查看原文
其他

ཉི་ཧོང་དུ་བོད་རིག་པ་ཇི་ལྟར་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས།

羊兄乐园 羊兄乐园 2019-09-23



ཉི་ཧོང་དུ་བོད་རིག་པ་ཇི་ལྟར་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས།


  

   ཆེས་མཐོའི་ཞལ་ནས་སྲོལ་རྒྱུན་རིག་གནས་ཞེས། །

རྒྱུད་འཛིན་དར་སྤེལ་བཀའ་རྒྱས་ནོན་དུས་འདིར། །

ཀྲུང་ཧྭའི་རིག་གནས་རྩེ་མོར་འཕེལ་བ་དང་། །

 གངས་རིའི་རིག་པ་མི་ཉམས་བརྟན་པར་ཤོག །

གཞན་གྱི་ཡུལ་ནས་རང་རེའི་རིག་གནས་ལ། །

ཐོས་བསམ་དཔྱོད་པ་འབད་པས་ལྷུར་ལེན་དུས། །

རང་དགར་སྡོད་ལ་བདེ་བའི་སྐབས་བྲལ་ཡང་། །

ལག་ལེན་མེད་ན་སེམས་ཁུར་གཅིག་པུས་ཅི། །



གླེང་སློང་བའི་གཏམ།


བོད་རིག་པ་ཞེས་པའི་རིག་ཚན་གསར་བ་འདི་དུས་རབས་བཅུ་དགུ་བའི་དུས་སྟོད་ཙམ་ལ་ཤར་ཕྱོགས་ཉི་མའི་རྒྱལ་ཁམས་སམ་ཉི་ཧོང་ཞེས་འབོད་པའི་ཡུལ་དུ་ཐོག་མར་དབུ་བརྙེས་ཤིང་།  ཉི་ཤུ་བའི་སྒོ་གླེགས་བརྡུངས་མཚམས་ནས་དངོས་སུ་དར་མགོ་ཚུགས།


དུས་རབས་ཉི་ཤུ་བའི་དུས་མགོར།   ཉི་ཧོང་གི་ནང་བའི་སློབ་གཉེར་པའི་ཚོགས་པ་ཁག་ཅིག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་དམིགས་ཡུལ་དུ་བྱས་ཏེ་སྔ་ཕྱིར་ཕྱིའི་རྒྱལ་ཁམས་མང་པོ་རིམ་པར་འགྲིམས་པའི་ནང་། ཁ་ཅིག་བོད་ཀྱི་ཡུལ་དུ་འབྱོར་ནས་བོད་ཡིག་སྦྱངས་ཤིང་། རིམ་གྱིས་ནང་བསྟན་གྱི་གཞུང་ལའང་དོ་སྣང་དང་སློབ་གཉེར་གང་འཚམ་བྱུང་སྟེ་དགོན་པ་དང་མི་སྒེར་སོགས་ཡུན་དུ་བསྟེན་ནས་སྦྱངས་པ་མི་དམན་པ་བྱས། ཕྱིར་ཉི་ཧོང་དུ་ལོག་སྐབས། དཀའ་ངལ་ཁུར་བོར་མ་འཛེམས་པར་དཔེ་ཆ་མང་པོ་ཕྱིར་ཕ་ཡུལ་དུ་འཁྱེར་བ་ལས། དེའི་རྟེན་འབྲེལ་གྱིས་རྗེས་ཀྱི་བོད་རིག་པའི་ཞིབ་འཇུག་སྤྱི་དང་། ལྷག་པར་འཛམ་གླིང་སའི་དཀྱིལ་འཁོར་ཆེན་མོ་འདིར་བོད་ཡིག་དཔེ་རྙིང་བསྡུ་ཉར་གནང་ས་ལ་ཉི་ཧོང་ལས་གཞི་རྒྱ་ཆེ་ཞིང་གྲངས་ཚད་མང་བ་ཞིག་མེད་པར་ཆགས་པའང་འདི་དང་ཀུན་ནས་འབྲེལ་བར་མཐོང་།


དང་པོ། དབུ་བརྙེས་པའི་དུས་རིམ།


བོད་ཀྱི་ཡུལ་དང་མིའི་སྐོར་ལ་རྒྱུས་ཐོག་མར་བྱུང་བའི་དུས་ནི་སྤྱི་ལོ་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་འཁེལ་ཞིང་། འཇར་པན་སྲིད་གཞུང་གིས་རྒྱའི་ཕོ་ཉ་བརྒྱུད་རྒྱའི་རྒྱལ་ས་ཁྲང་ཨན་ནས་བོད་ཀྱི་བློན་ཆེན་དང་འཇལ་འདུན་བཏབ་པའི་སྐབས་ནས་ངོས་འཛིན་བྱས་ཆོག ཡིན་ནའང་དེ་ནི་ཉི་ཧོང་བས་བོད་ཀྱི་མི་དང་ཡུལ་གྲུ་གཉིས་ལ་འབྲེལ་འདྲིས་ཙམ་བྱུང་བ་ལས་དངོས་སུ་རིག་གནས་དང་རིག་གཞུང་གི་སྐོར་ལ་སློབ་གཉེར་བྱུང་བའི་དུས་ལ་ནི་གོ་མི་རུང་སྟེ། དངོས་སུ་རིག་གཞུང་དང་བཅས་པར་འབྲེལ་འདྲིས་བྱུང་བའི་དུས་ནི་དུས་རབས་བཅུ་དགུ་བའི་ནང་རོལ་སྤྱི་ལོའི་དབང་དུ་བྱས་པས་སྤྱི་ལོའི༡༨༡༢ལོའི་ཙམ་གྱི་གཡས་གཡོན་དུ་འཁེལ་བར་འབྲེལ་ཡོད་ཞིབ་འཇུག་པ་ཚིའུ་ཡོན་ཀྲིན་གྱིས་གསུངས་སོ། །


ཉི་ཧོང་གི་མིང་ཁྲིའི་གསར་བརྗེའི་སྐབས་སུ་ལྷ་ཆོས་ཚོགས་པ་དང་གཞུང་ཕྱོགས་གཉིས་ཀྱི་ནང་བསྟན་གཏོར་འཇོམས་ཀྱི་སྦྱོར་བ་མང་དུ་བརྩམས་པའི་དབང་གིས་ཕལ་ཆེར་རྩ་སྟོང་དུ་གྱུར་པའི་ཉེན་ཁར་འཕྲད་པའི་སྒང་ལ་ཉི་ཧོང་གི་ནང་བ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་སྲུང་སྐྱོབ་བྱེད་མགོ་བརྩམས་ཏེ། ཕྱིའི་སྟོབས་ཤུགས་ལ་བརྟེན་ནས་ནང་གི་ཉམ་ཆག་སླར་གསོས་ནས་སྔར་གྱི་གོ་གནས་བརྟན་སྲུང་ཐུབ་པར་གྱུར། ཆབས་ཅིག ཉི་ཧོང་རང་དུ་དར་བའི་ནང་བའི་གྲུབ་མཐའ་སོ་སོས་རང་རང་གི་ཤེས་ལྡན་མི་སྣ་རེ་འགའ་ནུབ་ཀྱི་རྒྱལ་ཁབ་མང་པོར་མངགས་ནས་དེང་རབས་ཅན་གྱི་རིག་གཞུང་བསམ་བློའི་ཐབས་ལམ་ནང་འདྲེན་གྱིས་སྔར་གྱི་ནང་བསྟན་སློབ་གཉེར་དང་ཞིབ་འཇུག་གི་ཕྱོགས་ལ་དབུགས་དབྱུང་གསར་བ་བསྩལ། ལྷག་པར་ནང་བསྟན་དེ་ཉིད་སྲིད་གཞུང་གི་ཕྱི་འཛུལ་སྲིད་བྱུས་ཀྱི་དར་ཆའི་འོག་འཛམ་གླིང་གི་ས་ཆ་གཞན་དུ་སྤེལ་བའི་ལས་འགུལ་རྒྱ་ཆེར་བསླངས་ཤིང་ཉེ་འབྲེལ་གྱི་ཀྲུང་གོ་ཁོ་ཚོའི་ཆོས་སྤེལ་སའི་དམིགས་ཡུལ་དུ་གཙོ་བོར་བཟུང་། དེ་ལྟར་ཉི་ཧོང་ས་གཙང་བའི་གྲུབ་མཐའ་འཛིན་པའི་དགོན་པ(东本愿寺)ཡིས་སྣེ་འཁྲིད་པའི་ཆོས་སྤེལ་ཚོགས་པ་སྔ་ཕྱིར་ཀྲུང་གོའི་ནང་ལོག་དང་བོད་ལྗོངས་བཅས་སུ་འབྱོར་ནས་ཆོས་སྤེལ་ཞིང་། སྒོས་སུ་དགེ་སློང(小栗栖香顶)ཞེས་པ་ཡིས་བོད་བརྒྱུད་ནང་བསྟན་ཅུང་ཁ་ཚང་བ་དང་མ་ལག་ལྡན་པའི་ངང་ནས་ཉི་ཧོང་ཡུལ་དུ་མཚམས་སྦྱོར་མཛད་པས། ཉི་ཧོང་གི་སའི་ཆ་ལ་བོད་བརྒྱུད་ནང་བསྟན་གྱི་དར་ཆ་ཐོག་མར་བསྒྲེངས་མཁན་དུ་གྱུར།


སྤྱི་ལོའི༡༨༡༢ལོར་ཉི་ཧོང་བ་སྐུ་ཞབས(近藤重藏)ཡིས《བླ་མའི་ཆོས་ཀྱི་རྟོག་ཞིབ》ཞེས་པའི་དེབ་ཅིག་བརྩམས་པ་དང་། སྤྱི་ལོའི༡༨༧༧ལོར(小栗栖香顶)གྱིས་དེབ་མིང་ལ《བླ་མའི་ཆོས་ཀྱི་འཕེལ་འགྱུར》ཞེས་པ་བརྩམས་པ་འདི་གཉིས་ཀྱི་མཐུ་ལ་བརྟེན་ནས་བོད་རིག་པའི་ཞིབ་འཇུག་གི་ཚད་རིམ་དེ་སྔར་དང་བསྡུར་ཚེ་ཕྱོགས་གང་ཐད་ནས་གཏིང་ཇེ་ཟབ་ཏུ་ཕྱིན།



གཉིས་པ། དངོས་སུ་བཙུགས་པའི་དུས་རིམ།


གོང་དུ་བརྗོད་པ་ལྟར།  སྤྱི་ལོའི༡༨༧༧ལོར་སྐུ་ཞབས(小栗栖香顶)གྱིས《བླ་མའི་ཆོས་ལུགས་ཀྱི་འཕེལ་འགྱུར》ཞེས་པ་བརྩམས་པ་ནས་དུས་རབས་ཉི་ཤུ་བའི་དུས་སྟོད་བར། ཉི་ཧོང་རང་ལ་ངོམ་ཆོག་ཅིང་གླེང་རིན་ཡོད་པའི་བོད་རིག་པའི་དཔྱད་འབྲས་དང་བརྩམས་ཆོས་སྐབས་ཤིག་རིང་ཅི་ཡང་མ་བྱུང་བར་ལུས། ཡིན་ནའང་། དུས་རབས་ཉི་ཤུ་བའི་མདུན་བསུས་མཚམས་ནས་ཉི་ཧོང་གི་ནང་བའི་དགེ་སློང་མང་པོ་ཞིག་ནང་བསྟན་གསུང་རབ་སྤྱི་དང་ལྷག་པར་བོད་ཡིག་ཐོག་བཀོད་པའི་ནང་བསྟན་རིག་གཞུང་འཚོལ་བསྡུ་དམིགས་ཡུལ་དུ་བྱས་ཏེ་བོད་ཀྱི་ས་ཆར་སྔ་རྗེས་སུ་འབྱོར་བ་ལས། གསང་ཉུལ་རྟོག་ཞིབ་པ་ཁ་ཅིག་ཕུད་གཞན་རྣམས་སློབ་གཉེར་བ་དང་རྟོག་ཞིབ་པ་རྣལ་མའི་ཚུལ་བཟུང་སྟེ། ཡུལ་དངོས་རྟོག་ཞིབ་སོགས་རབ་དང་རིམ་པ་བརྒྱུད་མཐར་ཉི་ཧོང་བོད་རིག་པའི་ཞིབ་འཇུག་གི་སྡེ་ནས་ཀྱང་གངས་ཅན་པའི་ལོ་རྒྱུས་དང་རིག་གཞུང་གིས་མཚོན་པའི་བོད་རིག་པ་ཞེས་པའི་རིག་ཚན་འདིའི་སློབ་གཉེར་དང་ཞིབ་འཇུག་ལ་སྤྲོ་སྣང་གི་ས་བོན་ཀུན་ནས་གཏོར་ཐུབ་པར་མ་ཟད་ཀྱི། ཉི་ཧོང་གི་བོད་རིག་པ་ཞེས་ས་གནས་རང་དངོས་ནས་འཕེལ་རྒྱས་ཀྱི་རྐང་ཚུགས་ཤིང་གྲུབ་འབྲས་གཟེངས་སུ་ཐོན་པ་མནོས།


འབྲེལ་ཡོད་རྒྱུ་ཆ་དག་གཞིར་བཟུང་ནས་བལྟས་ཚེ། འཇར་པཎ་ལོ་རྒྱུས་སྟེང་གི་དཀྱོག་མཚམས་མིང་ཁྲི་གསར་བརྗེའི༼སྤྱི་ལོའི༡༨༦༨-༡༩༢༥༽དུས་སྐབས་ནང་། བོད་ཀྱི་ཡུལ་དངོས་ལ་འབྱོར་བའི་འཇར་པཎ་པ་འགའ་སྟེ། (河口慧海) དང་། (能海宽) དང་། (寺本婉雅) དང་། (成田安辉) དང་། (矢岛保治郎) དང་། (青木文教) དང་། (多田等观) སོགས་ཡིན་ལ། དེང་འདིར་འཇར་པན་གྱི་བོད་རིག་པའི་སློབ་གཉེར་དང་ཞིབ་འཇུག་གི་ཚད་རིམ་འདི་འདྲ་ཞིག་ལ་ཐོན་ཐུབ་པའི་རྒྱུ་མཚན་གཙོ་བོའང་ཁོང་ཅག་གི་ཕྱག་རྗེས་ལ་འབྲེལ་བ་ངེས་ཅན་ཞིག་འདུག་ཕྱིར། ཁོ་ཚོ་ནི་འཇར་པན་གྱི་བོད་རིག་པའི་རུ་འདྲེན་དང་སྔོན་སྐྱོད་པའོ་ཞེས་བསྔགས་བརྗོད་མེ་ཏོག་གི་ཕྲེང་བ་གཏོར་ཀྱང་མི་འོས་པ་ཅི་ཡང་མེད་པར་བསམ།


གཞན་ཡང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་མིང་ལ (野元甚藏) དང་། (木村肥佐生) དང་། (西川一三) ཞེས་འབོད་པའི་ཉི་ཧོང་བ་གསུམ་སྔ་ཕྱིར་མཚོ་སྔོན་དང་།      བོད་ལྗོངས་སོགས་བོད་ཀྱི་ས་ཆ་ཁ་ཤས་ལ་སླེབས། དེ་ལས (木村肥佐生) ཕུད་གཞན་གཉིས་ཀྱིས་བོད་རིག་པའི་ཞིབ་འཇུག་གི་ལས་ཀ་མུ་འཕྲོར་བསྐྱངས་མ་ཐུབ། ཡིན་ནའང་། ཁོ་ཚོ་བོད་ཡུལ་གྱི་ས་གནས་སོ་སོར་འབྱོར་ནས་བརྟག་ཞིབ་རབ་དང་རིམ་པ་བརྒྱུད་ནས་བྲིས་པའི་བརྩམས་ཆོས་རྣམས་རྗེས་ཀྱི་ཉི་ཧོང་གི་ཞིབ་འཇུག་པ་ཚོས་བོད་ཡུལ་གྱི་ས་བབ་དང་། སྤྱི་ཚོགས། ལོ་རྒྱུས་སོགས་ལ་ཞིབ་འཇུག་བགྱི་བྱེད་ཀྱི་རྒྱུ་ཆ་རྩ་ཆེན་པོར་ཆགས།


མདོར་དྲིལ་ཚེ། ཉི་ཧོང་གི་གྲྭ་བ་ལྔ་ལྷག་ཆོས་ལེན་དང་ཕྱི་འགྲིམ་གྱི་མིང་འཁྱེར་ནས་བོད་ཡུལ་དུ་རྟོག་ཞིབ་ལ་ཕེབས་པ་དེས་ཁོང་རྣམས་བོད་ཀྱི་ཡུལ་དང་མི་ལ་ཆ་རྒྱུས་ཇེ་ཆེ་དང་། སྒོས་སུ་བོད་ཀྱི་ནང་བསྟན་རིག་གནས་གཙོ་བྱས་པའི་ལོ་རྒྱུས་སོགས་རིག་གནས་ཀྱི་ཆ་ཡོངས་ལ་ཞིབ་འཇུག་གི་སྤྲོ་བ་འཕེལ་བར་བྱས། ཁོ་ཚོས་ཕྱིར་ཉི་ཧོང་དུ་འཁྱེར་བའི་བོད་ཡིག་གི་ཡིག་ཚགས་དང་གསུང་རབ་བསྟན་བཅོས་རྣམས་ཀྱི་ཉེར་བསྡོགས་ལ་བརྟེན་ནས་ཉི་ཧོང་དེ་ཉིད་འཛམ་གླིང་སྟེང་བོད་ཡིག་གསུང་རབ་བསྡུ་ཉར་གནང་བ་ཆེས་མང་བའི་རྒྱལ་ཁབ་ཏུ་ཆགས་པར་མ་ཟད་ཀྱི། ཕྱིས་ཀྱི་ཉི་ཧོང་བོད་རིག་པའི་སློབ་གཉེར་ཞིབ་འཇུག་ལ་རྨིང་ལེགས་པོར་བཏིང་སྟེ། ཆོས་ལུགས་དང་། ལོ་རྒྱུས། རིག་གནས་སོགས་ཞིབ་འཇུག་གི་སྒོ་མོ་ཇེ་མང་དུ་འཕེལ་བ་དང་། དང་པོར་མི་སྣ་འགའ་ཤས་ལས་མེད་པའི་ཚོགས་པ་ཆུང་ཆུང་ཞིག་རྗེས་སུ་མི་སྣ་མང་པོས་གྲུབ་པའི་ཞིབ་འཇུག་གི་དཔུང་སྡེ་ཆེན་པོ་ཞིག་ཏུ་འཕེལ་བར་མཐུན་རྐྱེན་གང་ལེགས་བསྐྲུན་པར་སྣང་ངོ་། །



གསུམ་པ། ཞིབ་འཇུག་གྲུབ་འབྲས་ཀྱི་དུས་རིམ།


དུས་རབས་ཉི་ཤུ་བའི་དུས་སྟོད་ཙམ་དུའང་ཉི་ཧོང་བོད་རིག་པའི་གར་སྟེགས་སུ་བོད་ཀྱི་ཆོས་ལུགས་དང་། ལོ་རྒྱུས།  སྐད་བརྡ་སོགས་ལ་ཞིབ་འཇུག་བགྱི་མཁན་གྱི་ཞིབ་འཇུག་པ་འགའ་ཞིག་འདུག་སྟེ།  གཤམ་དུ་དེ་དག་གི་གྲུབ་འབྲས་སུ་བགྲང་འོས་པའི་བརྩམས་ཆོས་འགའ་ཅུང་ངོ་སྤྲོད་པར་བྱའོ། །


༡ ལོ་རྒྱུས་ཀྱི་སྐོར་ལ། བོད་སྤྱིའི་ལོ་རྒྱུས་བྲིས་པའི་བརྩམས་ཆོས་ཧ་ཅང་ཉུང་ངུར་སྣང་། ཡིན་ནའང་སྐུ་ཞབས (山县初男) ལགས་ཀྱིས་སྤྱི་ལོའི༡༩༠༧ལོར་བསྒྲིགས་རྩོམ་གནངས་པའི《བོད་ལྗོངས་སྤྱི་བཤད》ཞེས་པའི་གསུང་རྩོམ་འདི་ཉིད་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་སྐོར་བྲིས་པའི་དཔེ་ཆ་ཐོག་མ་རུ་ངོས་བཟུང་ཆོག་ཅིང་། དེའི་རྗེས་སུ་སྐུ་ཞབས (楠基道) ལགས་ཀྱིས་སྤྱི་ལོའི༡༩༣༤ལོར་བརྩམས་པའི《བོད་ཀྱི་ལོ་རྒྱུས་ཞིབ་འཇུག》ཅེས་པའི་གསུང་རྩོམ་འདི་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ལ་ཤར་ཕྱོགས་རིག་མཛོད་ཆེན་མོའི་ལས་བྱེད་པ་འབུམ་རམས་པ (岩井大慧博士) ཡིས《བོད་དང་རྒྱ་གར་གྱི་ལོ་རྒྱུས》ཞེས་པའི་དཔེ་དེབ་ཅིག་བརྩམས་པ་དང་། སྤྱི་ལོའི༡༩༤༣ལོར་བརྩམས་པའི《བོད་ཀྱི་གནའ་དང་ཉེ་རབས་ལོ་རྒྱུས》ཞེས་པ་སོགས་དང་། གཞན་ཡང་ད་དུང་ཅིན་ཏོའུ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ (藤枝晃) ཡིས་འཁྲུག་ཆེན་གཉིས་པ་ནས་བཟུང་། བོད་བཙན་པོ་རྒྱལ་རབས་དུས་སུ་བྲིས་པའི་ཡིག་རྙིང་རྣམས་ཞིབ་འཇུག་གི་དཔྱད་གཞི་གཙོ་བོར་བཟུང་ཐོག་ཁ་བྱང་ལ《ཧྲ་ཀྲིག་ཕྱིར་ལོག་དམག་གི་སྒྲིག་སྲོལ》ཞེས་པའི་དཔྱད་རྩོམ་སྤེལ་བ་དང་། འཇར་པཎ་ཨོ་ཐཱ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ (芳村修基) ཡིས་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི《བུ་སྟོན་ཆོས་འབྱུང》ཉི་ཧོང་གི་སྐད་ཡིག་ཐོག་ཕར་བསྒྱུར་ཏེ། ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པའི་སྡེ་ལ་ཕན་ཐོགས་མི་ཉུང་བ་ཞིག་བསྐྲུན།


གོང་གསལ་འདི་དག་ལས་གཞན་ཡང་ཡ་གླིང་དབུས་མའི་ལོ་རྒྱུས་ཆེད་མཁས་པ་སྐུ་ཞབས (羽田亨) དང་། (丰田藤八) དང་། (松田寿男) སོགས་ཀྱིས་བྲིས་པའི་རིག་གཞུང་དཔྱད་རྩོམ་ནང་དུའང་བོད་ཀྱི་ལོ་རྒྱུས་སྐོར་གླེང་འདུག་པ་དང་། འཁྲུག་ཆེན་གཉིས་པའི་སྐབས་ཀྲུང་གོའི་པེ་ཅིན་ནས་སློབ་གཉེར་གནང་བཞིན་པའི་སྐད་གྲགས་ཅན་གྱི་བོད་རིག་པ་བ (佐藤长) ལགས་ཀྱིས་ཁ་བྱང་ལ《ཐང་ཆེན་མོའི་དུས་ཀྱི་བོད་བཙན་པོའི་ནང་ཁུལ་སྒྲིག་གཞི》(1941) ཞེས་པ་དང་།《བུད་མེད་རྒྱལ་ཁབ་དང་འ་ཞ》(1942) ཞེས་པ་དང་།《གནའ་རབས་བོད་ཀྱི་ཡིག་ཚགས》(1948) ཞེས་པ་དང་།《ཐང་བྷོད་མནའ་མཐུན་རྡོ་རིང་ཞིབ་འཇུག》(1949) ཞེས་པ་དང་།《གནའ་བོའི་བོད་ཀྱི་རིག་གནས་རྟོག་ཞིབ》(1949) ཞེས་པ་དང་།《བོད་ཀྱི་ཡིག་ཚགས་ཀྱི་ལོ་རྒྱུས་རིན་ཐང》(1950—1951) ཞེས་པ་དང་།《གནའ་བོའི་བོད་ཀྱི་ནང་ཁུལ་སྒྲིག་གཞི》(1950—1951) ཞེས་པ་སོགས་བརྗོད་བྱ་བོད་དང་འབྲེལ་བའི་དཔྱད་རྩོམ་འགའ་ཤས་ཤིག་སྔ་ཕྱིར་སྤེལ། སྤྱི་ལོའི༡༩༥༣ལོར་ཉི་ཧོང་བོད་རིག་པའི་མཐུན་ཚོགས་དངོས་སུ་བཙུགས་པ་དེས་ཁོང་གི་བོད་རིག་པའི་ཞིབ་འཇུག་གི་གོ་གནས་དེ་ཆེས་མཐོའི་ཚད་རིམ་ཞིག་ཏུ་བསྐྱལ།


༢ ཆོས་ལུགས་ཀྱི་སྐོར་ལ། ཉི་ཧོང་དུ་བོད་རིག་པའི་སྐོར་ལ་ཞིབ་འཇུག་བགྱི་མཁན་མང་བ་དེ་གཙོ་བོར་ཡོ་རོབ་པས་ནང་བསྟན་ཞིབ་འཇུག་གི་ཤུགས་རྐྱེན་ཚུར་ཐེབས་པར་གདོན་མི་ཟ་སྟེ། ནང་བསྟན་གསུང་རབ་བསྡུ་སྒྲིག་དང་ལོ་ཙཱ་གཉིས་ནི་ཁོ་ཚོའི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོར་བཟུང་བར་བྱེད་དོ། ། སྤྱི་ལོའི༡༩༢༦༡༩༢༧ལོར་སྐུ་ཞབས (樱部文镜) ལགས་ཀྱིས《སམ་བོད་བཀའ་བསྟན་དཀར་ཆག་བསྡུར་ཞིབ》ཞེས་པ་དང་། སྤྱི་ལོའི༡༩༢༨ལོར་ཞིབ་འཇུག་པ་སྐུ་ཞབས (河口慧海) ཡིས《སྣར་ཐང་དཀའ་འགྱུར་དཀར་ཆག》ཅེས་པ་སོགས་ཀྱི་དཔྱད་རྩོམ་སྤེལ་བ་དང་། སྤྱི་ལོའི༡༩༣༠ལོར་ཉི་ཧོང་གི་ཨོ་ཐཱ་ན་གཙུག་ལག་སློབ་གྲྭ་ཆེན་མོས《བོད་ལྗོངས་བཀའ་བསྟན་དཀར་ཆག》ཞེས་པ་རྩོམ་སྒྲིག་བྱས། སྤྱི་ལོའི༡༩༣༤ལོར། ནང་བསྟན་ཞིབ་འཇུག་པ་སྐུ་ཞབས (宇井伯寿) དང་། (铃木宗忠) དང་། (金仓园照) དང་། (多田观) སོགས་ཀྱིས་པེ་ཅིང་སློབ་ཆེན་དུ་བཞུགས་པའི་སྡེ་དགེའི་བོད་ཡིག་བཀའ་འགྱུར་གཞིར་བྱས་ཏེ།《བོད་ལྗོངས་བཀའ་བསྟན་གྱི་སྤྱིིའི་དཀར་ཆག》ཞེས་པ་བསྒྲིགས།


༣ སྐད་ཡིག་གི་སྐོར་ལ། སྤྱི་ལོའི༡༩༩༢ལོར། སྐུ་ཞབས (寺本婉雅) ལགས་ཀྱིས《བོད་ཀྱི་བརྡ་སྤྲོད》ཞེས་པ་དང་། སྤྱི་ལོའི༡༩༣༢ལོར། སྐུ་ཞབས (河口慧海) ལགས་ཀྱིས《བོད་ཀྱི་ཡིག་མཛོད》ཅེས་པ་དང་། སྤྱི་ལོའི༡༩༣༢ལོར། སྐུ་ཞབས (池田澄达) དང (中村元合) གཉིས་ཀྱིས་མཉམ་འབྲེལ་སྒོས《བོད་ཀྱི་བརྡ་སྤྲོད་རིག་པའི་འཇུག་སྒོ》ཞེས་པ་དང་། སྤྱི་ལོའི༡༩༣༥ལོར། སྐུ་ཞབས (啊部文雄) ལགས་ཀྱིས《བོད་སྐད་ཚིག་མཛོད》ཅེས་པ་དང་། སྤྱི་ལོའི༡༩༣༧ལོར། སྐུ་ཞབས (青木文教) ལགས་ཀྱིས《བོད་སྐད་རིག་པ》ཞེས་པ་དང་། སྤྱི་ལོའི༡༩༤༨ལོར། སྐུ་ཞབས (多田等观) ལགས་ཀྱིས《བོད་ཡིག་གསུང་རབ་ལག་བཤུས》ཞེས་པ་སོགས་བརྩམས་ཆོས་མང་པོ་སྔ་ཕྱིར་དཔར་བསྐྲུན་མཛད་པ་བཅས། འཁྲུག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གི་ནང་བསྟན་ཞིབ་འཇུག་པ་དང་། སྐད་བརྡ་ཞིབ་འཇུག་པ། ལོ་རྒྱུས་ཞིབ་འཇུག་པ་སོགས་ཀྱི་ཐུན་མོང་འབད་པ་ལ་བརྟེན་ནས་བོད་རིག་པའི་ཞིབ་འཇུག་དེ་ཚད་རིམ་གསར་བ་ཞིག་ཏུ་བསྐྱལ་ཅིང་། ལྷག་པར “ཉི་ཧོང་བོད་རིག་པའི་མཐུན་ཚོགས” ཞེས་པ་དངོས་སུ་བཙུགས་པ་ནས་ཉི་ཧོང་ཡུལ་དུ་བོད་རིག་པའི་ཞིབ་འཇུག་གི་རྩ་བ་ཀུན་ནས་ཚུགས་བྱུང་བའང་མངོན་པར་མཚོན་ཐུབ་བོ། །


དེ་ལྟ་ནའང་། ཞིབ་འཇུག་པ་མང་ཆེ་བ་ཉི་ཧོང་ནང་བསྟན་གྱི་ཆོས་བརྒྱུད་མི་འདྲ་བའི་རྗེས་འཇུག་པ་ཤ་སྟག་ཡིན་པས། བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་བགྱི་བ་ལ་ཡུལ་དུས་རིག་གནས་དང་བཅས་པའི་བཀག་རྒྱ་སྣ་ཚོགས་ཤིག་མི་འདོད་བཞིན་དུ་འབྱུང་བས་འཁྲུལ་བཤད་དང་ཉེས་བཤད་སོགས་མ་དག་པའི་ཆ་རེ་འགའ་འབྱུང་སྲིད་པའང་ལྡོག་ཏུ་མ་མཆིས་པའི་ཆོས་ཉིད་དུ་ཤེས་པར་བྱའོ། །



ཁ་སྒང་སྟག་འབུམ་རྒྱལ་གྱིས་བསྒྱུར་བསྒྲིགས་བྱས།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར།




དོ་དམ་པའི་སྐད་འཕྲིན།


    您可能也对以下帖子感兴趣

    文章有问题?点此查看未经处理的缓存