དུས་རབས་ཀྱི་རྒྱལ་སྲས་ཁྲི་འདོན་དང་བསྟོད་ཚིག་གིས་འཁྲུངས་སྐར་བསུ།༽
རྣམ་དག་ཚུལ་ཁྲིམས་གཙང་མའི་ཡོན་ཏན་དང་།།
གཞན་ཕན་བྱང་ཆུབ་སེམས་ཀྱི་བློ་གྲོས་རྒྱས།།
འཆད་རྩོད་རྩོམ་ལ་ཐོགས་མེད་གཉིས་པ་ཞེས།།
བསྟན་དང་བསྟན་པའི་བདག་པོ་མངའ་གསོལ་ལོ།།
རྒྱལ་བསྟན་སྤྱི་དང་ནང་རྒྱུད་ཡོ་ག་གསུམ།།
འཛིན་སྐྱོང་སྤེལ་ལ་གསང་བདག་གཉིས་པ་ཞེས།།
སྙན་པས་ས་སྟེང་ཁྱོན་ཀུན་ཡོངས་གང་བའི།།
རྒྱུད་སྡེ་རྒྱ་མཚོའི་བདག་པོར་མངའ་གསོལ་ལོ།།
དེ་ལྟར་བདག་གི་བསམ་པ་རྣམ་དག་གིས།།
མངའ་གསོལ་གཟེངས་བསྟོད་ཇི་བཞིན་སྨོན་པའི་མཐུས།།
མི་མངོན་དབྱིངས་ནས་སྲས་བཅས་རྒྱལ་ཀུན་གྱིས།།
མཐུན་གྱུར་བྱིན་རླབས་མཆོག་ཏུ་ད་སྩོལ་ཅིག།
༧ཆོས་རྗེ་འཇིགས་མེད་བླ་མས་གསུངས།
དེ་ཡང་བོད་རྒྱན་ཆུ་སྟག་ལོའི་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔ་ཉིན་ཏེ། བོད་ཚེས་ལྟར་གྱི་མཁན་ཆེན་སྨྲ་བའི་དབང་ཕྱུག༸ཚུལ་ཁྲིམས་བློ་གྲོས་མཆོག་གི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོ་དང་འབྲེལ། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་ཕུན་ཚོགས་འབྱུང་གནས་ངག་དབང་བློ་གྲོས་མེད་མཆོག་གིས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ཁྲི་འདོན་གནང་སྐབས་ཀྱི་ཞལ་གསུང་སྒྲ་ཟིན་རྩ་ཆེན་ཞིག་དང་། སྔ་འགྱུར་རྙིང་མའི་གླེང་སྟེགས་སུ་བཞུགས་པའི་མཁན་སྤྲུལ་གང་མང་གིས་དམ་པ་ཁོང་གི་འཁྲུངས་སྐར་རྟེན་འབྲེལ་ཤིས་ཚིག་གི་བསྟོད་རྩོམ་ཤོ་ལོ་ཀ་རེ་བསྐུར་གནང་བྱུང་བ་ལས། འབྱོར་རིམ་ལྟར་དུ་མཁན་ཆེན་བླ་མའི་དགོང་གྲངས་ཀྱི་ཚད་དང་མཐུན་པའི་སྙན་རྩོམ་བཅུ་ཕྲག་དྲུག་ལྷག་ཅིག་འགྱུར་འཕྲིན་སྟེགས་སུ་བཀོད་ནས་ངེས་དོན་སྨྲ་བའི་དབང་ཕྱུག་ཁོང་གི་སྐུ་ཚེ་བརྟན་ཅིང་འཕྲིན་ལས་མཐར་རྒྱས་དང་། བཞེད་དོན་མཐའ་དག་ཡོངས་སུ་འགྲུབ་པའི་སྨོན་འདུན་ཞུ་བ་ལགས་སོ།།
ལྟ་བ་རྟེན་འབྱུང་ཟབ་མོའི་ཚུ༵ལ་རྟོགས་ཤིང་།།
སྒོམ་པ་སྡོམ་གསུམ་ཉམས་ལེན་ཁྲི༵མས་ཀྱིས་བརྒྱན།།
སྤྱོད་པ་བསྡུ་དངོས་བཞི་ཡིས་བཀྲི་མཛད་པའི།།
བྱང་སེམས་བློ༵་གྲོས༵་ཤཱཀྱའི་བསྟན་པའི་རྒྱན།།
གླིང་བདེན་ཚིག།
བསྟོད་ཚིག་སྐམ་པོས་མ་དྲེགས་ཐུགས་རྒྱུད་དུལ།།
སྨོད་པའི་གཏམ་གྱིས་མ་འཇིགས་ཀུན་ཕན་བྲེལ།།
བསྟན་འགྲོར་རབ་ཏུ་བརྩེ་བའི་ལྷག་བསམ་གྱིས།།
འཚོས་ཤིང་འཚོ་བའི་ཚུལ་ཁྲིམས་བློ་གྲོས་འདུད།།
རྫོཊ་སྐར་ཆེན།
ཤེས་རབ་འོད་ཀྱི་ཕུང་པོ་གངས་ཅན་མིག།
མདོ་སྔགས་རབ་འབྱམས་སྨྲ་བའི་ལྗགས་ལ་དབང་།།
སྔ་འགྱུར་བསྟན་པའི་ཤིང་རྟ་ཆོས་ཀྱི་རྗེ།།
ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་འཁྲུངས་སྐར་བསུ།།
རིག་པའི་ཁུ་བྱུག
མི་ལོ་བཅོ་ལྔའི་ཡུན་ལ་ཁྱེད་ཞབས་བསྟེན།།
སྒེར་དོན་ཕྲན་ཙམ་སྒྲུབ་པ་ངས་མ་མཐོང་།།
བྱང་སེམས་བདག་ཉིད་ཆེན་པོ་ཞེས་བྱ་བ།།
སྲིད་འདིར་མཆིས་ན་ཁྱེད་ལས་མ་དམིགས།།
ཞེས་པ་འདི་ནི་དམ་༢༠༢༢་ལོའི་དམ་པ་གང་གི་འཁྲུངས་ཉིན་གུས་སློབ་མཁས་གྲུབ་རྒྱལ་མཚན་གྱིས་མདོ་སྨད་ཙོང་ཁའི་ཡུལ་ནས་ཆེད་དུ་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།
གང་གིས་ལུང་བསྟན་མི་གསུང་གསུངས་པ་དག་ནི་ལུང་བསྟན་བཞིན་དུ་གནད་ལ་ཁེལ། །
གང་གིས་ཚུལ་འཆོས་མི་མཛད་མཛད་པ་དག་ནི་སྐྱེ་འགྲོ་ཀུན་ལ་ཡིད་དུ་འོང་། །
གང་གིས་བབ་ཅོལ་མི་བསྒྲུབ་བསྒྲུབས་པ་དག་ནི་བསྟན་དང་འགྲོ་ལ་གཅིག་ཏུ་སྨན། །
ཁྱེད་ཉིད་འཚོ་ཞིང་གཞེས་ཕྱིར་བདག་ཅག་ཡོངས་ལ་བླང་དོར་མིག་གི་སྒྲོན་མ་གསལ། །
མི་ཉག་རིག་འཛིན་དབང་རྒྱལ།
ལུགས་གཉིས་ཚུ༵ལ་མཐུན་ཁྲི༵མས་ཀྱི་རྩ་བ་བརྟན། །
གཞུང་ལུགས་རིག་པའི་ཚོགས་ལ་བློ༵་གྲོ༵ས་ཡངས། །
མཛད་པ་འཕྲིན་ལས་ལྷོ་གླིང་ཁྱོན་ཀུན་ཁྱབ། །
མཚུངས་མེད་དམ་པ་སྲིད་པའི་རྒྱན་ཅིག་པུ། །
གནས་ལུགས་ལམ་འཚོལ་ནས།
འཆ༵ད་པ་སྒྲོས་གཙང་གིས་གདུལ་བྱའི་ཁམས་དབང་སྨིན། །
རྩོ༵ད་པའི་རྩལ་རྫོགས་པས་རྒོལ་ངན་ཀླད་རྒྱ་གཏོར། །
རྩོ༵མ་པའི་སྡེབ་ལེགས་པ་གནའ་དེང་རིག་པའི་རྒྱན། །
ངེས་དོན་མཁས་དབང་དངོས་ཚུལ་ཁྲིམས་བློ་གྲོས་རྒྱལ། །
གངས་ཅན་བོད་པའི་གནའ་དེང་རིག་པའི་བང་མཛོད་ཆེན་མོའི་འཁྲུངས་སྐར་ཉིན་མི་ཉག་པ་ཚེ་རྒྱམ་གྱིས་ཕུལ།
རྨད་བྱུང་དུས་ཀྱི་སློབ་དཔོན་ཆེ།།
རྟེན་འབྲེལ་གསང་བའི་ལམ་ཀ་སྟོན།།
བློ་གྲོས་པད་མོ་འབྱེད་པའི་གཉེན།།
རྒྱལ་ཀུན་ཡབ་གཅིག་ཉིད་དང་མཚུངས།།
ཨ་དམར་པོ།
ཁྱེད་ཀྱི་རྣམ་དཔྱོད་རིག་པས་འཛམ་གླིང་གི །
གནའ་དེང་ཚན་རྩལ་རིགས་པ་ཕྲ་ཞིབ་རྟོགས། །
མཚན་དང་སྙན་གྲགས་ལྡན་པའི་མཁས་པ་མང་། །
ཁྱེད་ནི་དོན་ལྡན་གཞན་རྣམས་དེ་ལྟར་མིན། །
བསེ་རུ་དེས།
ལྷོ་གླིང་ནོར་འཛིན་ཡངས་པའི་དོ་ར་འདིར། །
ཆེ་དགུའི་མཚན་སྙན་འབར་བའི་སེམས་ཀྱི་ལྷ། །
གངས་ལྗོངས་མཁས་པ་ཡོངས་ཀྱི་གཙུག་གི་ནོར། །
ལྔ་རིག་སྨྲ་བའི་དབང་པོའི་འཁྲུངས་སྐར་བསུ། །
༢༠༢༢–༡༢–༧ཉིན་གུས་སློབ་འབའ་ལྗང་སྨྲུག་ནས།
ཡང་དག་དཔྱོད་པའི་ཤེས་རབ་ཚུ༵ལ་མངའ་ཞིང་།།
སྡོམ་གསུམ་བསླབ་ཁྲི༵མས་རྒྱན་དུ་ལེགས་རྩོལ་བ།།
བྱང་སེམས་བློ༵་བཀྲ་འཇིགས་མེད་སྨྲ་བའི་སྲས།།
ང་ཅག་ལུགས་གཉིས་གྲོ༵ས་འདེབས་འདི་དག་རྨད།།
འཇུ་གཞོན།
བསྟན་པའི་སྙིང་པོ་འཛིན་ལ་ཟླ་བྲལ་ཞིང་། །
ཉམས་ཐག་འགྲོ་བའི་གཉེན་གྱུར་པད་དཀར་འཛིན། །
གནའ་དེང་ལུགས་གཉིས་བཟང་པོའི་ལམ་སྲོལ་མཁན། །
ས་ཆེན་སྐྱེ་དགུའི་མགོན་དེར་སྙིང་ནས་གུས། །
རྨེ་མཚོ་བྱུང་།
རྗེས་ཆགས་ཕྱོགས་རིས་མིག་གིས་ཐུགས་རྒྱུད་བསྐུལ་ཏེ་རྣམ་དག་བསྟན་པ་དཀྲུག་མ་མྱོང་། །
རང་དང་རང་གི་ཉེ་འཁོར་ཁ་ལ་ཁྱེར་ཏེ་སྤྱི་ལ་དོ་ཁུར་ཆུང་མ་མྱོང་། །
རྙེད་དང་བཀུར་སྟིའི་ཆང་གིས་ར་རོར་གྱུར་ཏེ་ཉམ་ཐག་འགྲོ་བ་བརྗེད་མ་མྱོང་། །
རྨོངས་པའི་དད་འདུན་གཙང་མ་ལོག་པར་སྤྱོད་དེ་སྤྱི་ཚོགས་ཟང་ཟིང་གཏོང་མ་མྱོང་། །
གུས་པ་འོད་ཟེར་སྐྱབས།
གནའ་དེང་རིག་པའི་ཤེས་བྱའི་ཆོས་ཚུ༵ལ་གང་ལ་ཡང་། །
སྒྲིབ་དང་ཕྱོགས་ལྷུང་ཁྲི༵མས་གྱི་མཐའ་རྒྱ་ལས་གྲོལ་ཏེ། །
འཇིགས་མེད་བླ་མའི་མཁྱེན་རབ་བློ༵་གྲོ༵ས་གཏེར་གྱི་མཛོད། །
ཤར་ནུབ་མཁས་རྒུའི་གཙུག་གི་རྒྱན་དུ་འཁྲུངས་པ་ལེགས། །
ངག་གི་ལང་ཚོས།
དེང་ཆར་གངས་ཀྱི་ལྗོངས་འདིའི་ཆོས་རིག་ཀུན།།
ཆེས་ཆེར་གསལ་བའི་མཛད་ཕྲིན་མངའ་ཐང་ཅན།།
སེམས་ཁོང་ཉི་མ་གཞོན་ནུ་ཁྱེད་ཡིན་པས།།
སྐུ་ཚེ་ཡུན་དུ་མི་ནུབ་འཆར་གྱུར་ཅིག།
ཅེས་ཁྲོཾ་ལྗོངས་པ་བསྟན་འཛིན་ཉི་མས།
ཕྱི་ལྟར་ཚུལ་ཁྲིམས་ཉེས་སྐྱོན་ཀུན་དང་བྲལ། །
ནང་ལྟར་བྱང་ཆུབ་སེམས་ལ་བློ་གྲོས་རྒྱས། །
གསང་བ་གསང་ཆེན་སྙིང་པོའི་དགོངས་དོན་རྟོགས། །
ཁྱབ་བདག་འགྲོ་བའི་མགོན་པོས་འཁྲུངས་སྐར་བསུ། །
ཞེས་སློབ་འབངས་ཡོངས་ཀྱི་གྲལ་མཐའ་བ་ཐུགས་མཛོད་ནས། ༢༠༢༢ ༡༢ ༧ ལའོ།།
གང་ཐུགས་དཔལ་གྱི་བེའུའི་གསང་མཛོད་ཀྱི། །
ཟབ་མོ་འདོད་འབྱུང་ནོར་བུའི་གཏེར་ཆེན་པོ། །
གང་འདུལ་གདུལ་བྱའི་ཡིད་ལ་སྟེར་མཁས་པའི། །
མཁྱེན་བརྩེ་ནུས་པའི་རྣམ་ཐར་ཨེ་མ་རྨད། །
ཅེས་གོ་བཀྲ་ཤིས་མིང་པས་བླ་མའི་འཁྲུངས་སྐར་ཉིན་གུས་ཕུལ།
བརྩེ་བའི་འཛུམ་གྱིས་ཡིད་སེམས་རབ་ཏུ་དྲངས།།
གཞོམ་མེད་གསུང་གིས་བདེན་པའི་ལམ་དུ་འདྲེན།།
ཞི་ཞིང་དུལ་བས་དགེ་སྦྱོང་ཆོས་བཞིའི་བརྒྱན།།
གངས་ལྗོངས་སྨྲ་བའི་དབང་ཕྱུག་སྐྱབས་སུ་བསྙེན།།
ཞེས་པ་འདི་ནི་༢༠༢༢་ལོའི་དམ་པ་གང་གི་འཁྲུངས་སྐར་ཉིན་གུས་སློབ་བཟོད་པ་རྒྱལ་མཚན་གྱིས་གསེར་ལྗོངས་བླ་མ་རུང་ནས་ཆེད་དུ་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།
དེང་ཆར་གངས་ཀྱི་ལྗོངས་འདིའི་ཆོས་རིག་ཀུན།།
ཆེས་ཆེར་གསལ་བའི་མཛད་ཕྲིན་མངའ་ཐང་ཅན།།
སེམས་ཁོང་ཉི་མ་གཞོན་ནུ་ཁྱེད་ཡིན་པས།།
སྐུ་ཚེ་ཡུན་དུ་མི་ནུབ་འཆར་གྱུར་ཅིག།
ཅེས་ཁྲོཾ་ལྗོངས་པ་ལྷོ་རིགས་ཤེས་ཀྱིས།
ཆོས་བརྒྱད་སོས་ཁའི་སྤྲིན་བཞིན་རྒྱངས་དུ་དོར། །
ཡོན་ཏན་ཆུ་བོའི་གཏེར་ལ་མངའ་དབང་འབྱོར། །
ཕྲག་ཏོག་མཚོན་ལ་བཟོད་པའི་ལན་མང་སྟེར། །
ཐུབ་བསྟན་མཛེས་པའི་རྒྱན་གཅིག་སྨྲ་བའི་དབང་། །
ཞེས་པ་འདི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་འཁྲུངས་སྐར་དུ་ཡེ་ཤེས་དོན་རྟོགས་ནས།
ཚུ༵ལ་མཐུན་འབད་བརྒྱས་གོ་ལའི་སྣོད་བཅུད་སྲུང་།།
ཁྲི༵མས་མཐུན་ཆོས་སྲིད་ལུགས་གཉིས་འགལ་མེད་སྐྱོང་།།
བློ༵་མཐུན་ཚེ་སྲོག་འདྲ་མཉམ་ལག་ལེན་བསྟར།།
གྲོ༵ས་མཐུན་རྡོག་རྩ་གཅིག་སྒྲིལ་ཀུན་ལ་གདམས།།
ཕ་བཟང་རྗེས་ཤུལ་ཟིན་པའི་སྙིང་སྟོབས་ཅན།།
ཚུལ་ཁྲིམས་བློ་གྲོས་འཛམ་གླིང་མཛེས་པའི་རྒྱན།།
ཞེས་པའང་བསམ་རི་བ་བསོད་ནམས་ཚེ་བརྟན་དེས་དམ་པ་ཁོང་གི་འཁྲུངས་སྐར་ལ་རང་བཞིན་བརྗོད་པའི་ལེགས་སྐྱེས་སུ་གུས་ཕུལ།2022
ཨོ་རྒྱན་པདྨའི་རྣམ་རོལ་འཇིགས་མེད་རྗེའི།།
གསང་གསུམ་ཡོན་ཏན་བྱེ་བའི་མཛོད་འཛིན་པ།།
དུས་ཀྱི་སྟོན་མཆོག་ཚུལ་ཁྲིམས་བློ་གྲོས་ཀྱི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
གསེར་ཐང་བླ་རུང་ནས་མགོན་པོ་གང་གི་སློབ་མའི་གྲལ་མཐར་འཁོད་པ་རོང་དུག་གིས་ཕུལ།
མཁྱེན་བརྩེ་ནུས་གསུམ་ཡོན་ཏན་མཚུངས་པ་མེད།།
གངས་ཅན་ཆོས་སྲིད་ཉི་ཟླའི་དབུ་འཕང་བསྟོད།།
འཛམ་བུ་གླིང་ལ་ཆོས་ཀྱི་ཆར་བ་འབེབས།།
མཁན་ཆེན་བྱང་ཆུབ་སེམས་དཔའི་འཁྲུངས་སྐར་བསུ།།
བོད་ཀྱི་ལོ་མ།
ཚུ༵ལ་འཆོས་དྲི་མས་ནག་པོར་མ་བསྒྱུར་ཞིང་། །
བསླབ་གསུམ་ཁྲི༵མས་ཀྱི་ཁ་དོག་མ་ཡལ་བར། །
ཐབས་ཤེས་ཟུང་དུ་འཇུག་པའི་མཛད་པ་རེས། །
སྐྱེ་དགུ་རྣམས་ལ་བློ༵་གྲོ༵ས་སྩོལ་མཁས་པའི། །
མཁན་ཆེན་བླ་མ་དམ་པའི་སྐུ་ཚེ་བརྟན། །
མེ་སྤྱང་གིས།
ཐུགས་བསྐྱེད་པད་དཀར་སྡོང་བོ་ལ། །
ཚུ༵ལ་ཁྲི༵མས་གཙང་མའི་ལོ་འདབ་རྒྱས། །
བློ༵་གྲོ༵ས་འབྲས་བུ་གཡུར་དུ་ཟ། །
བྱང་སེམས་ལྷ་ཡི་ལྗོན་པ་རྨད། །
མདོ་ཁྱུང་སྔོན་གྱིས།
ཁྱེད་ནི་ང་ཚོའི་ལམ་སྟོན་མཁན། །
སླབས་གསུམ་ནོར་བུའི་རྒྱན་གྱིས་སྤྲས། །
གནའ་དེངས རིགས་པའི་གཞུང་ལུགས་ལ། །
འཆད་རྩོད་རྩོམ་གསུམ་ཐོགས་པ་མེད།།
ཀཱི༔བླ་མ་མཁྱེན།
ཀུན་རྨོངས་མུན་པ་སེལ་བའི་ཉི་མ་ཡིན།།
ཞི་བསིལ་དམ་ཆོས་ཟླ་བ་དཀར་པོ་ཡིན།།
རིན་བྲལ་དགོས་འདོད་ཀུན་འབྱུང་ནོར་བུ་ཡིན།།
ཡིན་པ་གསུམ་ལྡན་མཁན་ཆེན་མཆོག་ལ་འདུད།།
ཕུག་དགོན་གྲོང་དགེ་བ་གུ་མིང་པས།
གནའ་དེང་རིག་པའི་ཤེས་བྱ་མ་ལུས་མཁྱེན། །
ཉམས་ཐག་འགྲོ་རྣམས་བརྩེ་ཆེན་སྙིང་རྗེས་བཟུང་། །
འཛམ་གླིང་ཡོངས་སུ་འགྲོ་དོན་ནུས་མཐུ་སྨིན། །
སྟོན་དང་བསྟན་པའི་བདག་པོ་གང་དེར་རྒྱལ། །
རྣམ་པར་རྒྱལ།
ཚུ༵ལ་ཁྲི༵མས་རྒྱ་མཚོ་རབ་ཏུ་རྫོགས་བྱེད་ནས། །
བློ༵་གྲོ༵ས་རྒྱ་མཚོ་རབ་ཏུ་སྒོ་འབྱེད་ཅིང་། །
སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱེད་པའི། །
རྐང་གཉིས་མཆོག་གྱུར་མཁན་ཆེན་གཙུག་ན་རྒྱན།།
གསེར་ཁྱུང་།
རྣམ་དག་ཚུ༵ལ་ཁྲི༵མས་ཕུང་པོའི་རྩ་བ་བརྟན།།
བཅུ་ཕྲག་རིག་པའི་གཏེར་ལ་བློ༵་གྲོ༵ས་རྒྱས།།
ཡོངས་རྫོགས་བསྟན་པའི་བདག་པོ་འགྲོ་བའི་མགོན།།
ཞབས་པད་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག
ཆོས་འཚོལ་ནས།
རྣམ་དག་ཚུལ་ཁྲིམས་དབྱིག་འཛིན་ཕུང་པོའི་ཁམས། །
རྣམ་གསལ་བློ་གྲོས་སྣང་བྱེད་དཀྱིལ་འཁོར་ཡངས། །
རྣམ་དཀར་འོད་བཟང་གོ་ལའི་ཁྱོན་བརྡལ་བའི། །
རྣམ་མང་འགྲོ་བའི་ཉེར་འཚོར་རྟག་འཆར་གསོལ། །
རྫོགས་ཆེན་མཁན་ཆེན་ཁྲི་བ་ཨ་ཆོས་ནས།
བཤེས་གཉེན་ཚུ༵ལ་བཟུང་ཁྲི༵མས་ལྡན་རི་བོང་འཛིན། །
ལུགས་གཉིས་མཁྱེན་པའི་བློ༵་གྲོ༵ས་མཁའ་ལྟར་ཡངས། །
སྙིགས་ལྔའི་མུན་སེལ་རྒྱལ་སྲས་སེམས་དཔའི་གཟུགས། །
ཉག་ཐག་འགྲོ་བའི་མགོན་དུ་འཚོ་བཞེས་གསོལ། །
ཨ་སྲས་ནས།
ཚུ༵ལ་ཁྲི༵མས་གསེར་གྱི་ཕྲེང་བའི་འོད་ཁྱིམ་དུ།།
བློ༵་གྲོ༵ས་རྩལ་རྫོགས་ཀུན་མཁྱེན་རྒྱལ་བ་དངོས།།
ཡབ་རྗེ་བླ་མའི་སྙིང་གི་དཔལ་བེ་འུ།།
གངས་རིའི་བཤེས་གཉེན་བླ་མའི་འཁྲུངས་སྐར་བསུ།།
མཁྱེ༵ན་པས་ཚན་རྩལ་རིག་པའི་གནད་ཀུན་གཟིགས།།
བརྩེ༵་བས་ཁམས་གསུམ་འགྲོ་ཀུན་བུ་བཞིན་སྐྱོང་།།
ནུ༵ས་པས་གཞུང་ཀུན་བགྲོད་པའི་ཐེམས་སྐས་བཙུགས།།
ཀུན་མཁྱེན་ཀུན་གཟིགས་བླ་མའི་འཁྲུངས་སྐར་བསུ།།
དབྱངས་ཅན་ཡིད་ཀྱི་འཁྲི་ཤིང་ནས་བོད་ཟླ་༡༠པའི་ཚེས་༡༥ལའོ།།
ཚུ༵ལའཆོས་སྙེམས་པའི་རྒྱ་རུ་མ་ཚུད་ཅིང་། །
ཁྲི༵མས་ལྡན་འདུས་པའི་གཙུག་གི་ཏོག་གཅིག་པུ། །
ཕྱི་ནང་ཉེར་འཚེའི་དབལ་གྱིས་མི་འཇིགས་པའི། །
བློ༵་གྲོ༵ས་མཁའ་ལྟར་ཡངས་པ་ཁྱོད་ལས་སུ། །
རིགས་ཀྱི་སྐད་ཡིག་འཆི་ཁའི་ཉེན་ལས་བསྐྱབས། །
འཇིགས་རུང་ཨེ་ཛིའི་ནད་ལ་ཉེན་བརྡ་བཏང་། །
མགོན་མེད་གཉོམ་ཆུང་སྲོག་གི་གཉེན་གཅིག་པུ། །
བྱམས་ཆེན་ཆོས་ཀྱི་ཉི་མ་ཞབས་བརྟན་གསོལ། །
འབངས་ཕྲན་དུས་ཀྱི་འོད་སྣང་གིས་དམ་པ་ཁོང་གི་འཁྲུངས་སྐར་ཏེ་༢༠༢༢བོད་ཟླ༡༠ཚེས༡༥ལ་གུས་ཕུལ།
རྣམ་དག་ཚུལ་ཁྲིམས་གསེར་གྱི་ལྷུན་པོ་བརྗིད།།
རྨད་བྱུང་བློ་གྲོས་ཉི་ཟླའི་རྣ་ཆ་མཛེས།།
དྲི་མེད་ལེགས་བཤད་འོད་སྣང་འགྲོ་ལ་འགྱེད།།
མཚུངས་མེད་དམ་པའི་སྐྱེས་བུ་ཞབས་བརྟན་གསོལ། །
གངས་བུ་རྩེ་རྒྱལ་ནས་སོ།།
བྱམས་བརྩེ་མཐོང་གྲོལ་དུང་ཟླའི་ཞལ་བཟང་ལས།།
ལུགས་གཉིས་ལེགས་བཤད་བདུད་རྩིའི་བསིལ་ཟེར་འཇོ།།
སྐྱེ་དགུའི་ཡིད་ཀྱི་སྨག་རུམ་ཡོངས་བསལ་ཏེ།།
གདོད་མའི་མགོན་པོའི་རང་ཞལ་མངོན་དུ་བྱས།།
འགྲོ་དོན་རྟག་རྒྱས་བཞེད་དོན་ལྷུན་གྲུབ་ཤོག།
༢༠༢༢ལོའི་བོད་ཟླ་༡༠པའི་ཚེས་༡༥ཉིན་མཁན་ཆེན་བླ་མའི་འཁྲུངས་སྐར་ལ་དབང་ཞགས་ནས་གུས་པས་ཕུལ།
བྱམས་བརྩེ་ཟླ་བ་ལྟ་བུའི་དཀར་སངས་སངས། །
ཤེས་རབ་ཉི་མ་འདྲ་བའི་འོད་ལམ་ལམ།།
ཐུགས་བསྐྱེད་སྐར་མ་ལྟ་བུའི་ཁྲ་ཆེམ་ཆེམ།།
འགྲོ་བའི་བསོད་ནམས་མཁའ་རུ་ཤར་བ་ཡི།།
དུས་ཆེན་དུས་དེ་དེ་རིང་ཚེས་པ་ཡིན།།
འཇིགས་མེད་སེང་གེ།
གང་སྐུ་མཇལ་ན་དྲི་མེད་སྤྲིན་དཀར་སྐྱོད།།
གསུང་ནི་བདུད་རྩིའི་ཆར་བཞིན་སྣོད་བཅུད་སྨིན།།
ཐུགས་བསྐྱེད་ཉི་ཟླའི་འཁོར་ལོ་འབར་བ་ཅན།།
བསྟན་འགྲོའི་བསོད་ནམས་གཙུག་ཏུ་བྱོན་པ་ལེགས།།
མགྲོན་པོ།
སྟོབས་ལྡན་ཐལ་ཀར་ཆིབས་སུ་བཅིབས་ཏེ་ཕ་རོལ་ཕྱིན་པའི་མཆེ་བ་ངོམ།།
མེ་ཏོག་དམར་པོའི་ཞགས་པ་བཟུང་ཞིང་སྒྱུ་མར་རོལ་པའི་ཟློས་གར་བསྒྱུར།།
ལྷུན་མཉམ་ཆེན་པོའི་རི་དབང་རྩེར་བཞུགས་ཟླ་བ་དཀར་པོའི་གཙུག་རྒྱན་འཛིན།།
སྐྲ་ལོའི་གསེང་གི་ཟིལ་ཐིགས་གཅིག་གིས་སྟོང་པའི་ཁམས་སུ་བཀྲག་མདངས་སྦར།།
གྲོག་མ།
ཀུན་ལ་ཕན་བདེའི་འོད་སྣང་རབ་སྟེར་བས།།
ཀུན་རྨོངས་མུན་པའི་སྨག་རུམ་རབ་བསལ་ཏེ།།
ཀུན་རིག་རྟ་བདུན་དབང་པོ་རབ་གསལ་བའི།།
ཀུན་གཟིགས་མཁན་ཆེན་འཁྲུངས་པར་རབ་ཏུ་སྤྲོ།
ཧོར་བན་ཀར་མིང་གིས་ཆུ་སྟག་ཟླ་༡༠ཚེས་༡༥ལའོ།།
ལྷ་ཡི་སྲས་ཞེས་ཆེ་བརྗོད་མི་སྤྲོ་དགེ་སྦྱོང་ཆོས་སྨྲ་བ།།
མཛད་པ་ཕྱག་ལས་འདྲ་མཉམ་ཅན་གྱི་སྤྱོད་པ་ཀུན་སློང་འཕགས།།
ཆོས་ཀྱི་ཁྲི་སྟེང་ངལ་གསོ་མཛད་ལ་ཆོས་བརྒྱད་དུག་བཞིན་སྤངས།།
ངེས་དོན་བྱང་ཆུབ་སེམས་དཔའ་ཞིག་གི་ཁྱད་ཆོས་ཡུལ་ལས་འདས།།
འཇུ་ལྷ་སྲས་ཀྱིས།
མཁྱེན་དཔྱོད་ཡོད་མེད་བཤད་པར་བརྒྱ་ལས་འཆད་རྩོད་བརྩོམས་པའི་གཞུང་ལ་ལྟོས།།
བྱམས་བརྩེའི་སྟོང་གི་ཐུགས་རྒྱུད་བརླན་མིན་ཚེ་སྲོག་འགོས་ནད་སྐྱོབས་ལ་ལྟོས།།
ཕན་ནུས་ལྡན་མིན་གླེང་བརྗོད་འབུམ་ལས་གོ་ལའི་མུ་ཁྱུད་བརྒལ་འདི་ལྟོས།།
ཨེ་མ་ཕྲག་དོག་མུན་པའི་ཁྲོད་ན་སྲིད་གསུམ་སྒྲོན་མེ་རྟག་བརྟན་ཤོག།།
ཕྱི་ལོ་༢༠༢༢-༡༢-༡༡་བྱང་སེམས་བདག་ཉིད་ཆེན་པོ་མཁན་ཆེན་མཆོག་གི་འཁྲུངས་སྐར་ལ། གུས་པ་བསོད་ནམས་རྣམ་རྒྱལ་ནས།
འབྲོང་རྒོད་ཁྲོས་པའི་ངར་ལྷབ་རེ་རེས་སྙིང་རྗེ་འབར་བའི་ཁ་རླངས་དང་བཅས་ས་ཆེན་མཚོ་མོ་ཡོམ་ཡོམ་གཡོ།།
ཁྱུང་ཆེན་ལྡིང་བའི་གཤོག་རྩལ་རེ་རེས་ཐབས་ཤེས་བསྐྱོད་པའི་ཉི་ཟླ་དང་བཅས་མཁའ་མཐའི་རྒྱ་ཁྱོན་རླབས་ཀྱིས་འཇལ།།
དཔྱིད་རླུང་ལྡང་བའི་མེ་དྲོད་རེ་རེས་དབྱར་རྔ་བསུ་བའི་གྲེ་འགྱུར་དང་བཅས་ངག་གི་མེ་ཏོག་ཡང་ཡང་འགོད།།
ཁ་དོག་བཀྲ་བའི་འདབ་མ་རེ་རེས་རྩི་བཅུད་འཛིན་པའི་བྲེལ་བ་དང་བཅས་དབྱར་གྱི་དཔལ་ཡོན་ཞིང་འདིར་དྲངས།།
སྤྱང་ཚ།
དུས་སྙིགས་མའི་བསྐལ་བ་མར་འགྲིབ་ལ།།
སྐྱབས་འཁོར་ལོའི་མགོན་པོས་སྤྲུལ་བའི་གར།།
གོས་ངུར་སྨྲིགས་བསྟན་པའི་དེད་དཔོན་མཆོག།
རྗེ་ཚུལ་ཁྲིམས་བློ་གྲོས་ཞབས་ལ་འདུད།།
རིས་མེད་ཀྱི་བསྟན་པ་དར་བ་དང་།།
མཐའ་མེད་ཀྱི་འགྲོ་རྣམས་བདེ་བར་སྨོན།།
འཇའ་ཁོ་ནས།
མཁྱེན་པས་གནའ་དེང་རིག་པའི་གསང་བ་ཕྱེས།།
བརྩེ་བས་ཉམ་ཐག་སྐྱེ་འགྲོའི་མགོན་དུ་བཞེངས།།
ནུས་པས་གངས་རིའི་རིགས་ཀྱི་བླ་སྲོག་སྲུང་།།
ཉེར་གཅིག་རིགས་པའི་དཔའ་བོ་བདག་གི་མགོན།།
མཁྱེན་རབ་ཟླ་བས།
རྫུན་དང་བཅོས་མའི་ཚིག་མེད་ཚུ༵ལ་བཞིན་གཏམ། །
སྨྲ་ལ་ཟླ་བྲལ་ཁྲི༵མས་ལྡན་དགེ་སྦྱོང་ཁྱེད། །
གང་ལ་ཐོགས་མེད་བློ༵་གྲོ༵ས་མཚུངས་པ་མེད། །
ཐུབ་བསྟན་གསལ་བའི་སྒྲོན་མེའི་འཁྲུངས་སྐར་བསུ། །
འགོང་པོ་སྙིང་ལ་ཞུགས་པ་ལོག་སྨྲའི་སྡེས། །
ཚིག་ངན་མདའ་ཆར་འཕངས་པ་གྲངས་མེད་ཀྱང༌། །
རྨད་བྱུང་གསང་གསུམ་ཡེ་ཤེས་དཀྱིལ་འཁོར་ཆེ། ། །
ལྷུན་པོ་ལྟར་བཞུགས་དཔའ་བོའི་འཁྲུངས་སྐར་བསུ། །
དགྱེས་པའི་འཛུམ་ཞལ་མཛེས་པའི་པད་དཀར་དངོས། །
བརྩེ་བའི་གསུང་བཟང་མཚོ་བྱུང་ལྷ་མོའི་དབྱངས། །
ལྷག་པའི་མཛད་པ་རྒྱལ་སྲས་འཇམ་པའི་དབྱངས། །
གངས་རིའི་མཛེས་རྒྱན་མཛངས་པའི་འཁྲུངས་སྐར་བསུ། །
ལྷོ་ཙན་དན་དཀར་པོ་ནས་ཕུལ།
ལྟ་བ་ཀློང་ཆེན་སྒོམ་པ་འཇིགས་མེད་གླིང་།
སྤྱོད་པ་རྒྱལ་བའི་མྱུ་གུ་ཉིད་དང་མཚུངས་།
རིས་མེད་དཔལ་སྤྲུལ་ལུགས་གཉིས་མི་ཕམ་དང་།
གཉིས་མེད་མཁན་ཆེན་བླ་མའི་འཁྲུངས་སྐར་བསུ།
མགར་ཆོས་དོན་ནས།
འཛུམ་ཞལ་བཅོ་ལྔའི་ཟླ་བ་ལ༎
ཤེས་རིག་སྐར་ཚོགས་འོད་ཟེར་འཕྲོས༎
ལྷོ་གླིང་མུན་པ་མཐའ་ནས་བསལ༎
ཁྱེད་ནི་གངས་རིའི་མགོན་པོ་དངོས༎
འཁྲུངས་པ་འགྲོ་བའི་བསོད་ནམས་ཡིན༎
བཞུགས་པ་བསྟན་པའི་རྒྱན་གཅིག་ཡིན༎
སྲིད་པ་འཇིག་རྟེན་མ་གཏོང་བར༎
གཡོ་མེད་བཞུགས་པར་གསོལ་བ་འདེབས༎
གངས་ལྗོངས་སྨྲ་བའི་དབང་ཕྱུག་འཁྲུངས་སྐར་བསུ།
དྷཱིཿམུན་སེལ།
ཐུགས་བསྐྱེད་གདུ༵གས་དཀར་བླ་ན་མཐོ་ཞིང་ཚུ༵ལ་ཁྲི༵མས་པདྨ༵འི་རྩ་བ་བརྟན། །
བློ༵་གྲོ༵ས་གས༵ར་ཉ༵འི་གཤོག་རྩལ་མ་ཞན་གནའ་དེངས་རིག་པའི་གཏེར་བུ༵མ་སྦྲུམ། །
གཟུངས་སྤོབས་དཔ༵ལ་བེ༵འུ་རེ་ཁ་རྣམ་བཀྲ་ཆོས་ཀྱི་རྒྱ༵ལ་མཚ༵ན་བསྒྲེངས་ལ་དཔའ། །
མཛད་འཕྲིན་དུ༵ང་གི་སྒྲ་དབྱངས་སྙན་མོ་འཛིན་མའི་འཁོ༵ར་ལོ༵འི་སྤོ་ལ་རེག །
མདོ་ཁྱུང་སྔོན་གྱིས།
ཐུབ་བསྟན་ཡོངས་འདུས་དཔག་བསམ་ལྗོན་ཤིང་མི་ནུབ་འཛིན་སྐྱོང་སྤེལ་བའི་གཉེན། །
མཁས་བཙུན་བཟང་པོའི་དཔལ་གྱིས་ཕྱུག་པའི་བསིལ་ལྗོངས་འཛིན་མ་མཛེས་པའི་ཏོག །
རིགས་ཀྱི་བདག་པོ་ཆོས་རྗེ་བླ་མའི་མཛད་འཕྲིན་ཁ་ལོ་བསྒྱུར་བའི་འཕྲུལ། །
ཕྲིན་ལས་འོད་ཀྱིས་ས་གསུམ་ཁྱབ་ནས་སྐྱེ་རྒུའི་དཔལ་དུ་རྟག་བརྟན་ཤོག །
གུས་སློབ་རྣོ་ཟེར་ནས་ཕུལ།
རྨད་བྱུང་ཚུ༵ལ་ཁྲི༵མས་བཟང་པོའི་རྒྱན་བཟང་འཆང་།།
རྒྱ་ཆེན་ཤེས་བྱའི་གནས་ལ་བློ༵་གྲོ༵ས་རྫོགས།།
མཐའ་མེད་འགྲོ་བའི་གཉེན་གཅིག་ཤཱཀྱའི་སྲས།།
མཚན་དཔེའི་དཀྱིལ་འཁོར་ཤར་བའི་དུས་བཟང་ཚེས།།
བོད་ཟླ ༡༠ ཡར་ཚེས ༡༥ ཉིན་ཤར་རལ་གྲི་འམ་བསོད་རྒྱལ་ནས་ཕུལ།
རྨད་བྱུང་ཚུལ་ཁྲིམས་དྲི་ངད་ལྡང་བ་ཡི།།
བློ་གྲོས་མཚན་དཔེའི་འདབ་སྟོང་བཞད་པའི་མགོན།།
སྲིད་གསུམ་སྐྱེད་ཚལ་གང་དུ་བཞད་གྱུར་ཀྱང་།།
མོས་ལྡན་བུང་བའི་ཚོགས་བཞིན་འདུས་པ་མཚར། །
གྲ་ནང་འ་བུ།
གནའ་དེང་རིག་པའི་གསང་ལམ་སྣང་བའི་གཉེན། །
དུས་སུ་སྨིན་པའི་དྲི་བྲལ་དགེ་བའི་བཤེས། །
མཐོང་གྲོལ་མཚན་དཔེའི་དཀྱིལ་འཁོར་མི་མཐུན་མེད། །
བདག་གི་མགོན་དུ་ཐོབ་པ་བསོད་ནམས་ཆེ། །
དམ་པའི་ནོར་གྱིས་ཕྱུག་པའི་མཛད་བཟང་རེས། །
མཐའ་མེད་བསྟན་འགྲོར་སྨིན་པའི་ཁུར་ཆེན་གཟུགས། །
མངོན་སུམ་ཡུལ་དུ་སྣང་བའི་ངོ་མཚར་ཀུན། །
ནམ་ཡང་གཡོ་མེད་སྲིད་མཐར་རྟག་བརྟན་སྨོན། །
༧མཁན་ཆེན་བླ་མའི་འཁྲུངས་སྐར་ཉིན་གུས་སློབ་དྷཱི་དམར་པས།
ཐབས་ཤེས་མཆོག་འཆང་གཤོག་ཟུང་ཡངས་པོ་ཡིས། །
ལྷོ་གླིང་འཛིན་མའི་ཁྱོན་ཀུན་གློག་བཞིན་འཁྱུག །
མཁྱེན་བརྩེ་འཇམ་སྤྱན་རྗེས་འགྲོ་སྣང་གསལ་ལྷ། །
སྐུ་ཚེ་ཉི་ཟླ་མཉམ་ཕྱིར་འཁྲུངས་སྐར་བསུ། །
ཞེས་པའང་ཤར་ཀོང་ཡུལ་ལྗོན་པ་ལུང་ནས ༧ མཁན་ཆེན་བླ་མའི་འཁྲུངས་སྐར་ཉིན་ཨ་བྷེ་བཛྲ་ནས་སོ།།
ཉེར་གཅིག་དུས་རབས་གསར་བའི་མདུན་ལམ་ན།།
ལུགས་གཉིས་བླང་དོར་ལྟ་བའི་མིག་ཟུང་ནི།།
གྲངས་མེད་འགྲོ་ལ་སྩོལ་བའི་སྦྱིན་བདག་ཆེ།།
ཁྱོད་འཁྲུངས་དོན་དང་ལྡན་ནོ་ཤཱི་ལའི་མཚན།།
གུས་སེང་མིང་པས།
ཚུལ༵་མིན་རིང་དུ་དོར་བའི་མཛད་སྤྱོད་ལ། །
ངང་བཟང་ཁྲིམས༵་ཀྱི་རྩ་བ་རབ་ཏུ་བརྟན། །
བློ༵་གྲོས༵་མཆོག་གིས་འགྲོ་ལ་ཆོས་སྟོན་པའི། །
བྱངས་སེམས་བདག་ཉིད་ཆེན་པོའི་འཁྲུངས་སྐར་བསུ། །
དཔལ་གྱི་སྙེ་མ།
ཚུ༵ལ་ཁྲི༵མས་ལྗོན་པའི་འཁྲི་ཤིང་རྩེ་ལ་བློ༵་གྲོ༵ས་སྤོབས་པའི་ལོ་འདབ་རྫོགས།།
ལུགས་གཉིས་མཛད་པའི་སྒོ་མོ་དག་ནི་ལ་ཁའི་དཀར་པོ་ཆིག་ཐུབ་ཞིག།
འཚོ་བ་དངོས་ནི་གྲྭ་རྐྱང་ཞིག་སྟེ་གཞན་དོན་རྐྱང་པའི་གཟེབ་ཏུ་བྲེལ།།
གངས་རིའི་བསོད་ནམས་མེ་སྟག་འདྲ་དེའི་བསྐལ་བརྒྱའི་བར་ཏུ་འཆུན་པར་སྨོན།།
བོད་རབ་རྒྱན་ཆུ་སྟག་ལོའི་སྨིན་དྲུག་ཟླ་བའི་ཚེས ༡༥ ཉིན་མོར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་འཁྲུངས་སྐར་ལ་མགོ་ལོག་པ་བྱང་ལི་ཁྲི་ཡིས་གུས་ཕུལ།
མདོ་སྔགས་རིག་པའི་ཚུ༵ལ་ལ་མཁྱེ༵ན་རྒྱ་ཡངས།།
སོར་བྱང་སྔགས་ཀྱི་ཁྲི༵མས་གཙང་བརྩེ༵་ཆེན་ཁྱེད།།
གདུལ་བྱ་འདུལ་ཐབས་བློ༵་ཡི་ནུ༵ས་པ་རྒྱས།
མཁས་བླུན་མགྲིན་གཅིག་གྲོ༵ས་མཐུན་ཀུ༵ན་མཁྱེ༵ན་ལགས།།
འཇིགས་མེད་སྟོབས་རྒྱལ་ནས་གུས་ཕུལ།
ཆོས་རྗེ་བླ་མའི་བཀའ་ལུང་ཚུལ་བཞིན་བསྟེན།།
ལུགས་གཉིས་ཁྲིམས་ཀྱི་སྨྲ་བའི་དབང་འབྱོར་བ།།
བསྟན་འགྲོ་རྒུད་པར་སེལ་མཛད་བློ་གྲོས་ཅན།།
སྐུ་ཚེ་སྐལ་བརྒྱའི་བར་དུ་འཁྲུངས་སྐར་བསུ།།
ཉག་ཐོ་ཡོར་རམ་དམ་ཆོས་འོད་ཟེར་གྱིས་གུས་ཕུལ།
ཡོན་ཏན་ལེགས་ཚོགས་བྱེ་བའི་ཚུལ་འཆང་སྟེ།།
གཙུག་ལག་གསེར་གྱི་སྒོ་མོ་རབ་ཡངས་པའི།།
བཤེས་གཉེན་དམ་པ་ཡོན་ཏན་ཀུན་རྫོགས་པ།།
ཟླ་བྲལ་སྨྲ་བའི་དབང་པོའི་འཁྲུངས་སྐར་བསུ།།
དབལ་ཚས་གུས་ཕུལ།
དུས་རབས་གསར་བའི་སྟོན་པ་འགྲོ་བའི་མགོན།།
ཤར་ནུབ་རྒྱ་མཚོའི་རྐང་གཉིས་ཡིད་སྨོན་ཤོར།།
ཕྱི་གཙང་ནང་གཙང་པདྨའི་སྦུབ་ལྟར་གཙང་།།
ཀུན་མཁྱེན་གཉིས་པའི་བསྟན་པ་རྒྱས་གྱུར་ཅིག།
ཅེས་ཉི་མ་ནུབ་ཕྱོགས་ཀྱིས་ཡུལ་ནས་རྒྱལ་ཁམས་པ་རིག་འཛིན་གྲུབ་པ་མཐར་ཕྱིན་ནས་འཁྲུངས་སྐར་ལ་ཕུལ་བའོ།།
མདོ་སྔགས་ཆོས་ཀྱི་ང་རོ་རྟག་སྒྲོག་པ།།
གནའ་དེང་རིག་པའི་གཡུལ་རལ་ཡོངས་སུ་རྒྱས།།
ཤར་ནུབ་མཁས་པའི་དབུས་ན་མངོན་བརྗིད་པ།།
གངས་རིའི་མིག་གཅིག་གངས་ཀྱི་སེང་གེ་གང་།།
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་མཐར་རྒྱས་ཤོག།།
ཁྲོཾ་རྒྱལ་སྲས།
འཕྲིན་སྟེགས་འདི་རུ་སྔ་འགྱུར་གྱི་མཁས་གྲུབ་སྐྱེས་ཆེན་དག་གི་གསུང་དང་། སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ།དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད་སོགས་ཆེད་སྤེལ་བྱེད་བཞིན་ཡོད་པས་གསན་གཟིགས་གནང་བར་དགའ་བསུ་ཞུ།