查看原文
其他

བསྟན་པ་སྔ་དར་དང་ཕྱི་དར་གྱི་ས་མཚམས། སྒོ་ཤེས་རབ་རྒྱ་མཚོ།

སྒོ་ཤེར། 羊兄乐园 2020-10-06

བསྟན་པ་སྔ་དར་དང་ཕྱི་དར་གྱི་ས་མཚམས།


སྒོ་ཤེས་རབ་རྒྱ་མཚོ།


འདིར་བསྟན་པ་སྔ་དར་དང་ཕྱི་དར་ཞེས་དུམ་ཚན་གཉིས་ཕྱེ་ཡོད་པ་དེ་ནི། རྒྱལ་པོ་དར་མའི་དུས་ཀྱི་ཆབ་སྲིད་ཀྱི་འཕོ་འགྱུར་དབང་གིས་ནང་བསྟན་དར་བའི་ལོ་རྒྱུས་དུམ་བུ་གཉིས་སུ་དབྱེ་དགོས་བྱུང་བ་དེ་ཡིན། བསྟན་པ་སྔ་དར་ནི་བཙན་པོ་དར་མ་ཡར་སྔོན་གྱི་ནང་བསྟན་ཏེ། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་ནས་མགོ་བཟུང་ན་འདྲ། རྒྱལ་པོ་སྲོང་བཙན་སྒམ་པོ་ནས་མགོ་བཟུང་ནའང་འདྲ། དེ་ནས་བཟུང་བཙན་པོ་དར་མའི་བར་གྱི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ལ་བསྟན་པ་སྔ་དར་ཟེར་བ་ཡིན། བསྟན་པ་ཕྱི་དར་ནི་བཙན་པོ་དར་མའི་སྐབས་སུ་བོད་ཀྱི་ལོ་རྒྱུས་ལ་འཕོ་འགྱུར་ཆེན་པོ་ཞིག་སོང་བའི་རྗེས་སུ་སླར་ཡང་ནང་བསྟན་དར་བའི་ལོ་རྒྱུས་ཀྱི་མགོ་བཟུང་བ་ནས་བཞག་པ་རེད།

བཙན་པོ་དར་མའི་སྐབས་དེར། རིག་གནས་ལ་གཏོར་སྐྱོན་བཏང་ཟེར་ན་འདྲ། བོད་དུ་འདུལ་བའི་བསྟན་པ་བསྣུབས་དགོས་པའི་རྒྱུ་མཚན་ཅི་ཞེ་ན། མཁར་རྨེའུ་བསམ་གཏན་སོགས་ཀྱིས་དཔྱད་པའི་ནང་དོན་འདི་ལྟར་ཏེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་བོད་ལ་རབ་བྱུང་པའི་སྡེ་ཐོག་མར་བྱུང་ཞིང་། བྱུང་སྟངས་དམིགས་བསལ་བ་ཞིག་ལ། རྒྱལ་པོའི་གཞུང་འབྲེལ་ཐོག་ནས་རབ་བྱུང་པའི་སྡེ་བསྐྲུན་པ་ཡིན་ཕྱིར། བོད་ཀྱི་རྒྱལ་པོའི་གཞུང་དང་རབ་བྱུང་པའི་སྡེ་གཉིས་ཀའི་བར་ལ་ཐོག་མ་ནས་འབྲེལ་བ་ཟབ་མོ་ཞིག་ཆགས།

དེ་ལྟར་ན་བོད་དུ་རབ་བྱུང་པའི་སྡེ་ཐོག་མར་བྱུང་ཚུལ་ཡང་། རྒྱ་གར་ནས་མཁན་པོ་དང་། ལོ་ཙཱ་པའམ། དགེ་བའི་བཤེས་གཉེན་དེ་འདྲ་སྒེར་ངོས་ནས་བོད་ལ་བྱོན་ཏེ་ཆོས་གསུངས་ཤིང་། དེའི་ནུས་པས་ག་ལེ་ག་ལེར་བོད་ཀྱི་དམངས་ཁྲོད་ནས་རང་མོས་ཀྱིས་རབ་ཏུ་བྱུང་མཁན་བྱུང་བ་དེ་འདྲ་མིན་པ་རེད།སྤྱིར་དེ་དུས་ཀྱི་བོད་རྣམས་ནི་ཤིན་ཏུ་གཏུམ་ཞིང་། འཁྲུག་འཛིང་ལ་དགའ་རྐྱེན་གྱིས་དམག་རྒྱག་པའི་སྙིང་སྟོབས་ལ་མཐོང་ཆེན་པོར་རྩི་ཡི་ཡོད་པས། དེ་འདྲའི་མི་རིགས་ཤིག་གིས་འདུལ་སྡོམ་བསྲུང་ཐུབ་བམ་མི་ཐུབ་ཅེས་གླེང་སློང་བྱུང་བ་ན། ཚོད་ལྟ་ཞིག་བྱས་ན་འགྲིག་ཅེས་ཐོག་མར་ཉམས་སད་པའི་ཕྱིར་དུ་སད་མི་མི་བདུན་རབ་ཏུ་བྱུང་བ་ཡིན་ལ། དེ་རྒྱལ་པོའི་གཞུང་ངོས་ཀྱིས་བསྒྲུབས་པའི་བྱ་བ་ལྟ་བུར་ཆགས་ཡོད་པ་རེད། དེའི་རྐྱེན་གྱིས་ཁོ་ཚོ་རབ་ཏུ་བྱུང་བ་ནས་བཟུང་ཚེ་གང་གི་རྒྱུ་འབྱོར་མཐུན་རྐྱེན་སོགས་ཀྱང་རྒྱལ་པོའི་གཞུང་གིས་སྦྱར་པ་རེད། རྒྱ་གར་དུ་ཡིན་ན་ནི་སྔ་མོའི་དུས་འཚོ་བ་བསོད་སྙོམས་ལ་བསྟེན་དགོས་པས་བོད་ཡུལ་དུ་དེ་དང་མི་འདྲ་བར་ཆགས།(རྒྱ་གར་དུ་ཡང་ཕྱིས་སུ་ནཱལེནྡཱ་སོགས་ལ་རྒྱལ་པོའི་བླ་ནས་མཐུན་རྐྱེན་སྦྱོར་སྲོལ་བྱུང་ཡོད།)གནས་ཚུལ་དེ་འདྲའི་རྐྱེན་པས་བོད་ཀྱི་རབ་བྱུང་པའི་སྡེ་དང་། རྒྱལ་པོའི་གཞུང་གཉིས་ཀྱི་བར་ལ་ཐོག་མ་ནས་ཁ་འབྲལ་ཐབས་དཀའ་བའི་འབྲེལ་བ་ཞིག་ཆགས་པས། དུས་ཚོད་རིམ་གྱིས་འདས་ནས་རྒྱལ་པོ་ཁྲི་རལ་བ་ཅན་གྱི་རིང་ལ་སླེབས་དུས། བོད་དུ་རབ་བྱུང་པའི་སྡེའི་གྲངས་ཀའང་ངེས་ཅན་ཞིག་ཏུ་འཕེལ་ཡོད་པར་མ་ཟད། ཁྲི་རལ་བ་ཅན་གྱིས་རབ་བྱུང་པའི་སྡེ་ལ་བསྙེན་བཀུར་བྱེད་སྟངས་ནི་ཚད་ལས་བརྒལ་བས། བོད་ཀྱི་སྤྱི་ཚོགས་ནང་རབ་བྱུང་པ་ལ་སྡང་སེམས་འཆང་མཁན་མང་དུ་ཕྱིན།“ཁྲི་རལ་བ་ཅན་གྱིས། རབ་བྱུང་པའི་སྡེ་ལ་མཆོད་གཞིས་ཡུལ་སྡེ་མང་པོ་ཟུར་དུ་བཅད་ཅིང་། མཆོད་གཞིས་དེ་ཐམས་ཅད་ཀྱིས་གཞུང་ལ་ཁྲལ་འཇལ་མི་དགོས་པ་བྱས་པ་སོགས་ཀྱི་རྐྱེན་པས། རིམ་གྱིས་རྙོག་དྲ་མང་པོ་ལྷགས་པར་བཤད། རྒྱུ་རྐྱེན་དེ་གཅིག་པོ་ཙམ་ཡང་མ་ཡིན་པར། མ་གཞི་བཙན་པོ་སྤུན་འདི་གཉིས་ཀའི་སྐབས་ཙམ་ནས་བཟུང་། འབྲོ་དང་དབའ་སོགས་བོད་ཀྱི་དམག་དཔོན་དང་རུས་ཆེན་ཚོའི་བར་ལའང་འགལ་བ་བྱུང་སྟེ། བཙན་པོའི་ཆབ་སྲིད་ཀྱི་གནས་སྟངས་ཟིང་ཟིང་ལོང་ལོང་དུ་གྱུར་པར་གསུངས་འདུག ད་དུང་། མི་ཐོག་སྔོན་མ་ནས་རྒྱལ་པོ་དང་བློན་ཆེན་དམག་དཔོན་ཚོའི་བར་དུ་བན་བོན་ཕྱོགས་འཛིན་གྱི་འགལ་བ་ཡོད་པའི་རྒྱུན་དེ། སྐབས་འདི་དུས་ཙ་ན་ལྷག་ཏུ་མངོན་གསལ་ཇེ་ཆེར་ཕྱིན་པས། ཕྱོགས་ཀུན་ནས་བོད་བཙན་པོའི་ཆབ་སྲིད་ཀྱི་རྩ་བ་ལ་གཡོ་འགུལ་བྱུང་།དེ་འདྲའི་རྒྱུ་རྐྱེན་མང་པོ་ལྷན་དུ་ཚོགས་པའི་དབང་གིས། མཐའ་མཚམས་ཀྱི་དམག་གི་དཔུང་ཤུགས་ཇེ་གཉོམ་ཇེ་གཉོམ་དུ་སོང་བ་ཡིན་ཏེ། དེའི་སྔོན་ལ་བོད་མིའི་སྤྱི་ཚོགས་ནང་མཐོང་ཆེ་ཤོས་སུ་དཔའ་བོ་རྩི་ནའང་། ཁྲི་རལ་གྱི་དུས་ནས་རྒྱལ་པོས་ཀྱང་མཐོང་ཆེ་ཤོས་སུ་རབ་བྱུང་པ་བརྩིས། མི་སུ་ཡིན་རུང་། རང་གི་ལས་ལ་གཞན་གྱིས་རྩི་མཐོང་བྱས་ན་རང་ཉིད་ལ་རིན་ཐང་ཆེ་བའི་འདུ་ཤེས་སྐྱེས་ནས་ལས་དེར་ཤུགས་རྒྱག་པ་ཡིན་མོད། དུས་དེར་རྒྱལ་པོས་མཐོང་ཆེན་མ་བྱས་པའི་རྐྱེན་གྱིས་བློན་ཆེན་དང་། མཐའ་སྲུང་གི་དམག་དང་བཅས་མ་དགའ་བའི་སྣང་ཚུལ་ཤུགས་ཆེར་སླེབས་ཡོད་ཚོད་རེད།

དེར་མ་ཟད། མཐའ་སྲུང་གི་དམག་ལ་དམག་རྒྱགས་ཀྱང་དུས་ལྟར་ཡག་པོ་མ་འབྱོར་བའི་གནས་ཚུལ་བྱུང་། སྐབས་དེར་རྒྱལ་པོའི་གཞུང་གི་རྒྱུ་འབྱོར་སོགས་ཅུང་ཉམས་རྒུད་དུ་ཕྱིན་ཡོད་ས་རེད། དེང་གི་བཤད་སྟངས་བྱས་ན后勤保障ཡག་པོ་བསྒྲུབ་མ་ཐུབ་པས། དམག་རྒྱགས་དུས་ལྟར་མ་འབྱོར་བར་མཐའ་དམག་ཚོས་སྐད་བརྒྱབ་སྟེ། རྒྱལ་པོའི་གཞུང་དང་དམག་གི་བར་དུའང་རྙོག་དྲ་བྱུང་སྐད་འདུག གནས་སྟངས་དེ་འདྲའི་འོག་ཏུ་རྒྱལ་པོ་དར་མ་ཁྲི་ལ་བསྡད་པས། སྔར་དགོན་པ་རྣམས་ལ་ཕུལ་བའི་མཆོས་གཞིས་ལྷ་སྡེ་མི་སྡེ་ཚོས་གཞུང་ལ་དཔྱ་ཁྲལ་འཇལ་མི་དགོས་པའི་ལམ་ལུགས་ལ་ཁོང་གིས་བསྒྱུར་བཅོས་བྱས་ནས། དེ་ཚོས་དགོན་པ་ཁག་ལ་འབུལ་དགོས་པའི་རྒྱུ་འབྱོར་རྣམས་དམག་རྒྱགས་སུ་བཏང་བར་མ་ཟད། སླད་ཕྱིན། ཁོ་ཚོས་ཀྱང་ཁྲལ་གཞུང་ལ་འཇལ་དགོས་པ་ལས། དགོན་པའི་ཕྱོགས་སུ་འགྲོ་སོང་གཏོང་མི་ཆོག་པར་བྱས་ཚུལ་གསུངས་འདུག ད་ལྟའི་བཤད་ཚུལ་ལྟར་ན། དགོན་པ་ཚོས་རང་ཁ་རང་གསོ་ཐུབ་དགོས་ལབ་པ་ཨེ་ཡིན་ནམ།སྐབས་དེར་མཚོན་ན། ལས་ཀ་དེ་ནི་ལས་སླ་པོ་ཞིག་མིན་ཚོད་དེ། ལྷ་སྡེ་མི་སྡེ་དེ་ཐམས་ཅད་དགོན་པའི་མཆོད་གཞིས་སུ་མི་འགྱུར་གཡུང་དྲུང་གི་ཚུལ་དུ་ཕུལ་བ་ཡིན་ཞེས་ཡབ་མེས་གོང་མའི་བཀའ་གཙིགས་ཡི་གེ་ཡོད་ཅིང་། གནའ་དུས་སུ་ཡབ་མེས་གོང་མའི་བཀའ་གཙིགས་ནི་ཧ་ལས་པའི་གནད་ཆེན་དུ་རྩི་བ་རེད།དེའི་ཕྱིར་དགོན་པའི་ཕྱོགས་འཛིན་མཁན་ཚོས། ཡབ་མེས་གོང་མའི་བཀའ་གཙིགས་ཡོད་བཞིན་དུ། ལས་འདི་འདྲ་བསྒྲུབས་པར་བལྟས་ན། བཙན་པོ་ཆོས་ལ་སྡང་བ་རེད་སོགས་ཟེར་ཏེ་རྙོག་དྲའང་ཇེ་ཆེར་སོང་བས། མཐར་བཙན་པོས་དམག་དཔུང་བཏང་ནས། དགོན་པ་རྣམས་གཏོར་བ་ཡིན་པར་སྣང་། (མཁར་རྨེའུ་བསམ་གཏན་གྱིས་བཙན་པོས་དམག་བཏང་ནས་དགོན་པ་གཏོར་ཞེས་དངོས་སུ་བཤད་མེད་ཀྱང་། རབ་བྱུང་བཙན་གྱིས་ཁྱིམ་པར་ཕབ་པ་དང་། ལོ་གཞོན་གྱིས་གསར་དུ་རབ་བྱུང་བསྒྲུབ་རྒྱུའི་མཚམས་བཅད་པར་བཤད་འདུག)དེ་མ་གཏོགས། «ཆོས་འབྱུང་མཁས་པའི་དགའ་སྟོན»དང་། «ཉང་ཆོས་འབྱུང» «རྒྱལ་རབས་གསལ་མེ» ཚལ་བ་ཀུན་དགའ་རྡོ་རྗེའི«དེབ་དམར»སོགས་སྔར་གྱི་ཆོས་འབྱུང་ལོ་རྒྱུས་ཚོའི་ནང་དུ་ནི། དར་མས་བསྟན་པ་བསྣུབས་ཞེས་པ་ཙམ་ལས་བསྟན་པ་ཅིའི་ཕྱིར་བསྣུབ་དགོས་པའི་རྒྱུ་རྐྱེན་ཞིབ་ཕྲ་ཡོད་པ་མ་རེད། “འོན་ཀྱང་། «ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང»ནང་ལ་ནི་རིན་ཐང་ཆེ་བའི་དཔྱད་གཞིའི་ཚིག་ཐུང་ཐུང་ཞིག་མཐོང་རྒྱུ་ཡོད་དེ། རྒྱལ་སྲིད་ཆོས་ལ་ཤོར་གྱི་དོགས་པས། རྗེ་ཡིས་ཆོས་སྤངས”གསུངས་པ་དེ་ཡིན། དོན་ནི། བོད་ཀྱི་སྤྱི་ཚོགས་ནང་ཆོས་པའི་དབང་ཤུགས་ཇེ་ཆེ་ཇེ་ཆེར་ཕྱིན་ཞིང་། བར་སྐབས་ནས་རྒྱལ་པོའི་སྲིད་ཆོས་ལ་ཤོར་བའི་ཉེན་ཁ་དང་དོགས་པ་བྱུང་ནས། རྒྱལ་པོས་ཆོས་སྤངས་བཞག་པ་ཡིན་ཞེས་པ་སྟེ། ཚིག་དེ་འདྲ་ཞིག«ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང»གི་ནང་དུ་ཐོན་པ་མ་གཏོགས། ཆོས་འབྱུང་གཞན་གྱི་ནང་དུ་ནི་དར་མས“བསྟན་པ་བསྣུབས”པའི་རྒྱུ་རྐྱེན་གསལ་པོ་མཐོང་དུ་མེད།གལ་ཏེ་དར་མས་བསྟན་པ་བསྣུབས་ཡོད་ན། ང་ཚོས། ཁོང་གིས་ཅིའི་ཕྱིར་བསྟན་པ་བསྣུབས་པ་ཡིན་ནམ། ཁོང་ལ་དེ་བསྣུབ་འདོད་ཀྱི་བསམ་བློ་ཇི་ལྟར་སྐྱེས་པ་ཡིན་ནམ། དེ་བསྣུབ་དགོས་པའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་ཅི་ཞིག་ཚང་བ་ཡིན་ནམ་སོགས་ཀྱི་དྲི་བ་ཁུར་ནས་དཔྱད་ཚེ། ཆོས་འབྱུང་ལོ་རྒྱུས་རྣམས་སུ་དྲིས་ལན་གསལ་པོ་མེད་པ་ནི་ཤིན་ཏུ་དོགས་པ་ཟ་བྱེད་ཅིག་ཡིན་པ་རེད།

བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ། དེའི་རྒྱུ་རྐྱེན་རེ་འགའ་བྲིས་ཡོད་པའང་། རྒྱལ་པོ་གླང་དར་མ་ནི་སྔོན་དུས་རིང་པོ་ནས་བསྟན་པ་བཤིག་པའི་སྨོན་ལམ་ལོག་འདེབས་བྱས་པ་ཞིག་ཡིན་རབས་དང་། རྒྱལ་པོའི་ཐུགས་སུ་གདོན་གསོལ་བ་ཡིན་རབས་ལྟ་བུ་ལས། དུས་རབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་། སྲིད་དོན་གྱི་གནས་བབས་གང་འདྲ་ཞིག་གི་རྐྱེན་གྱིས་རྒྱལ་པོའི་སེམས་ལ་འགྱུར་ལྡོག་བྱུང་ནས་ལས་ཀ་དེ་བསྒྲུབ་འདོད་སྐྱེས་པ་སོགས་ཞིབ་ཕྲ་གཅིག་ཀྱང་བྲིས་མེད་པས། འདིའི་ལོ་རྒྱུས་ལ་རྩོད་པ་དེ་འདྲ་ཞིག་འབྱུང་དགོས་དོན་ཡང་དེ་རེད།འདི་དང་འདི་འདྲའི་ལོ་རྒྱུས་གང་ཡིན་རུང་། ང་ཚོས་དྲང་པོ་དྲང་བཞག་ཅིག་ཨེ་ཤེས་བལྟ་རྒྱུ་གལ་ཆེན་པོ་རེད། ལོ་རྒྱུས་ལ་ནི་ཆགས་ཞེན་གྱིས་སྦགས་ནས་བལྟས་ན་སྙིང་པོ་ཏིལ་ཙམ་མེད་པས། རྒྱལ་པོ་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་འདུག་གམ་མི་འདུག གལ་ཏེ་ཁོས་བསྟན་པ་བསྣུབས་མེད་ཀྱང་འདུལ་བསྟན་བསྣུབས་ཡོད་ན། དེ་བསྣུབ་དགོས་དོན་གང་རེད། རྒྱལ་པོ་ལན་ནམ། རབ་བྱུང་པའི་སྡེ་རང་ཉིད་ལན་སོགས་ཇི་མ་ཇི་བཞིན་ཤེས་ཐབས་ལ་འབད་རྒྱུ་གལ་ཆེན་པོ་རེད།

འོ་ན། བཙན་པོ་དར་མས་འདུལ་བསྟན་བསྣུབས་པའི་རྗེས་སུ། སླར་གསོ་ཇི་ལྟར་བྱུང་ངམ་ཞེ་ན། དེ་ལ་ནི་སྟོད་འདུལ་དང་སྨད་འདུལ་གཉིས་བྱུང་ཡོད་དེ། སྟོད་མངའ་རིས་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་གྱི་པཎྜིཏ་དྷརྨ་པཱ་ལ་སྤྱན་དྲངས་ཤིང་། དེའི་མདུན་དུ་བོད་མི་རྣམས་རབ་ཏུ་བྱུང་སྟེ་འདུལ་བསྟན་དར་བ་ལ་སྟོད་འདུལ་ཞེས་བྱ།ཡང་། རྒྱལ་པོ་དར་མས་འདུལ་བསྟན་ཉམས་པར་བྱས་སྐབས་དབུས་གཙང་གི་མཁས་པ་མི་གསུམ་ཁམས་སུ་བྲོས་པ་རེད། དེའི་ཁམས་ཟེར་བ་ནི་ད་སྐབས་མདོ་དབུས་ཁམས་གསུམ་རྩི་བཞིན་པའི་ཁམས་དེ་མ་ཡིན་པར་མཚོ་སྔོན་ཙོང་ཁའི་ཕྱོགས་རེད། སྤྱིར་བཏང་ཁམས་ཞེས་པ་སའི་མཐའ་མཚམས་ལ་འཇུག་པར་བཤད་པས། བསྟན་པ་ཕྱི་དར་གྱི་མགོ་བཟུང་ཙམ་གྱི་ཡིག་ཆ་དག་གི་ནང་དུ། ཁམས་ཀྱི་མི་དང་། ཁམས་ཀྱི་ས་ཆ་ཞེས་ཐོན་པ་དག་ནི་ད་ལྟའི་ཁམས་ཀྱི་གོ་དོན་དང་ཅུང་མི་འདྲ་སྟེ། དེ་དུས་མཚོ་སྔོན་ཙོང་ཁ་སོགས་ལའང་ཁམས་ཞེས་བྲིས་ཡོད། མཁས་པ་མི་གསུམ་ལི་ཡུལ་ལམ新疆བརྒྱུད་ནས་ཙོང་ཁའི་ཕྱོགས་སུ་བྲོས།ཡུལ་དེ་རུ། ཁོང་རྣམ་པས་སློབ་མ་ཞིག་ལ་རབ་བྱུང་བསྒྲུབས་པ་ཡིན་ལ། སློབ་མ་དེ་ནི་བླ་ཆེན་དགོངས་པ་རབ་གསལ་རེད། དེའི་ལོ་རྒྱུས་མི་བཤད། མང་དྲགས་ན་ཉོག་འགྲོ་གི་འདུག སློབ་མ་དེ་ཆུང་དུས་མིང་ལ་དགེ་བ་རབ་གསལ་ཟེར་ཞིང་། རྗེས་སུ་མཚན་སྙན་རྒྱས་པས་བླ་ཆེན་དགོངས་པ་རབ་གསལ་ཞེས་གྲགས། བླ་ཆེན་བསྙེན་པར་རྫོགས་སྐབས་ལས་ཀྱི་ཁ་སྐོང་དུ་དགེ་འདུན་གྱིས་མ་ལྡེང་བའི་དཀའ་ངལ་བྱུང་ཡོད། ཡུལ་དབུས་སུ་བསྙེན་རྫོགས་བསྒྲུབས་ན་དགེ་སློང་བཅུ་ཚང་དགོས་ཤིང་། མཐའ་འཁོབ་ཏུ་ལྔ་ཚང་དགོས་ནའང་། ཁོང་ཚོར་མི་གསུམ་ལས་མེད་པས། རྒྱའི་དགེ་སློང་གཉིས་ཁ་སྐོང་དུ་གདན་དྲངས་ན་འོས་ཞེས་དྲངས་ཏེ། ལས་ཀྱི་དགེ་འདུན་གྲངས་ཚང་བའི་དབུས་སུ་བླ་ཆེན་བསྙེན་པར་རྫོགས་ཤིང་། དེ་ནས་བརྒྱུད་པ་ལ་ནི་སྨད་འདུལ་ཞེས་བྱ་བ་ཡིན། དེའི་ཕྱིར་སྨད་འདུལ་ནི་རྒྱ་བརྒྱུད་ཀྱི་འདུལ་བ་དང་འབྲེལ་བ་ཡོད་པས། བོད་ཀྱི་གྲྭ་པའི་སྟོད་འགག་གི་མཐའི་ཁྱུད་སྐུད་སྔོན་པོ་བྱེད་པ་དང་། ཤམ་ཐབས་ཀྱི་ལྕགས་རིའི་ལྟག་ཚུགས་སྔོན་པོ་བྱེད་པ་སོགས་ནི་རྒྱའི་འདུལ་བསྟན་བོད་ཀྱི་འདུལ་བསྟན་ལ་དྲིན་ཆེ་བ་མི་བརྗེད་པའི་ཆེད་ཡིན་ཟེར་བའི་བཤད་སྒྲོས་ཀྱང་ཡོད། ད་སྐབས་དེ་ཀུན་འགྱུར་ནས་ཁ་དོག་དམར་པོར་སོང་ཟིན་པ་རེད།

སྐབས་དེར་བོད་ཀྱི་ཡུལ་དབུས་སུ་ནི་ཆོས་ལ་དད་པའི་གང་ཟག་མང་ཡང་། རབ་བྱུང་པའི་སྡེ་རྩ་བ་ནས་མེད་པར་གྱུར་པས། རིམ་གྱིས་མདོ་ཁམས་ན་དགེ་སློང་འདུག་ཅེས་པ་ཞིག་ཡུལ་དབུས་ནས་ཀྱང་གོ་བ་ན། མདོ་ཁམས་སུ་སོང་ནས་འདུལ་བའི་སྡོམ་རྒྱུན་ལེན་པའི་ཆེད་གཙང་གི་མི་ལྔ་དང་། དབུས་ཀྱི་མི་ལྔ་ལམ་དུ་ཆས་པར་སྨྲ།དེའི་ནང་གི་གཙོ་བོ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཡིན་ལ། ཁོང་རྣམས་ནི་ཕྱིས་སུ་དབུས་གཙང་གི་མཁས་པ་མི་བཅུ་ཞེས་འབོད་པ་དེ་ཡིན། ཁོང་རྣམས་ཀྱིས་བླ་ཆེན་དགོངས་པ་རབ་གསལ་གྱི་མདུན་དུ་དགེ་སློང་བསྒྲུབས་ནས་ཡར་བྱོན་པས། ལོ་རྒྱུས་སྟེང་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་སོས་ཞེས་གྲགས། (ཁོང་རྣམ་པས་བླ་ཆེན་གྱི་མདུན་ནས་དགེ་སློང་བསྒྲུབས་པའི་ལོ་རྒྱུས་འདི་ཉིད་བུ་སྟོན་དང་། འགོས་ལོ་སོགས་ཆོས་འབྱུང་སྨྲ་བ་མང་ཆེ་བའི་བཞེད་ཚུལ་ཡིན་ན་ཡང་། འདི་དང་མི་མཐུན་པའི་འདོད་ཚུལ་ཡང་ཡོད།)

མདོར་ན། འདིར“བླ་ཆེན་པོའི་དངོས་སློབ་ཀླུ་མེས”ཞེས་བྱུང་བ་ནི། ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཁོང་ཡིན་ཞིང་། དེའི་སློབ་བུ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་རྒྱལ་ལྷ་ཁང་འདི་བཏབ་པ་ཡིན་དུས། འདི་ཉིད་བསྟན་པ་ཕྱི་དར་གྱི་དང་པོའི་གནས་གཞིའི་གྲས་ཡིན་ཟེར་བ་ནི་ཧ་ཅང་བདེན་ནོ། ། 



    您可能也对以下帖子感兴趣

    文章有问题?点此查看未经处理的缓存