྱིས་མཛད་པ་མིན་ཚུལ་གསལ་བཤད་དང་འབྲེལ། བུ་སྟོན་གྱིས་ཡིན་པའི་སྒྲུབ་བྱེད་གཞན་ཡོད་མེད་དྲིས་མོད་སྒྲུབ་བྱེད་ཡང་དག་གང་ཡང་འགོད་རྒྱུ་མི་འདུག །དེ་ལས་ལྡོག་སྟེ། བུ་སྟོན་གྱིས་མཛད་པ་མིན་པའི་ཚུལ་ནི། ཐུའུ་བཀྭན་རིན་པོ་ཆེ་སོགས་ཀྱིས་སྔར་ནས་གླེང་སློང་གནང་ཡོད་དེ། དེ་ཡང་《ཐུའུ་བཀྭན་གྲུབ་མཐའ》ལས། བུ་སྟོན་གྱིས་མཛད་པ་ཡིན་ཁུལ་ཞིག་འདུག་པ་གསུང་འབུམ་གྱི་དཀར་ཆག་རྣམས་སུ་མི་སྣང་ཞིང་། ཚིག་སྦྱོར་ལ་དཔགས་ཀྱང་མཁས་པའི་གསུང་གི་ཉམས་མི་འདུག་པས། བླུན་པོ་ཞིག་གིས་བྲིས་ནས་བུ་སྟོན་རིན་པོ་ཆེ་ལ་ཁ་གཡར་བར་ཟད་དོ། །ཞེས་རྒྱུ་མཚན་གཉིས་ཀྱིས་བུ་སྟོན་རིན་པོ་ཆེས་གསུང་ཡིན་པ་ལྟ་ཅི། སྤྱིར་བཏང་མཁས་པ་ཞིག་གི་བརྩམས་པའང་མིན་པར་ཐུགས་ཐག་ཆོད་པོས་གསུངས་ཡོད་པ་སྟེ། གཤམ་དུ་དེའི་སྐོར་ལ་ཅུང་ཟད་ཞིབ་ཙམ་གླེང་བར་འདོད་དོ། །
དེ་ལ་འགོག་བྱེད་ལུང་རིགས་ལ་བརྟགས་ནས་བུ་སྟོན་གྱིས་མིན་པར་སྒྲུབ་པ་བསྡུས་ཏེ་བསྟན་པ་དང་། དགག་ཡུལ་ཆོས་དབང་དང་བུ་སྟོན་གྱི་འབྲེལ་བར་བརྟགས་ནས་བུ་སྟོན་གྱིས་མིན་པར་སྒྲུབ་པ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི།
དེ་ཡང་། 《ཆོས་ལོག་སུན་འབྱིན་》 ལས། སྤྱན་རས་གཟིགས་དབང་སྙིང་པོ་ཡིག་དྲུག་ལ། །ཧྲ྄ཱིཿ་བསྣན་བདུན་དུ་སྒྲོགས་པའི་སྔགས་ལོག་བརྩམས། །ཞེས་དང་། གཞན་ཡང་ཁོ་ཡི་འདོད་པ་ལ། །མ་ཎི་པདྨེ་ཡིག་དྲུག་ལ། །ཧྲཱིཿབསྣན་པ་ལ་སྐྱོན་མེད་དེ། །ཧྲཱིཿའདི་ཐུགས་རྗེ་ཆེན་པོ་ཡི། །ས་བོན་ཡིན་པས་བསྣན་ནོ་ཟེར། །འདི་ཡང་འཐད་པ་མ་ཡིན་ཏེ། །ཟ་མ་ཏོག་གི་མདོ་ལས་ཀྱང་། །ཡི་གེ་དྲུག་པ་ཉིད་དུ་བཤད། །སངས་རྒྱས་ལ་ནི་ཁོ་མི་ལྷག །རྒྱ་གར་མཁས་པས་འདི་ལྟར་བཞེད། །ཨོཾ་མེད་པ་ལ་ཨོཾ་བཅུག་དང་། །སྭཱ་ཧཱ་ཕཊ་ལ་སོགས་པ་ཀུན། །ཡོད་པ་ཆད་དང་ལྷག་གྱུར་ན། །སྔགས་ཀྱི་ནུས་པ་མེད་པར་གསུངས། །ཞེས་ཟེར་མོད། དེ་ནི་རྒྱུ་མཚན་ལྟར་སྣང་ཁོ་ན་སྟེ། 《ཟ་མ་ཏོག་བཀོད་པ་》ལས་ཡི་གེ་འབྲུ་དྲུག་འབྱུང་བ་བདེན་མོད། དེ་དང་ཐུགས་རྗེ་ཆེན་པོའི་རྒྱུད་སྒྲུབ་ཐབས་གཞན་ལས་སྔགས་རིང་ཐུང་སྣ་ཚོགས་སུ་འབྱུང་བར་འགལ་བ་ཅི་ཡོད།
ཅིས་ཀྱང་འགལ་ན། རྡོ་རྗེ་གུར་ལས། ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཧཱུྃ་གི་རྗེས་ལ་ཕཊ་དང་སྭཱ་ཧཱ་བཅས་བསྣན་ནས་དགུ་མཛད་ཡོད་ཅིང་། ཇོ་བོས་མཛད་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ལས། ཨོཾ་ཨཿཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ།ཞེས་བྱ་བའི་སྔགས་བཟླ་ཞིང་། ཞེས་མགོ་ལ་ཨོཾ་ཨཱཿགཉིས་དང་། མཇུག་ཏུ་ཧཱུྃ་གཅིག་སྟེ་གསུམ་བསྣན་འདུག་པ་འདི་ཡང་ཆོས་ལོག་ཏུ་འགྲེལ་དགོས་སམ།
འདི་ལ་དགོངས་ནས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས། འོ་ན་ཧྲཱིཿབཟླས་པ་ལ་སྐྱོན་ཅི་ཡོད་སྙམ་ན། ཐུགས་ཀྱི་སྙིང་པོའི་ས་བོན་ཡིན་པས་སྐྱོན་མེད། མ་བཟླས་ཀྱང་ཡི་གེ་དྲུག་པར་འདུ་བས་སྐྱོན་མེད། ཅེས་གསུངས་སོ། །
མ་ཟད་བུ་སྟོན་ཉིད་ཀྱིས་ཞུས་དག་མཛད་པའི་ཚལ་པ་བཀའ་འགྱུར་གྱི་རྒྱུད་གཟུངས་འདུས་གཅིག་པུར་ཡང་དེ་འདྲའི་དཔེ་མཚོན་ཤིན་ཏུ་མང་ཞིང་། ཡི་གེ་བརྒྱ་པ་ལྟ་བུར་ཡང་། ཡོངས་གྲགས་ཡི་གེ་བརྒྱ་པ་ཉིད་ལས་གཞན་དུ། དབུ་ན་ཨོཾ་ཨཱཿཧཱུཾ། དང་། མཇུག་ཏུ་མུཿདང་ཧཱུཾ་ཕཊ་སོགས་སྦྱར་བ་མང་པོ་བསྡུས་ཡོད། འདི་དག་ཀྱང་ལྷག་པ་དང་ཆད་པའི་དོན་མིན་པར། མཆོག་དང་ཐུན་མོང་གི་ལས་སྒྲུབ་པའི་མན་ངག་གི་ཚུལ་མི་འདྲ་བ་ཡིན།
རྒྱས་པར་ནི་ཁོ་བོས་བྱས་པའི་《མ་ཎིའི་དག་ཆའི་དཔྱད་ལན་ཡང་དག་སྒྲོན་མ་》རུ་དཔྱིས་ཕྱིན་པར་བཤད་ཟིན་ཏོ། །
གཉིས་པ། དགག་ཡུལ་ཆོས་དབང་དང་བུ་སྟོན་གྱི་འབྲེལ་བར་བརྟགས་ནས་བུ་སྟོན་གྱིས་མིན་པར་སྒྲུབ་པ་རྒྱས་པར་བཤད་པ།
དེ་ཡང་ཡིག་ཆ་དེར། ཆོས་དབང་ཞེས་བྱ་བདུད་ཀྱི་འཕྲིན་ལས་པས། །གཏེར་ནས་བཏོན་ཞེས་ཆོས་ལོག་དུ་མ་སྦྱར། །འགྲོ་བ་མང་པོ་ལོག་པའི་ལམ་ལ་འཁྲིད། །ཅེས་ཟེར་རོ། །
དེ་ཡང་གོང་གི་ཚིགས་བཅད་འདི་ལས་ཤེས་ཐུབ་པའི་དོན་དག་གལ་ཆེན་ཞིག་ནི། ཡི་གེ་འདི་རྩོམ་མཁན་གྱིས་སྔ་འགྱུར་རྙིང་མའི་གཏེར་སྟོན་གུ་རུ་ཆོས་དབང་བདུད་ཀྱི་འཕྲིན་ལས་པ་ཡིན་པ་དང་གཅིག །ཁོང་གི་གཏེར་ཆོས་དག་ལོག་པའི་ཆོས་ལུགས་ཡིན་པ་དང་གཉིས། ཆོས་དེ་དག་ཉམས་སུ་བླངས་ན་འགྲོ་བ་མང་པོ་ལོག་ལམ་དུ་འཁྲིད་ཡོད་པ་དང་གསུམ་གྱི་སྒོ་ནས་གཏེར་སྟོན་གུ་རུ་ཆོས་དབང་ལ་བསམ་ཡུལ་ལས་འདས་པའི་ཉེས་འཛུགས་ཞུས་ཡོད་པས། ཡིག་ཆ་འདི་གུ་རུ་ཆོས་དབང་ལ་ཚད་ལས་བརྒལ་བའི་སྐུར་འདེབས་ཞུ་མཁན་ཞིག་གིས་བྲིས་པ་ཞིག་ཡིན་པ་ནི་སྙོན་མེད་ཀྱི་དོན་དངོས་ཡིན། ཐོག་མར་འདི་ཧ་གོ་དགོས།
ད་འོ་ན། གུ་རུ་ཆོས་དབང་ལ་ངན་སྨོད་དང་སྐུར་འདེབས་བྱས་པ་ཙམ་གྱིས་བུ་སྟོན་གྱིས་མཛད་པ་མིན་པར་དཔོགས་ཐུབ་བམ། བུ་སྟོན་གྱིས་གུ་རུ་ཆོས་དབང་ལ་སྐུར་འདེབས་མི་ཞུ་བའི་རྒྱུ་མཚན་ཅི་ཞིག་ཡོད་སྙམ་ན། འདིར་བུ་སྟོན་ཐམས་ཅད་མཁྱེན་པ་རང་གི་གསུང་དངོས་བཀའ་འབུམ་དུ་བཞུགས་པའི་གསན་ཡིག་ཆེན་མོ་དང་ཞུས་ལན། ཐུགས་སྲས་སྒྲ་ཚད་པས་མཛད་པའི་《རྣམ་ཐར་སྙིམ་པའི་མེ་ཏོག》ཞྭ་ལུ་གདན་སའི་མཁས་པ་ཆེན་པོ་བློ་གསལ་བསྟན་སྐྱོང་གི་གསུང་སོགས་དཔང་པོར་བཞག་སྟེ། བུ་སྟོན་ཆེན་པོ་ནི་ཡབ་ཡུམ་མེས་པོ་དང་བཅས་པ་སྔ་འགྱུར་རྙིང་མའི་མཁས་གྲུབ་ཆེན་པོར་བཞུགས་ཤིང་། ཁོང་རང་ངོས་ནས་སྔ་འགྱུར་བཀའ་གཏེར་མཐའ་དག་གསན་བསམ་ཉམས་བཞེས་གནང་བ་སྤྱིར་བསྟན་པ་དང་། བུ་སྟོན་རང་ཉིད་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཆོས་ཉམས་སུ་ལེན་མཁན་གྱི་སློབ་བརྒྱུད་རྩོད་མེད་ཡིན་ཚུལ་བྱེ་བྲག་ཏུ་འཆད་པ་སྟེ། དོན་ཚན་གཉིས་ཀྱི་སྒོ་ནས་ཆོས་ལོག་སུན་འབྱིན་དུ་བསྙད་པའི་ཡིག་འཁྱམ་འདི་བུ་སྟོན་གྱིས་མིན་ཚུལ་གླེང་བ་ལ།
དང་པོ། སྤྱིར་བུ་སྟོན་ཆེན་པོ་ནི་རང་གི་ཡབ་ཡུམ་མེས་པོ་དང་བཅས་པ་སྔ་འགྱུར་རྙིང་མའི་མཁས་གྲུབ་ཆེན་པོར་བཞུགས་ཤིང་། ཁོང་རང་ངོས་ནས་ཀྱང་སྔ་འགྱུར་བཀའ་གཏེར་མཐའ་དག་གསན་བསམ་ཉམས་བཞེས་གནང་བའི་ཚུལ་ནི།
སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་བུ་སྟོན་གྱི་རྣམ་ཐར་《སྙིམ་པའི་མེ་ཏོག་》 ལས། མེས་པོ་བླ་ཆེན་ཚུལ་ཁྲིམས་བཟང་པོ་ཞེས་བགྱི་བ། ཡི་དམ་ལྷའི་ཞལ་གཟིགས་པ། མཁྱུད་སྤྱད་ལ་སོགས་པའི་རྟེན་འབྲེལ་ལ་མངའ་བརྙེས་པ། ནང་ཏིང་ངེ་འཛིན་ཟབ་མོའི་དོན་དང་ལྡན་པ། ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཞེས་དང་། ཡང་ཡབ་ཡུམ་གྱི་སྐོར་ལ་གསུང་སྐབས། སྔགས་དང་མཚན་ཉིད་ཀྱི་ཚིག་དོན་ལ་མཁས་པའི་གྲགས་པས་ས་སྟེང་ཁྱབ་པའི་བླ་མ་བྲག་སྟོན་ཞེས་པ་དེ་དང་། ཡུམ་སློབ་དཔོན་མ་བསོད་ནམས་འབུམ་ཞེས་གྲགས་པ་སབ་སྨད་མུར་ཚོ་ཞེས་བྱ་བར་འཁྲུངས་པ། གསང་སྔགས་རྙིང་མའི་ཆོས་ལ་མཁས་ཤིང་ཐུགས་དམ་ཟབ་མོ་ལ་མངའ་བརྙེས་པ། ཞེས་གསུངས་སོ། །
དེ་བཞིན་དུ་བུ་སྟོན་རིན་པོ་ཆེས་སྔ་འགྱུར་བཀའ་གཏེར་གྱི་བརྒྱུད་པ་གསན་པའི་ཚུལ་ལ་ཡང་། རྣམ་ཐར་དེ་ཉིད་ལས། གསང་བ་སྙིང་པོ་དང་། དགོངས་འདུས་ལ་སོགས་པའི་རྒྱུད། སྤར་ཁབ་ལ་སོགས་པའི་འགྲེལ་པ། མདོར་ན། གསང་སྔགས་རྙིང་མའི་རྒྱུད་འགྲེལ་པ་འགྲེལ་བཤད་གནུབས་པ་ནས་བརྒྱུད་པ་མ་ལུས་པ་གསན། རྫོགས་པ་ཆེན་པོ་ཀུན་བྱེད་སྔ་འགྱུར་ལྔ། ཕྱི་འགྱུར་བཅུ་གསུམ། སེམས་སྡེ་མ་བུ་བཅོ་བརྒྱད། ཀློང་སྡེའི་སྐོར་ལ་སོགས་པ་གསན། ཞེས་གསུངས་ཏེ། སྤྱི་བོ་ལྷས་པ་གཞོན་ནུ་དཔལ་གྱིས་མཛད་པའི་རྣམ་ཐར་《ཡོན་ཏན་རིན་པོ་ཆེའི་ལྷུན་པོ》ར་ཡང་དེ་དང་ཕྱོགས་མཚུངས་སུ་འཁོད་ཡོད་ལ། སོག་བཟློག་པ་ཆེན་པོས་མཛད་པའི་《བརྒལ་ལན་ངེས་དོན་འབྲུག་སྒྲར་》ཡང་། ཡབ་མེས་ཀྱི་བཀའ་སྲོལ་ལྟར་རྙིང་མའི་ལྷ་དུ་མ་ལ་ཐུགས་དམ་དུ་མཛད། ཅེས་སོགས་བུ་སྟོན་ཆེན་པོའི་སྔ་འགྱུར་གྱི་ཆོས་ལ་ཉམས་བཞེས་དང་བསྔགས་བརྗོད་ཇི་ལྟར་གནང་བའི་ཚུལ་དུ་མ་ཞིག་གསུངས་ཡོད།
འདིར་དོ་སྣང་འོས་པ་ཞིག་ལ། སོག་བཟློག་པ་ཆེན་པོས་བུ་སྟོན་གྱིས་རྙིང་མར་གཟིགས་ཚུལ་ལ་དཔྱད་བརྗོད་གནང་སྐབས། ཡིག་འཁྱམས་འདི་འདྲ་ཞིག་ཡོད་ཚུལ་དང་འདིའི་ནང་དོན་དང་འབྲེལ་བའི་ཚིག་ཟུར་ཙམ་ཡང་མེད་དོ། །
གཉིས་པ། བུ་སྟོན་ཐམས་ཅད་མཁྱེན་པ་ཉིད་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཆོས་ཉམས་སུ་ལེན་མཁན་གྱི་སློབ་བརྒྱུད་རྩོད་མེད་ཡིན་ཚུལ་བྱེ་བྲག་ཏུ་འཆད་པ་ལ་བཞི་ལས། དང་པོ། བུ་སྟོན་ཐམས་ཅད་མཁྱེན་པ་ཉིད་གུ་རུ་ཆོས་ཀྱི་དབང་ཕྱུག་གི་སློབ་བརྒྱུད་འཁྲུལ་མེད་ཡིན་པ། གཉིས་པ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཆོས་ཀྱི་བརྒྱུད་པ་གསན་ནས་གསན་ཡིག་ཏུ་བཀོད་ཡོད་པ། གསུམ་པ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཆོས་བུ་སྟོན་རང་གིས་ཉམས་བཞེས་གནང་ཡོད་པ། བཞི་པ། རིང་བརྒྱུད་ཉེ་བརྒྱུད་ཟུང་འབྲེལ་གྱིས་གུ་རུ་ཆོས་དབང་གི་གཏེར་ཆོས་གཞན་ལ་འཆད་སྤེལ་གནང་ཡོད་པ་སྟེ།
བཞི་ལས་དང་པོ། བུ་སྟོན་ཐམས་ཅད་མཁྱེན་པ་ཉིད་གུ་རུ་ཆོས་ཀྱི་དབང་ཕྱུག་གི་སློབ་བརྒྱུད་འཁྲུལ་མེད་ཡིན་པ་ནི། དེ་ཡང་བུ་སྟོན་རིན་པོ་ཆེས་སྔ་འགྱུར་གཏེར་ཁ་གོང་འོག་གི་ཆོས་བཀའ་གཙོ་བོ་རྟ་མགྲིན་དང་། གུ་རུའི་ཕྱི་ནང་གསང་སྒྲུབ་སྤྱི་དང་། ཁྱད་པར་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཆོས་རྣམས་མེས་པོ་བླ་མ་དམ་པ་ཚུལ་ཁྲིམས་བཟང་པོ་དང་། བླ་མ་ཡང་རྩེ་བ་རིན་ཆེན་སེངྒེ། ཀུན་མཁྱེན་འཕགས་པ་འོད་སོགས་ལས་གསན་ནས་ཉམས་བཞེས་དང་འཆད་སྤེལ་བཅས་གནང་ཡོད་པ་འདི་ལས་ལྷག་པའི་སྒྲུབ་བྱེད་ཅིག་མི་དགོས་པ་ཡིན། ཁྱད་པར་དུ་བླ་མ་ཚུལ་ཁྲིམས་དཔལ་བཟང་པོ་ནི་གུ་རུ་ཆོས་དབང་གི་དངོས་སློབ་ཡིན་པས་ཀྱང་། བུ་སྟོན་ཆེན་པོ་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཡང་སློབ་ཏུ་གྱུར་ཡོད།
དེའི་སྐོར་ཞིབ་པར་གསན་ཡིག་ཞལ་གསུང་མའི་ནང་གསེས་བླ་མ་ཚུལ་ཁྲིམས་དཔལ་བཟང་པོས་རྗེས་སུ་བཟུང་བའི་ལེའུར། མངའ་བདག་ཉང་དང་སྲས་མི་བསྐྱོད་རྡོ་རྗེ་ལས་བླ་མ་ཚུལ་ཁྲིམས་དཔལ་བཟང་པོ་ལ་བརྒྱུད་པའི་ཉང་གི་གཏེར་ཆོས་དང་། གུ་རུ་ཆོས་ཀྱི་དབང་ཕྱུག་ནས་བླ་མ་ཚུལ་ཁྲིམས་དཔལ་བཟང་པོར་ཐད་ཀར་བརྒྱུད་པའི་ཆོས་དབང་གི་གཏེར་ཆོས་ཕལ་མོ་ཐོབ་ཚུལ་རྒྱས་བཀོད་ཡོད།
འདི་ལ་དགོངས་ནས་ཞྭ་ལུ་བློ་གསལ་གྱིས་མཛད་པའི་《བུ་སྟོན་གོང་ཁུག་མའི་ཉམས་ལེན་རྡོ་རྗེའི་རྒྱ་མདུད་》 ལས། ཡང་སྤྲུལ་རྒྱལ་ཚབ་ཆོས་ཀྱི་དབང་ཕྱུག་(གུ་རུ་ཆོས་དབང་)དང་། །གྲུབ་དབང་ཆེན་པོ་ཚུལ་ཁྲིམས་བཟང་པོའི་ཞབས། །འགྲོ་བའི་སྐྱབས་གཅིག་བུ་སྟོན་ལོ་ཙཱ་བར། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོོལ། །ཞེས་གསུངས་སོ། །
བཞི་ལས་གཉིས་པ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཆོས་ཀྱི་བརྒྱུད་པ་གསན་ནས་གསན་ཡིག་ཏུ་བཀོད་ཡོད་པ་ནི། དེ་ཡང་བུ་སྟོན་གྱི་གསན་ཡིག་ཞལ་གསུང་མ་ལེའུ་གཉིས་པར། ཉང་ནས་སྲས་མི་བསྐྱོད་རྡོ་རྗེ་དང་། དེ་ལས་བླ་མ་ཚུལ་ཁྲིམས་དཔལ་བཟང་པོ་ལ་བརྒྱུད་པའི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་སྐོར་སོགས་གཏེར་ཆོས་གསན་པའི་མཚན་བྱང་རྒྱས་པར་བཏབ་ཡོད་པ་དང་། ཁྱད་པར་དུ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཆོས་མང་པོ་ཐོབ་ཚུལ། གསན་ཡིག་ལས།
ཡང་། གུ་རུ་ཆོས་དབང་། བླ་མ་ཚུལ་ཁྲིམས་དཔལ་བཟང་པོ་ལས། གུ་རུ་པདྨའི་སྒྲུབ་ཐབས་དངོས་གྲུབ་གཏན་གཟིགས། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། མཁའ་འགྲོ་སྡེ་ལྔའི་སྒྲུབ་པ་དང་། ཛམྦྷ་ལ་དམར་པོའི་ཐུགས་སྒྲུབ། སྲིད་གསུམ་དབང་དུ་སྡུད་པ་ལ་སོགས་པའི་མན་ངག་ཕྲན་ཚེགས་མང་པོ་ཐོབ་བོ། །ཞེས་གསུངས་ཤིང་། སྐབས་དེར་སྐུ་ན་ཕྲ་བས་འགའ་རེ་གསན་སྐབས་གཉིད་དུ་ཡུར་བ་དང་། སེམས་དེ་ཙམ་གཏོད་མ་ཐུབ་པ་ཡོད་སྲིད་མོད། ཕལ་མོ་ཆེ་བསྐྱར་ཏེ་ཐེངས་འགའ་རེ་ཐོབ་ཡོད་པས་གསན་ཡིག་དཀྱུས་སུ་བཀོད་པ་དག་བརྒྱུད་པ་ཚད་ལྡན་ཞུས་ཐོབ་ཡོད་པར་ངོས་འཛིན་གནང་ཆོག་ཅེས་གསལ་བཤད་ཀྱང་མཛད་ཡོད།
མ་ཟད་བླ་མ་གཞན་ལས་ཀྱང་གུ་རུ་ཆོས་དབང་གི་གཏེར་ཆོས་གསན་ཡོད་པ་ནི། གསན་ཡིག་ལེའུ་གསུམ་པར་བླ་མ་ཡང་རྩེ་བ་རིན་ཆེན་སེངྒེ་ལས་གསན་པའི་ཆོས་སྐོར་འཆད་སྐབས། ཡང་། བླ་མ་བསོད་ནམས་མགོན། བླ་མ་ཡང་རྩེ་པ་ལས། སློབ་དཔོན་པདྨའི་ཚེའི་སྙིང་གཏམ་ཤོག་རིལ་མ་ཐོབ་པོ། (ཆོས་དབང་གཏེར་བྱོན)།ཞེས་དང་། གསན་ཡིག་ལེའུ་ཉེར་གཅིག་པ། ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོའི་མདུན་ནས་གསན་ཚུལ་སྐབས། ཚེ་དཔག་མེད་སྟེང་ཕྱོགས་མའི་གཟུངས་དང་། འཆི་མེད་ལྔ་སྒྲའི་གཟུངས་ཀྱི་བརྒྱུད་ཚུལ་གྱི་མཇུག་ཏུ། དེའི་མན་ངག་སློབ་དཔོན་པདྨའི་ལུགས་ཟབ་མོ་ཐོས་སོ། །ཞེས་ཀྱང་གསུངས་ཏེ། འདི་ནི་ཁམས་པ་རྡོར་རྒྱལ་ནས་འཕགས་འོད་ཀྱི་བར་དུ་བརྒྱུད་པའི་ལུགས་ཡིན་པ་བུ་སྟོན་ཉིད་ཀྱིས་གསུངས་ཤིང་། བུའི་གསན་ཡིག་ཏུ་འཁོད་པའི་ཁམས་པ་རྡོར་རྒྱལ་ནི། འགོས་ལོ་ཆེན་པོའི་《དེབ་སྔོན་》ལས། དགེ་བཤེས་ཁམས་པ་ཆེན་པོ་གྲལ་གྱི་གུང་ལ་བཞུགས་ཤེས་བྱ་བ་ལ་སོགས་པའི་(རྗེ་དྭགས་པོ་པས)བསྟོད་པ་མཛད་དེ། དོན་གྱིས་ན་བཀའ་བརྒྱུད་བདག་པོར་དབང་བསྐུར་བ། དཔལ་ཕག་མོ་གྲུ་པ་ཞེས་སྙན་པས་འཇིག་རྟེན་གསུམ་དུ་ཁྱབ་པ། །ཞེས་བསྔགས་པ་དེའོ། །
ཀུན་མཁྱེན་འཕགས་པ་འོད་ནི་བུ་སྟོན་རིན་པོ་ཆེར་གུ་རུ་པདྨའི་སྙན་བརྒྱུད་གནང་མཁན་གྱི་མན་ངག་གི་བླ་མ་ཡིན་པ་བཞིན། ཁོང་ཡབ་སྲས་གཉིས་ཆར་གྱིས་གུ་རུ་ཆོས་དབང་ལ་བསྔགས་པ་ཆེན་པོ་མཛད་པའི་ཚུལ་གཞན་ལས་ཀྱང་འབྱུང་སྟེ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་《 གཏེར་བརྒྱའི་རྣམ་ཐར་》 ཆེན་མོ་ལས། ཀུན་མཁྱེན་འཕགས་འོད། ཆོས་འོད། བུ་སྟོན་སོགས་ཀྱིས་ཀྱང་། གུ་རུ་ཆོས་ཀྱི་དབང་ཕྱུག་ནི་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོའོ་ཞེས་བསྔགས་པར་མཛད། །ཅེས་གསུངས་སོ། །
བཞི་ལས་གསུམ་པ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཆོས་གུ་རུ་པདྨའི་མན་ངག་ལ་རང་གིས་ཉམས་བཞེས་གནང་ཡོད་པ་ནི།
བུ་སྟོན་རིན་པོ་ཆེས་སྤྱིར་སྔ་འགྱུར་དང་། དགོས་ཆོས་དབང་གི་གཏེར་ཆོས་གསན་ཡོད་སྲིད་མོད། ཐུགས་དམ་ཉམས་བཞེས་དང་འཆད་སྤེལ་མཛད་ཡོད་པའི་ཁུངས་ཨེ་ཡོད་སྙམ་ན་ཡོད་དེ། ཐུགས་སྲས་སྒྲ་ཚད་པས་མཛད་པའི་རྣམ་ཐར་དུ། སྔ་འགྱུར་སྐོར་གསན་ཚུལ་གོང་དུ་དྲངས་པའི་མཇུག་དེ་ཀར། དེ་རྣམས་ཀྱི་དོན་ལ་མཁས་པའི་ཚད་དོར་ཕྱིན་པར་མཛད། ཅེས་དང་། ཡི་དམ་ལྷའི་ཞལ་གཟིགས། བསྐྱེད་རིམ་གྱི་དོན་ལ་བརྟན་པ་ཐོབ། རེག་མཐོང་གི་མཚན་མ་རྙེད། ཅེས་སོགས་གསུངས་ལ། ཁྱད་པར་དུ། རྗེ་བློ་གསལ་བསྟན་སྐྱོང་གིས་མཛད་པའི་《 བུ་སྟོན་གོང་ཁུག་མའི་དབང་ཆོག་རྡོ་རྗེའི་ཚེ་སྲོག་དཔལ་སྟེར་》 ལས།
ཚེ་སྒྲུབ་ཀྱི་ཤོག་དྲིལ་སྐོར་རྣམས་ཐག་སྟོན་གྲུབ་པའི་དབང་ཕྱུག་མེས་པོ་ཚུལ་ཁྲིམས་བཟང་པོ་ལ་གནང་། འདི་ཉིད་ནི་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོའི་སྐུའི་མེས་པོའང་ཡིན་ལ། སྔགས་རྙིང་རྒྱུད་གསན་པའི་བླ་མའང་ཡིན། དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས། དེ་ལ་བུ་སྟོན་རིན་པོ་ཆེས་གསན་ནས་ཚེ་སྒྲུབ་ཀྱི་ཤོག་དྲིལ་གོང་ཁུག་ཏུ་བཞུགས་པར་མཛད་ཅིང་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་པས་དེ་ཕྱིན་ཆད་ཚེ་དབང་བུ་སྟོན་གོང་ཁུག་མར་གྲགས་པ་ཡིན། ཞེས་གསུངས་སོ། །
བཞི་ལས་བཞི་པ། རིང་བརྒྱུད་ཉེ་བརྒྱུད་ཟུང་འབྲེལ་གྱིས་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཆོས་གཞན་ལ་འཆད་སྤེལ་གནང་ཡོད་པ་ནི།
ཀུན་མཁྱེན་བུ་སྟོན་ཀྱིས་ཚེ་སྒྲུབ་ཀྱི་མན་ངག་ཁྱད་པར་ཅན་འདི་ཉིད་རང་གིས་ཉམས་སུ་བླངས་པ་ཙམ་དུ་མ་ཟད། དངོས་དང་བརྒྱུད་པའི་སྒོ་ནས་ས་སྐྱ་དང་དགེ་ལུགས། བོ་དོང་སོགས་ཆོས་བརྒྱུད་གཞན་ལའང་སྤེལ་གནང་མཛད་འདུག་སྟེ། དཔལ་ས་སྐྱའི་《 སྒྲུབ་ཐབས་ཀུན་བཏུས་ 》སུ་བཞུགས་པའི་བུ་སྟོན་གོང་ཁུག་མའི་ཡིག་སྣ་ལས། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ལ་བླ་མ་ཚུལ་ཁྲིམས་བཟང་པོས་ཞུས་ནས་བསྒྲུབས་པས་ལོ་བརྒྱ་དང་བཅུ་དགུ་ཐུབ། དེ་ལ་ཆོས་རྗེ་བུ་སྟོན་རིན་པ་ོཆེས་ཞུས། དེ་ལ་ཐུགས་སྲས་ལོ་ཙཱ་བས། ཞེས་རིན་ཆེན་བློ་གསལ་བསྟན་སྐྱོང་གི་བར་དུ་བརྒྱུད་ཚུལ་གསུངས་ཤིང་། འདི་ནི་དཔལ་ས་སྐྱར་བརྒྱུད་པའི་ཚུལ་ཡིན།
ཡང་བུ་སྟོན་རིན་པོ་ཆེ་ནས་རི་བོ་དགེ་ལུགས་པར་བརྒྱུད་པ་ནི། བུ་སྟོན་རིན་པོ་ཆེས་དར་ཡུལ་བ་ལ་གནང་ཞིང་། དེ་ལས་རྗེ་བདག་ཉིད་ཆེན་པོས་གསན་པ་སྟེ། རྗེའི་གསན་ཡིག་ལས། སློབ་དཔོན་པདྨའི་ཚེ་སྒྲུབ་སྙིང་གཏམ་ཤོག་དྲིལ་མའི་བརྒྱུད་པ་ནི། བླ་མ་བསོད་ནམས་མགོན། ཡང་རྩེ་བ་མན་ཆད་སྔར་བཞིན་ནོ། །ཞེས་འཁོད། དེ་ཡང་སྔར་བཞིན་ནོ་ཞེས་པ་ནི། དེའི་གོང་དུ་སྒྲ་མི་སྙན་པའི་ཚེ་སྒྲུབ་གྱི་བརྒྱུད་པ་འདྲེན་གནང་སྐབས། བསོད་ནམས་མགོན། ཡང་རྩེ་བ། བུ་སྟོན་པ། དར་ཡུལ་བ། དེས་བདག་ལའོ། །ཞེས་གསུངས་པར་ཞལ་འཕངས་མཛད་པ་ཡིན།
ད་དུང་ཐུན་མིན་ཉེ་བརྒྱུད་དུ་བོ་དོང་པཎ་ཆེན་ལ་ཚེ་སྒྲུབ་གོང་ཁུག་མ་འདི་ཉིད་གནང་ནས། འཛམ་བུ་གླིང་ཙམ་ན་གང་ཟག་གཅིག་གིས་མཛད་པའི་ནང་བསྟན་གྱི་བསྟན་བཅོས་ཤིག་ལ་རྒྱ་ཆེ་བ། དཔལ་དེ་ཉིད་འདུས་ཆེན་ཕྱག་རྩོམ་མཛད་པའི་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས་ཤིང་། བོ་དོང་པན་ཆེན་གྱིས་ཀྱང་ཚེ་སྒྲུབ་འདི་ཉམས་སུ་བླངས་ནས་ཚེ་དཔག་མེད་པའི་ཞལ་གཟིགས་པའི་ཚུལ་ནི། ཞྭ་ལུ་བློ་གསལ་བསྟན་སྐྱོང་གིས་མཛད་པའི་དབང་ཆོག་ལས།
ཞྭ་ལུ་རི་ཕུག་གི་གཟིམ་ཆུང་མུན་ཁང་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བུ་སྟོན་ཐམས་ཅད་མཁྱེན་པ་ལ་དངོས་སུ་དབང་དང་གདམས་པ་བསྩལ། ཞེས་དང་། བོ་དོང་ཨེའི་གཙུག་ལག་ཁང་དུ་འཇིགས་བྲལ་གསང་བ་བྱིན་ལ་འོད་གསལ་གྱི་སྣང་ངོར་བུ་སྟོན་ཐམས་ཅད་མཁྱེན་པས་ཞལ་བསྟན་ནས་དེ་ཉིད་འདུས་པ་རྩོམས་པར་བསྐུལ་ཞིང་། ཚེ་སྒྲུབ་འདི་ཉིད་གནང་བར་བཞེད་ལ། དོན་དེ་ཉིད་ཉམས་སུ་བཞེས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེ་དཔག་མེད་ལྔའི་ཞལ་གཟིགས། དབང་དང་སྒྲུབ་ཐབས་གནང་། ཞེས་གསུངས་སོ། །
འདི་ལ་དགོངས་ནས་རྗེ་བློ་གསལ་བསྟན་སྐྱོང་གིས་གདན་ས་ཞྭ་ལུ་རི་ཕུག་ཏུ་མཛད་པའི་《 བུ་སྟོན་གོང་ཁུག་མའི་དབང་ཆོག་རྡོ་རྗེའི་ཚེ་སྲོག་དཔལ་སྟེར་》 ལས། པདྨ་ཀ་རའི་ཐུགས་ཀྱི་ཟེའུ་འབྲུ་ལས། །ལེགས་འོངས་འཆི་མེད་རིག་འཛིན་གྲུབ་པའི་བཅུད། །བྱིན་རླབས་ཟིལ་མངར་མ་ཉམས་བུ་སྟོན་རྗེའི། །སྙན་བརྒྱུད་གདམས་པའི་ཡང་རྩེ་འདི་ན་ཀོ །ཞེས་གསུངས་སོ། །
མཇུག་བསྡུ་བ།
དེ་ལྟར་གོང་དུ་རྒྱས་པར་གསེད་དཀྲོལ་ཞུས་པའི་རྒྱུ་མཚན་ཆེན་པོ་བཞིའི་ཐོག་ནས་ཡིག་འཁྱམ་འདི་བུ་སྟོན་ཆེན་པོས་མཛད་པ་ཞིག་གཏན་ནས་མ་ཡིན་པར་ངེས་ཐུབ་པ་བྱུང་ཡོད་དེ། དེ་ཡང་བུ་སྟོན་རིན་པ་ོཆེ་ལྟ་བུ་ལྟ་ཅི། ཤེས་པ་རྣལ་དུ་གནས་པ་ཞིག་ཡིན་ཕན་ཆད། རང་གི་བརྒྱུད་པའི་བླ་མར་བདུད་ཀྱི་སྤྲུལ་པ་དང་། རང་ཉིད་ཀྱིས་ཉམས་སུ་ལེན་པའི་ཆོས་ལ་ལོག་པའི་ཆོས་ལུགས། རང་ཉིད་ཀྱིས་ཀྱང་གཞན་ལ་སྤེལ་བཞིན་པའི་ཆོས་ལ་འབྲེལ་བ་ཐོགས་ཚད་ལོག་ལམ་དུ་འཁྲིད་པའི་ཆོས་ཞེས་ཟེར་ག་ལ་སྲིད། རགས་པའི་གནས་འདི་ཙམ་ལའང་རྟོག་དཔྱོད་མེད་པར་མཐོང་ཚད་ལ་ཡིད་ཆེས་བྱེད་པའི་སྙིང་ཁམས་ཅན་འགས་ད་དུང་ཡི་གེ་འདི་བུ་སྟོན་གྱིས་ཡིན་པ་སྐད་དུ་སྨྲ་བ་ནི་དམིགས་གཞན་ཡོད་ན་ནི་དེར་ཟད། གཞན་ངེས་པར་དུ་་་ནོར་བ་ཁོ་ན་ཡིན་པར་ཤེས་དགོས་པར་མ་ཟད། བུ་སྟོན་གྱི་གསན་ཡིག་དང་། ཐུགས་སྲས་དག་གིས་མཛད་པའི་རྣམ་ཐར། ཁྱད་པར་ཞྭ་ལུ་བློ་གསལ་བསྟན་སྐྱོང་གིས་མཛད་པའི་ཡིག་སྣ་སོགས་ལ་ཞིབ་ཏུ་མཇལ་ན། བུ་སྟོན་རིན་པོ་ཆེ་ནི་ཡབ་ཡུམ་མེས་པོ་བཅས་དང་འདྲ་བར། ཨོ་རྒྱན་ཡབ་སྲས་ཀྱི་ཐུགས་བཅུད་སྔ་འགྱུར་བཀའ་གཏེར་གྱི་གདམས་པ་ཟབ་མོ་དེ་དག་ལ་ཐུན་མིན་གསང་བའི་ཉམས་བཞེས་གནང་མཁན་ཞིག་ཡིན་པ་ཤིན་ཏུ་གསལ་ལོ། །
སྤྱིར་གལ་ཏེ་《 ཆོས་ལོག་སུན་འབྱིན་》 ཞེས་པའི་རྩོམ་ཡིག་དེ་ཉིད་བུ་སྟོན་གྱིས་ཡིན་སྲིད་པ་དང་། བུ་སྟོན་གྱིས་རྙིང་ཆོས་དང་གུ་རུ་ཆོས་དབང་ལ་དགག་པ་བྱས་ཡོད་པའི་དབང་དུ་བཏང་ཡང་། དེས་སྔ་འགྱུར་གྱི་ཆོས་དང་གང་ཟག་ཚང་མ་ཚད་མར་མི་རུང་བའི་ལྟོས་མེད་ཀྱི་སྒྲུབ་བྱེད་དུའང་མི་འགྱུར་ལ། སྔོན་གྱི་དམ་པ་དག་གི་ནང་དུའང་ཚུལ་བསྟན་དུ་ཕན་ཚུན་དགག་པ་མཛད་པའང་མང་པོ་ཡོད་པས། གལ་ཏེ་དངོས་ཡིན་ཡིན་ན་ནི་དེ་ལྟར་མིན་ཞེས་ནམ་ཡང་བརྗོད་དགོས་མེད་མོད། དོན་དངོས་གོང་བྲིས་འདི་ག་རང་དུ་གནས་པར་མཐོང་ནས་བཟུ་བོས་བློས་རྩོམ་ཡིག་འདི་བྲིས་པ་ཡིན་ལ། རྩོམ་ཡིག་འདི་བརྒྱུད་ནས་བུ་སྟོན་ཆེན་པོ་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་གལ་ཆེན་འགའ་ཞིག་གསལ་བཤད་ཀྱང་གང་ལེགས་བྱུང་ཡོད་པར་སྙམ་ལ། བུ་སྟོན་རིན་པོ་ཆེར་ཁ་གཡར་ནས་དམ་པའི་ཆོས་ལ་སྐུར་བ་འདེབས་པའི་ཆོས་སྤོང་གི་ལས་ངན་གསོག་པ་དག་ལའང་། དོན་དངོས་ཀྱི་གནས་ཚུལ་གང་ཡིན་ཁ་གསལ་བཏོད་པ་ཡིན་ནོ། །
བུ་སྟོན་ཆེན་པོར་ཁ་གཡར་ནས། །
ལོག་པའི་ཡི་གེ་སྤེལ་བ་དག །
མནན་ནོ་ལུང་དང་རིགས་པའི་རྒྱ། །
ནམ་ཡང་ལྡང་བར་མ་གྱུར་ཅིག །
ཅེས་པ་འདིའང་། ཉེ་ཆར་འཕྲིན་སྟེགས་དེ་འདྲས་བུ་སྟོན་ལ་ཁ་གཡར་བའི་ཡིག་འཁྱམ་དེ་ཉིད་བུ་སྟོན་གྱི་མཚན་ཐོག་ནས་ཡར་མར་བརྒྱུད་སྐུར་བྱེད་པ་དང་། དེ་ལ་བརྟེན་ནས་བླུན་པོ་དག་གིས་ཆོས་དང་དམ་པའི་སྐྱེས་བུ་ལ་སྐུར་བའི་རྐྱེན་དུ་འགྱུར་བ་བློས་མ་བཟོད་ནས། སྐྱེ་བ་ཀུན་ཏུ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་བྲན་དུ་སྨོན་པའི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་གླིང་རི་བོ་སྔོན་པོར། སྙིང་རྗེའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱི་བློ་ལ་དྲན་པ་ཉེ་བར་བཞག་བཞིན་ལེགས་པར་སྦྱར་བ་རྫོགས་སོ། །
སྤྱི་ལོ་༢༠༢༡ཟླ་༩ཚེས་༢༥ལའོ། །
འཕྲིན་སྟེགས་འདི་རུ་སྔ་འགྱུར་གྱི་མཁས་གྲུབ་སྐྱེས་ཆེན་དག་གི་གསུང་དང་། སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ།དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད་སོགས་ཆེད་སྤེལ་བྱེད་བཞིན་ཡོད་པས་གསན་