其他

དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱི་ལོ་གསར་ཤིས་ཚིག

2017-02-26 格西江罗 羊兄乐园

ལོ་གསར་ཤིས་ཚིག

སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས།

རྒྱལ་ཕྱི་ནང་འཛམ་གླིང་གི་ཡུལ་གྲུ་ཀུན་ན་བཞུགས་པའི་མགོ་ནག་བོད་པ་ཚང་གི་རིགས་སུ་གཏོགས་པའི་ཤ་རུས་ཁྲག་རྒྱུད་གཅིག་པའི་སྤུན་ཟླ་ཐམས་ཅད་ལ། རབ་གནས་མེ་སྤྲེལ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་གྱི་གོ་སྐབས་འདི་བརྒྱུད་དེ། ལོ་འདིའི་ནང་དུ་ཁྱེད་རྣམ་པའི་འཕྲལ་ཡུན་གྱི་ལེགས་ཚོགས་ཐམས་ཅད་ཡར་ཟླའི་དཔལ་ལ་འགྲན་པའི་སྨོན་འདུན་དང་། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

དང་པོ། དེ་ཡང་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོ་(༢༠༡༧ལོ།)གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་མངོན་དུ་གྱུར་པའི་དུས་ཚིགས་བཟང་པོ་འདི་བརྒྱུད་དེ་ལོ་འདིའི་ནང་དུ་བོད་ཆོས་ལྡན་ཞིང་གི་ཡོངས་རྫོགས་བསྟན་པའི་མངའ་བདག་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སོགས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་ལྷུན་པོའི་རི་ལྟར་བརྟན་ཅིང་། རྣམ་དཀར་མཛད་འཕྲིན་ཀྱི་འོད་སྣང་ཡོངས་པའི་ཁྱོན་ཀུན་ལ་ཁྱབ་པ་དང་། རིས་སུ་མ་མཆིས་པའི་དགེ་འདུན་གྱི་སྡེ་རྣམས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བས་དུས་འདའ་ཞིང་། མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་བརྟན་པོ་ཚུགས་ཐུབ་པའི་སྨོན་འདུན་ཞུ།

གཉིས་པ། རང་ཅག་བོད་གཞིས་བྱེས་ཀུན་ཏུ་བཞུགས་པའི་སེར་སྐྱ་དམངས་ཚོགས་རྒན་དར་གཞོན་བྱིས་ཀུན་ཆོས་དང་རིག་གཞུང་ལས་བྱུང་བའི་ཡ་རབས་བཟང་སྤྱོད་ཀྱི་ལམ་ལ་ཞུགས་ཏེ་ཚེ་འདི་ཕྱིའི་དོན་དུ་ཕྱོགས་གང་ལ་འབད་འབུངས་བྱེད་བཞིན་པའི་ཆོས་མཐུན་གྱི་བྱ་གཞག་ཐམས་ཅད་གེགས་མེད་ལམ་ལྷོང་ངང་ཡིད་བསམ་ལྟར་འགྲུབ་པ་དང་། གཙོ་བོ་ནི། རང་ཅག་ཚོའི་མགོན་བཤེས་གཉེན་དམ་པ་རྣམས་ཀྱི་ལམ་སྟོན་ལྟར་རང་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེད་པ་དང་སྐྱེས་པ་མི་ཉམས་པ་ཞིག་གི་ཐོག་ནས་རྒྱལ་ཁམས་འཁྲུངས་སློང་གིས་བརླག་ཀྱང་རང་སེམས་བདེ་སྐྱིད་ཀྱིས་འཚོ་ཐུབ་པ་ཞིག་ཡོང་བ་དང་། མདོར་ན་ནང་སེམས་ཀྱི་བཟང་སྤྱོད་མ་དོར་བའི་ཐོག་ནས་མི་ཚེ་དོན་ལྡན་ཞིག་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།གསུམ་པ། རང་ཅག་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་འདི་དག་ཡར་རྒྱས་གོང་འཕེལ་རྒྱུན་གནས་ཀྱི་སོན་རྩ་ཤེས་རིག་གི་མེ་ཏོག་གསར་དུ་འབུས་བཞིན་པའི་གཞུང་ཆེན་སློབ་གཉེར་བྱེད་བཞིན་པའི་རྩོད་གྲྭ་དང་བཤད་གྲྭ་ཁག་གི་གྲྭ་བློ་གསལ་བ་རྣམས་དང་།

སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ཡིན་པས་ལོ་གསར་བའི་ནང་དུ་ཁྱེད་རྣམ་པས་འཛམ་གླིང་ཤེས་རིག་གི་བང་མཛོད་ནས་རང་རང་གི་དགོས་འདོད་ནོར་བུ་རིན་པོ་ཆེ་ཅི་དགར་ལོན་ཏེ་མ་འོངས་ཆོས་དང་རིག་གཞུང་གི་རྐང་འཛིན་རྒྱུན་སྐྱོང་བ་ཤ་སྟག་ཡོང་བའི་སྨོན་འདུན་ཞུ།

ཞར་བྱུང་གི་སྐད་ཆ་འགའ་ཞིག་ཞུ་བ། དེ་ཡང་ལོ་གསར་བའི་སྐབས་དང་བསྟུན་ཏེ་ཟས་གོས་དང་རྩེད་མོ་སྣ་ཚོགས་ཤིག་བྱེད་རྒྱུའི་སྟ་གོན་བྱེད་བཞིན་འདུག་ལ་འཚོ་བ་ཡར་རྒྱས་ཀྱི་སྐབས་སུ་སླེབས་ཡོད་པས་བདེ་སྐྱིད་ལ་རོལ་བ་ཤིན་ཏུ་ནས་འོས།

འོན་ཀྱང་འཚོ་བ་སྤྱོད་སྟངས་ཀྱི་ཆ་ནས་རང་གི་གཟུགས་པོའི་འཕྲོད་བསྟེན་སོགས་ལ་ངེས་པར་གཟབ་དགོས་པ་ཡིན། གཅིག །ཉིན་ཁ་ཤས་ཀྱི་ལྕེའི་དྲོ་བའི་ཆེད་དུ་ཚེ་གཅིག་ལ་དགོས་པའི་གཟུགས་པོ་འཕྲོ་བརླག་ལ་གཏོང་མི་རུང་། གཉིས། ཤོ་རྒྱག་རྩེད་མོ་དང་རྒྱན་འཇོག་སྣ་ཚོགས་ཤིག་བྱས་ཏེ་ལོ་གསར་ཚར་བ་དང་ཁྱིམ་ཚང་ཚར་བ་དུས་མཉམ་བྱེད་མི་རུང་། གསུམ། ལོ་གསར་བའི་སྐབས་སུ་ནང་མི་མཉམ་འཛོམས་ཀྱི་དུས་ཚོད་ཡག་ཤོས་དེ་རེད། དེའི་སྐབས་སུ་ཆང་ཨ་རག་ཚོད་མེད་བཏུང་སྟེ་ར་བཟི་སོགས་ཀྱི་སྒོ་ནས་གྲོགས་པོ་དང་འཁོན་ཁྱིམ་འཚེས་དང་འཁྲུགས་ནང་མི་དང་འགལ་ནས་ལོ་གསར་ཚར་བ་དང་ཁྱིམ་ཚང་འཐོར་བ་དུས་མཉམ་གཏན་ནས་མ་བྱེད་རོགས་ཞེས་ཞུ་བ་ཡིན།

བྱ་ལོའི་བྱ་བའི་དང་པོར་མཆོག་གསུམ་མཆོད།།

བྱ་ལོའི་བྱ་བའི་རིམ་པ་འདི་ནས་བཟུང་།།

བྱ་ལོའི་བྱ་བ་ཐམས་ཅད་ལེགས་གྲུབ་ཀྱིས།།

བྱ་བའི་མཇུག་འབྲས་ཕུན་སུམ་ཚོགས་པར་ཤོག།

ཅེས་སྨོན་པས་མཚམས་སྦྱར་དང་བཅས་སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས།

རབ་གནས་མེ་སྤྲེལ་ལོའི་ཧོར་ཟླ་ ༡༢ པའི་ཟླ་མཇུག་ལ།



您可能也对以下帖子感兴趣

文章有问题?点此查看未经处理的缓存