其他

གསུང་གཞས། དྲང་སྲོང་ལགས།

2017-04-19 羊兄乐园

དྲང་སྲོང་ལགས། 



སྒྲ་སྙན་གྱི་ངོ་སྤྲོད་མདོར་བསྡུས།


སྤྱིར་བོད་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆར་དབྱེ་ན། རྒྱུད་དཀྲོལ་རོལ་ཆ་དང་། འབུད་བྱའི་རོལ་ཆ། བརྡུང་བྱའི་རོལ་ཆ་བཅས་གསུམ་ཡོད་པ་དང་། དེ་དག་ཁྲོད་ཀྱི་རྒྱུད་དཀྲོལ་རོལ་ཆ་ལ་ཡང་དཀྲོལ་བྱའི་རོལ་ཆ་དང་། འཐེན་བྱའི་རོལ་ཆ། དཀྲོལ་འཐེན་རོལ་ཆ་བཅས་རིགས་གསུམ་ཡོད། རྒྱུད་དཀྲོལ་རོལ་ཆ་ལ་དཀྲོལ་གཏོང་གི་རྣམ་པའི་ཐོག་ནས་དབྱེ་ན། སྒྲ་སྙན་སོགས་དཀྲོལ་བྱའི་རོལ་ཆ་དང་། པི་ཝང་སོགས་འཐེན་བྱའི་རོལ་ཆ་ཡོད། དེ་དག་ཁྲོད་ཀྱི་སྒྲ་སྙན་ནི་བོད་རིགས་ཀྱི་རོལ་ཆའི་ནང་ནས་ལོ་རྒྱུས་ཡུན་རིང་བ་དང་། ཁྱད་ཆོས་མངོན་གསལ་དོད་པ། དར་ཁྱབ་ཆེ་བ་བཅས་ཀྱི་བོད་རིགས་རོལ་ཆས་ཀྱི་ཚབ་མཚོན་དུ་རུང་བ་ཞིག་ཡིན་པས། དེར་བོད་རིགས་མི་དམངས་ཚོས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། བོད་མི་རིགས་ཀྱི་འཚོ་བའི་ནང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད། དེར་བརྟེན་བོད་རིགས་ཀྱི་རོལ་ཆས་ལ་རྒྱུས་ལོན་བྱ་དགོས་ན་ཐོག་མར་སྒྲ་སྙན་ལ་ཆ་རྒྱུས་ཡོད་དགོས་པར་གྱུར་ཡོད།

སྒྲ་སྙན་ཞེས་པ་ནི་སྒྲ་རྣ་བར་སྙན་པའི་དོན་ཡིན་ཞིང་། སྒྲ་སྙན་ནི་དཀྲོལ་བྱའི་རོལ་ཆས་ཀྱི་ཁོངས་སུ་གཏོགས་པ་དང་། དེ་བོད་ལྗོངས་ཙམ་མ་ཟད་བོད་རིགས་ས་ཁུལ་ཚང་མར་ཁྱབ་ཆེ་བའི་བོད་རིགས་ཀྱི་སྲོལ་རྒྱུན་རོལ་ཆས་ཀྱི་གྲས་ཤིག་ཡིན། སྒྲ་སྙན་གྱི་ཆེ་ཆུང་ལ་དབྱེ་ན། སྤྱིར་སྒྲ་སྙན་ཆེ་བ་དང་། འབྲིང་བ། དེ་བཞིན་ཏིང་སྒྲ་ལ་མོ་ཞེས་ཟེར་བའི་སྒྲ་སྙན་ཆུང་བ་སོགས་ཀྱང་ཡོད། དེར་མ་ཟད་དེ་དག་གི་ཆེ་ཆུང་ལའང་ཚད་གཞི་མི་འདྲ་བ་སྣ་ཚོགས་ཡོད།

སྒྲ་སྙན་གྱི་སྤྱོད་གོའི་ཐད་གཙོ་བོ་གཤམ་གྱི་ཁྱད་པར་འགའ་ཡོད་པ། དེ་ཡང་སྒྲ་སྙན་ཆེ་བ་དག་རོལ་ཆ་མཉམ་དཀྲོལ་བྱེད་སྐབས་སྒྲ་དམའ་བ་དཀྲོལ་བྱེད་དང་། འབྲིང་བ་དག་དམངས་ཁྲོད་གླུ་གར་གྱི་རམ་སྐྱོར་རོལ་དབྱངས་དཀྲོལ་བྱེད། ཆུང་བ་དག་མི་སྒེར་གྱི་དགའ་སྐྱིད་རོལ་རྩེད་དང་བྱིས་པའི་རྩེད་ཆས་སུ་སྤྱོད། མིག་སྔར་ཆེད་ལས་རིག་རྩལ་ཚོགས་པས་སྤྱོད་པའི་སྒྲ་སྙན་མང་ཆེ་བ་ནི་ཚད་གཞི་འབྲིང་བ་ལས་ཅུང་ཆེ་བ་དག་ཡིན།

སྒྲ་སྙན་གྱི་བཟོ་བཀོད།

སྒྲ་སྙན་ནི་སྤྱིར་རྒྱུ་ཤིང་ལས་གྲུབ་པ་དང་། དེ་ཡང་ཀ་པེད་ཕྱེད་བཤགས་བཏང་བ་ལྟ་བུའི་རྫིང་དང་། རིང་ཐུང་འདྲ་མིན་གྱི་མདའ། གུག་གུག་སྒོར་ཕྱེད་གཟུགས་ཀྱི་རྟ་མགོ་སོགས་ཀྱིས་གྲུབ་པ་དང་། དེ་མིན་ད་དུང་རྒྱུད་སྐུད་དང་། སྒ །གཅུས་ཕུར། སེན་ལྡེ། འཁུར་ཐག་སོགས་ཀྱིས་གྲུབ་ཡོད།

རྩ་བའི་ཁྱད་ཆོས།

སྒྲ་སྙན་ལ་དམིགས་བསལ་གྱི་བཟོ་དབྱིབས་དང་གྲུབ་ཆ་ལྡན་པ་དང་། ལྷག་པར་དུ་ཁོག་དྲུས་བརྒྱབ་པའི་མདའ་དང་། པགས་པ་དང་ཤིང་ལེབ་ཟུང་དུ་འབྲེལ་བའི་རྫིང་། དེ་བཞིན་ལྡེམ་ཤུགས་ཅན་གྱི་རྒྱུད་སྐུད་བཅས་ལྡན་པའི་དབང་གིས་སྒྲ་སྙན་གྱི་སྐད་སྒྲ་གྱ་ནོམ་པ་དང་། རྣ་བར་འཇམ་པ་ཞིག་ཡིན་ཞིང་། དེ་མིའི་སྐད་དང་གཞི་གཅིག་ཏུ་འདྲེས་ཐུབ་པ་དང་། ཆབས་ཅིག་སྒྲ་སྙན་ནི་དཀྲོལ་བྱའི་རོལ་ཆའི་ནང་དམིགས་བསལ་གྱི་དཀྲོལ་ཐབས་ལྡན་པ་ཞིག་ཡིན་པས། དེའི་ཕྲེང་བ་སྟར་བརྒྱུས་ལྟ་བུའི་སྒྲ་སྐད་དང་གླུ་དབྱངས་ཀྱི་འགྱུར་ཁུག་བར་ཕན་ཚུན་གསབ་རེས་བྱེད་པའི་ཁྱད་ཆོས་ཡང་ལྡན། དེ་མིན་སྒྲ་སྙན་གྱི་སྒྲ་བསྐྱེད་ཁྱད་ཆོས་དེ་ད་དུང་སྒྲ་སྙན་གྱི་རྒྱུད་སྐུད་སྒྲིག་ཐབས་དང་། དཀྲོལ་ཐབས་སོགས་དང་འབྲེལ་བ་དམ་ཟབ་ཡོད། ལྷག་པར་དུ་རྒྱུད་སྐུད་གཉིས་རེ་ཆ་སྒྲིག་པ་ཡིན་པས་སྒྲ་སྙན་གྱི་སྒྲ་དེ་བས་གྱ་ནོམ་པའམ་རྒྱས་པར་གྱུར་ཡོད།


想看一位母亲的慈善请按阅读原文

您可能也对以下帖子感兴趣

文章有问题?点此查看未经处理的缓存