查看原文
其他

羊兄乐园有声读物:尼曲桑布故事-骡子的筹码-江村平措

2015-05-03 羊兄乐园有声读物 羊兄乐园

ཉན་སའི་དྲ་གནས།

http://www.tibetsheep.com/archives/434

དྲེལ་གྱི་སྐྱིན་ཚབ།

སྣེ་གདོང་རྒྱལ་པོས་ཉི་ཆོས་བཟང་པོ་ལམ་ཐག་ལེ་དབར་བརྒྱའི་སར་དོན་དག་གལ་ཆེན་ཞིག་བྱེད་པར་བཏང་ནས་ཉིན་དེ་རང་ལ་ཕྱིར་ལོག་ཐུབ་པ་བྱེད་དགོས་ཞེས་བཤད།

ཉི་ཆོས་བཟང་པོས་དེ་ནི་ཆེད་མངགས་མི་ལ་དཀའ་ལས་ཁག་པོ་བཟོས་པ་ཞིག་རེད་སྙམ་ནས་“རྒྱལ་པོ་རིན་པོ་ཆེ། ཁྱེད་ཀྱིས་མཁྱེན་གསལ་ལྟར་ང་ཡི་རྐང་པ་ནད་པ་ཡིན་པས་རྐང་པ་ཐང་ཐང་གིས་ཀྱང་ལམ་ཐག་རིང་པོ་དེ་འདྲ་ནས་ཉིན་ལོག་བྱེད་ཐུབ་ཁག་པོ་རེད་”ཅེས་ཞུས་པར།

རྒྱལ་པོ་ཤིན་ཏུ་ཁྲོས་ནས་“ལམ་ཐག་ཇི་ལྟར་རིང་ཡང་གང་ལྟར་ཉིན་ལོག་ཐུབ་པ་བྱེད་དགོས་”ཞེས་བཙན་བཀའ་ཕབ།

དེས་ན་ཉི་ཆོས་བཟང་པོས་“ལགས་སོ། ལགས་སོ། ”ཞེས་ཞུས་ནས་སེམས་ནང་སྟ་རེ་རྡོ་ལ་བཞུས་ན་སྐུ་གྱོང་ལྕགས་ལ་ཕོག་ཟེར་བའི་དཔེ་ལྟར་རེད་བསམས་ནས་ད་རེས་ཡང་བསྐྱར་སེམས་གནག་ཅིག་བྱ་རྒྱུའི་ཐབས་ཤེས་ཤིག་བསམ་བློ་བཏང་། དེ་ནས་ཉི་ཆོས་བཟང་པོས་རྒྱལ་པོར་“གལ་ཏེ་ཡིན་གཅིག་མིན་གཅིག་ང་འགྲོ་དགོས་ན་རྒྱལ་པོའི་ཆིབས་དྲེལ་དེ་ང་ལ་གཡར་རོགས་གནང་། དེ་འདྲ་བྱས་ན་རྒྱལ་པོའི་སྐུ་དོན་ལ་སྐྱོན་ཡོང་གི་མ་རེད་”ཅེས་ཞུས།

རྒྱལ་པོས་རྣམ་ཀུན་བཞོན་དྲེལ་དེར་སྲོག་ལསགཅེས་པ་བྱེད་ཀྱི་ཡོད་ཀྱང་ད་ལམ་དོན་དག་གལ་ཆེ་བས་བཞོན་དྲེལ་དེ་ཉི་ཆོས་བཟང་པོར་མི་གཡར་ཀ་མེད་བྱུང་སྟེ་ཉི་ཆོས་བཟང་པོར་“བཞོན་དྲེལ་ཁྱོད་ལ་གཡར་ཆོག འོན་ཀྱང་རྐུ་ལ་ཤོར་བའམ་བོར་བརླག་སོང་ན་མི་འགྲིག་”ཅེས་བཤད།

ཉི་ཆོས་བཟང་པོས་“རྒྱལ་པོ་རིན་པོ་ཆེ། གལ་ཏེ་རྐུ་ལ་ཤོར་བའམ་བོར་བརླག་ཏུ་སོང་ན་ཇི་ལྟར་བྱེད་དགོས་སམ་”ཞེས་དྲིས་པར།

རྒྱལ་པོས་“རྐུ་ལ་ཤོར་བའམ་བོར་བརླག་ཏུ་ཤོང་ན་ངེས་པར་དུ་སྐྱིན་ཚབ་སྤྲོད་དགོས་པ་མ་ཟད། དེ་བས་རྩ་འགངས་ཆེ་བའི་དངོས་པོ་སྐྱིན་ཚབ་ཏུ་སྤྲོད་དགོས་”ཞེས་བཤད།

ཉི་ཆོས་བཟང་པོས་“ལགས་སོ་”ཞེས་ཞུས་ནས་དྲེལ་བཞོན་ཏེ་དོན་དག་སྒྲུབ་པར་ཐོན།ཕྱིར་ལོག་ཡོང་བའི་ལམ་བར་ཆུ་བོ་ཞིག་བརྒལ་རྗེས་བཞོན་དྲེལ་དེ་མི་གཞན་ལ་བཙོངས་ནས་རིན་འབབ་རྣམས་རང་ཉིད་ཀྱིས་ལྐོག་ཉར་བྱས།

ཕྱིར་ལོག་ཡོང་སྐབས་ས་རུབ་ཟིན་ཞིང་། ཉི་ཆོས་བཟང་པོས་རང་ཉིད་ཀྱི་གྱོན་པ་རྣམས་ཆུ་ལ་ཆེད་མངགས་སྦངས་ནས་གྱོན་ཏེ་ཆུ་རལ་འཛར་འཛར་ལ་རྒྱལ་པོའི་དྲུང་དུ་བཅར།

རྒྱལ་པོས་ཉི་ཆོས་བཟང་པོ་སླེབས་པ་མཐོང་འཕྲལ་“བཞོན་དྲེལ་གང་དུ་ཡོད་”ཅེས་དྲིས་པར།

ཉི་ཆོས་བཟང་པོས་གོས་ཀྱི་ཆུ་འཚིར་བཞིན་པར་“ལམ་བར་ཆུ་བོ་བརྒལ་དགོས་པར་ཚུར་ལམ་ཆུ་རྒལ་སྐབས་ཆུའི་དཀྱིལ་དུ་བཞོན་དྲེལ་ཚིགས་བུབ་ལོག་ནས་ང་ཆུ་ནང་དུ་ཟགས་པ་དང་བཞོན་དྲེལ་ཆུས་ཁྱེར་ནས་འཇུ་ཐབས་མ་བྱུང་། སྟབས་ལེགས་པ་ཞིག་ལ་ང་རང་ཆུས་མ་ཁྱེར་ཙམ་བྱུང་”ཞེས་ཞུས།

རྒྱལ་པོ་ཁོང་ཁྲོ་ལངས་ནས་སྐད་ཤུགས་ཆེན་པོས་“ཁ་ཚུམས་ཤིག། ཁྱོད་ཀྱིས་མ་རུང་བ་ཞིག་བྱས་པ་ཐག་གིས་ཆོད་”ཅེས་བཤད་པར།

ཉི་ཆོས་བཟང་པོས་“ཨ་ཙི། རྒྱལ་པོ་རིན་པོ་ཆེ། བཞོན་དྲེལ་ཆུ་རབ་རྒྱག་སྐབས་ཚིགས་བུབ་ལོག་སྟེ་ཆུས་འཁྱེར་བ་ལས་ང་ལ་ལན་ཁག་གང་ཡང་མེད་”ཅེས་བཤད།

དེས་ན་རྒྱལ་པོའི་བསམ་པར་དེ་རང་རེད། ཉི་ཆོས་བཟང་པོར་ལན་ཁག་མི་འདུག འོན་ཀྱང་རྩིས་མ་བརྒྱབ་པར་རང་དགར་བཞག་ན་མི་འགྲིག་བསམས་ནས་ཉི་ཆོས་བཟང་པོར་“གང་ལྟར་གང་འདྲ་བཤད་ཀྱང་རུང་ཁྱོད་ཀྱིས་དྲེལ་གྱི་སྐྱིན་ཚབ་སྤྲོད་དགོས་པ་དེ་སྔ་ས་ནས་ཁ་དན་ཡོད་”ཅེས་བཤད།

ཉི་ཆོས་བཟང་པོས་“ལགས་སོ། རྒྱལ་པོ་རིན་པོ་ཆེ་”ཞེས་ཞུས་ནས་རང་ཁྱིམ་དུ་ལོག་རྗེས་གནས་ཚུལ་རྣམས་རང་གི་ཕ་ལ་བཤད་ནས་ཐབས་གྲོས་བྱས།

དེའི་ཕྱི་ཉིན་རྒྱལ་པོ་འཆམ་འཆམ་བྱེད་པར་ཕྱི་ལ་འགྲོ་སྐབས་མགོ་བོ་དུང་ལྟར་དཀར་བའི་རྒད་པོ་ཞིག་གིས་ལུས་སྟོབས་རྒྱས་པའི་གཞོན་པ་ཞིག་སྒལ་པར་ཁུར་ནས་ཡོང་བ་མཐོང་། ཞིབ་པར་ལྟ་ལྐབས་དེ་ནི་ཉི་ཆོས་བཟང་པོའི་པ་ཕས་ཉི་ཆོས་བཟང་པོ་སྒལ་པར་ཁུར་ཡོང་བ་ཤེས། རྒྱལ་པོ་ཁོང་ཁྲོ་ལངས་ནས་“གུས་ཞབས་མེད་པའི་ལས་ཀ་དེ་འདྲ་གང་རེད་”ཅེས་གཤེ་གཤེ་བཏང་།

ཉི་ཆོས་བཟང་པོས་དལ་པོའི་ངང་“ང་རྐང་པ་ན་བས་ཕས་སྒལ་པར་ཁྱེར་ནས་སྨན་པ་ཞིག་འཚོལ་བར་འགྲོ་རྩིས་ཡོད་”ཅེས་བཤད།

རྒྱལ་པོས་མིག་འབུར་ཚུགས་སུ་བལྟས་ནས་“གང་བྱུང་མང་བྱུང་མ་ཤོད། འཛམ་གླིང་ཐོག་དངོས་པོ་ཁྲི་སྟོང་མང་པོ་ཡོད་ཀྱང་རྩ་བ་ཆེ་ཤོས་ནི་པ་ཕ་ཡིན། རྐང་པ་ན་རུང་དེ་འདྲ་བྱས་ན་ག་ལ་འགྲིག་”ཅེས་བཤད།

ཉི་ཆོས་བཟང་པོས་“རྒྱལ་པོ་རིན་པོ་ཆེ་ཐུགས་བདེན། ཐུགས་བདེན་”ཞེས་བཤད་ནས་པ་ཕའི་སྒལ་པ་ནས་མར་བབས་ཏེ་མཉམ་དུ་སོང་།

དེའི་ཕྱི་ཉིན་ཉི་ཆོས་བཟང་པོས་བོང་བུ་ཞིག་ཁྲིད་ནས་རྒྱལ་པོའི་སར་ཡོང་སྐབས་རྒྱལ་པོས་“ཁྱོད་ཀྱིས་བོང་བུ་ཁྲིད་ཡོང་ནས་གང་བྱ་རྒྱུ་ཡིན་ནམ་”ཞེས་དྲིས་པར།

ཉི་ཆོས་བཟང་པོས་“རྒྱལ་པོའི་བཞོན་དྲེལ་གྱི་སྐྱིན་ཚབ་འབུལ་བར་ཡོང་བ་ཡིན་”ཞེས་ཞུས།

རྒྱལ་པོས་སླར་ཡང་ཁོང་ཁྲོ་ལངས་ནས་“ཁྱོད་ཀྱིས་གང་ཤོད་ཀྱི་ཡོད་དམ་”ཞེས་དྲིས།

ཉི་ཆོས་བཟང་པོས་“རྒྱལ་པོས་ང་ལ་བཞོན་དྲེལ་ལས་ཀྱང་རྩ་འགངས་ཆེ་བའི་དངོས་པོ་ཞིག་སྐྱིན་ཚབ་སྤྲོད་དགོས་གསུངས་བྱུང་། ང་ཡིས་བསམ་བློ་ཡང་ཡང་བཏང་མཐར་དྲེལ་ལས་རྩ་བ་ཆེ་བ་ནི་བོང་བུ་རེད་འདུག གང་ལགས་ཟེར་ན། བོང་བུ་ནི་དྲེལ་གྱི་པ་ཕ་རེད། རྒྱལ་པོས་གསུངས་པ་ལྟར་འཇིག་རྟེན་ཐོག་དངོས་པོ་ཁྲི་སྟོང་མང་པོ་ཡོད་ཀྱང་རྩ་བ་ཆེ་ཤོས་ནི་པ་ཕ་རེད། ངས་བོང་བུ་འདི་དྲེལ་གྱི་སྐྱིན་ཚབ་ཏུ་ཕུལ་ན་ཡག་ཤོས་རེད་བསམ་གྱི་འདུག་རྒྱལ་པོ་རིན་པོ་ཆེ། ཞལ་དན་ཚིག་ལ་གནས་པ་གནང་རོགས་གནང་”ཞེས་ཞུས་པར།

རྒྱལ་པོ་གང་ཤོད་འདི་ཤོད་མེད་པར་གྱུར་ཏེ་བོང་བུ་དེ་མ་ལེན་ཐབས་མེད་བྱུང་།


མཆོད་བསུང་གླིང་། ཁ་བའི་སྟོན་མོ།

བོད་ཟས་ཞིམ་པོ་དང་ཕྱི་ཟས་ཞིམ་པོ་ཡང་ཡོད། ལྷ་སར་ཡོད་པའི་གྲོགས་པོ་གྲོགས་མོ་ལྷན་རྒྱས་ནས་ཞལ་ལག་མཆོད་པར་ཕེབས་ཤོག ལུས་པོའི་དཀའ་ལས་སེལ་ལ་སེམས་ལ་བདེ་བ་ཞིག་ཀྱང་སླེབས་སྲིད།

地址:拉萨色拉路扎细西路圣美佳超市旁

松林藏家宴

联系电话;0891637000,13658999992

您可能也对以下帖子感兴趣

文章有问题?点此查看未经处理的缓存