查看原文
其他

ལྷུག་རྩོམ|སྲོད་དུས་སྐར་མ་མཛོ་འདོགས།

DondrubTsering 羊兄乐园 2021-12-03

ལྷག་བསམ|ལ་རྒྱ|ཤེས་རིག|ཕུགས་འདུན


གླུ་གཞས་དྲ་ངོས|ལུག་ཚང་དཔལ་ཡོན།


རོང་སྐྱེས་དོན་གྲུབ་ཚེ་རིང་གིས་བརྩམས།


སྲིད་པའི་ཆགས་གླུ་ལས། དྲིན་ཆེ་བ་དྲིན་ཆེན་ཕ་མ་རེད། རྩ་ཆེ་བ་འཇིག་རྟེན་ཆགས་ལུགས་རེད།


དགུང་གི་སྐར་མའི་ཆ་ལ་དྲན་པ་རེ་བསླངས་ན་ངའི་ཚེ་འདས་ཨ་མ་དེ་ཡང་ཡང་དྲན་ཡོང་།  ངེད་ཚང་ནི་ཁྱིམ་རྙིང་ཞིག་ཡིན། བྱིས་པའང་ཤིན་ཏུ་མང་། བྱིས་པ་བྱིངས་ན་མ་སོན་པའི་སྐབས་ལ་ཨ་མས་ནམ་ཞར་སྲོལ་དང་བག་ལ་ཞ་བའི་གཏམ་རྒྱུད་ངག་རྒྱུད། མེ་ཏོག་ངོ་སྤྲོད། སྐར་མ་ར་སྤྲོད་སོགས་རང་གི་བློ་ལ་ངེས་པ་དག་མང་དུ་མཆིད་པས་ངེད་མིང་སྲིང་དག་ལའང་བག་ཆགས་གང་འཚམས་རེ་ཐེབས་ཡོད་ངེས། རྐྱེན་དེས་ཡིན་ནམ་ཅི་ཆ། ང་ནི་སྒྲུང་དང་མི་ཚང་ལོ་རྒྱུས་ཐན་ཐུན་ལ་དགའ་བ་མ་ཟད།   སྐར་མ་ངོས་འཛིན་ལ་དེ་བས་ཀྱང་དགའ་པོ་བྱུང་། དཔེར་ན་མུ་གེ་སྐར་མ་སྐེ་འཁྱོག སྐར་མ་ཨ་བརྟན་རྒྱལ་པོ། ཁུ་སིམ་སྨིན་དྲུག་ཁྲ་མོ། བྱང་གི་སྐར་མ་སྨེ་བདུན། ནམ་ལངས་ཐོ་རེངས་སྐར་ཆེན། ནམ་གུང་སྐར་མ་པ་སངས། ཆུ་ཞུགས་སྐར་མ་རི་ཥི། སྲོད་དུས་སྐར་མ་མཛོ་འདོགས་སོགས་གདའ།  སྐར་མ་དེ་དག་ལས་ཞེ་འཕྲ་ས་འཕྲང་ས་ནི་སྐར་མ་མཛོ་འདོགས་ཡིན། སྐར་མ་འདི་ནི་ཉི་མ་ནུབ་རིར་ཡོལ་ཏེ་རི་བོའི་ཕྲེང་བ་དག་ནག་རོག་གེར་གྱུར་ལ་རི་ཞོལ་གྲིབ་མ་རིང་ནས་རིང་དུ་འདོང་ཚེ་དགུང་སྐར་བརྒྱ་མ་ཤར་གྱི་སྔོན་མ་ཞེས་པ་ལྟར་འོད་ཆེམ་ཆེམ་འཆར་ངེས། དེ་ནི་འཇིག་རྟེན་ཁམས་ལ་མཚོན་ན་སྨག་ནག་ཆུང་འཐུབ་པའི་སྔ་ལྟས་ཡིན་ཞིང་འབྲོག་པའི་སྐྱེས་པ་བླངས་སོ་ཅོག་གིས་རྟ་ནོར་ལུག་གསུམ་རི་ནས་ལྷས་ལ་བསྐོར་བའི་དུས་སུ་ལྟ། ཨ་མས་ཀྱང་ངེད་བུ་སྤུན་དག་ལ་དུས་ཀྱི་ངོས་འཛིན་དེ་ནོར་མེད་དུ་ར་སྤྲད་ལ། ཨ་མའི་བསླབ་བྱ་ལྟར་ང་ཚོས་ཀྱང་མཛོ་འདོགས་ཀྱི་འོད་ལ་འགྲོགས་ནས་ཉིན་ཧྲིལ་བོའི་འབྲོག་གི་ལས་ལ་བསྡོམས་རྒྱག་པ་ནི་སྐབས་དེའི་འབྲོག་ཕྲུག་བྱིངས་དང་ཀུན་ནས་འདྲ།


ལར་མི་རིགས་སོ་སོ་ལ་རིག་གནས་སོ་སོ་ཞིག་ཆགས་གདའ། རིག་གནས་ཡན་གར་གྱི་ར་བ་ཆེན་པོ་དེའི་ནང་རང་རང་གི་ཤེས་རབ་ཀྱིས་ཟིན་མ་ཟིན་ལ་གནས་པའི་བྱ་དངོས་ཀྱང་ཁྲི་མ་འབུམ་དུ་གནས། དཔེར་ན་ནམ་མཁའི་མཐོངས་སུ་སྐར་མའི་རྒྱ་མཚོས་བདག་པའི་སྐར་ཕྲན་ནི་བྱེ་བའི་ཚོགས་མཆིས། དེ་དག་སོ་སོ་བགར་ན་རྩིས་སུ་རུང་མིན་ཅི་རིགས་དང་གཅིག་ཏུ་སྒྲིལ་ན་སྲིད་པའི་ཁམས་ཆེན་མོའི་དབྱིངས་རིམ་འདི་ཡོངས་སུ་ཁེབས་ནས་འོད་ཀྱི་དྲ་བ་དྲ་ཕྱེད་ཀྱིས་བརྟན་སྐར་མང་པོ་དང་ཤ་འབྲེལ་རུས་འབྲེལ་དུ་ཡོད་ལ་ནམ་མཁའི་དགུ་ཚིགས་སྐྱ་མོ་ཡང་དེའི་ཁམས་ལ་རྩི་མཁན་ཡོད་ཅིང་མི་བརྩི་མཁན་ཡང་ཡོད།


ཨ་མས་དགུ་ཚིགས་སྐོར་བཤད་སྐབས་དགུ་ཚིགས་སྐྱ་མོ་ནི་ནམ་མཁའ་ཆེན་པོའི་སྐ་རགས་ཡིན་ཟེར་ལ། སྐར་མ་སྨིན་དྲུག་ནི་དགུང་སྐར་བརྒྱའི་ཁྲོད་ཀྱི་བག་མ་ཡིན། རྒྱུ་སྐར་བརྒྱད་པོས་བག་སྐྱེལ་བྱས། སྐར་མ་སྨེ་བདུན་མགྲོན་མགོར་སོང་། ཨ་བརྟན་རྒྱལ་པོས་འབབ་སྟན་བླངས་ཞེས་འཇིག་རྟེན་མཐུན་འཇུག་སྟེ་ཨ་མདོའི་ཡུལ་གྱི་སྲིད་པའི་གཉེན་གྱི་འཛིན་ལུགས་ལ་བསྟུན་སྐར་མ་འདི་དག་གི་འབྲེལ་བ་ལས་སླ་མོས་བཤད། གཞན་ཡང་སྨིན་དྲུག་ཁྲ་མོ་དང་མུ་གེ་སྐེ་འཁྱོག་གི་བར་ལ་ཕྲ་མ་དང་དབྱེན་བྱུང་རྐྱེན་སྨིན་དྲུག་གིས་རྦབ་འགྲིལ་ཏེ་མུ་གེ་སྐེ་འཁྱོག་གི་སྐེ་ལ་ཕོག་པ་དང་མུ་གེ་སྐེ་འཁྱོག་གིས་ཀྱང་གཞུ་རྒྱུད་ལ་མདའ་བཞག་ཏེ་སྨིན་དྲུག་གི་ཕྱོགས་ལ་བདུང་བའི་སྐོར། ཁྲི་ཀའི་ཨ་མྱེ་ཡུལ་ལྷ་ཡང་སྐར་མ་ཞིག་ཡིན་ལ་མཚན་མིང་ལ་སྐར་མ་རིག་ལྡན་ཟེར་ཞིང་སྐྱ་མིང་ལ་སྐར་མ་བུན་ཁྲང་ཟེར་བ་མ་ཟད། སྐར་མ་འདི་བོད་ལ་འདོང་སྐབས་སྨིན་དྲུག་ཁྲ་མོས་བསྐྱལ་ཏེ་རྨ་ཆུར་བརྒལ་བའི་སྐོར། ད་དུང་དགུང་གི་སྐར་མ་ལས་འོད་ཤ་ལེར་ལྷུང་བའི་སྐར་མདའ་རེ་རེ་དང་འཇིག་རྟེན་ལས་འཆི་བའི་མཐའ་ལ་གཤེགས་པའི་ཤི་བོ་རེ་རེ་གཉིས་གྲངས་མཚུངས་སུ་གནས་པས་སྐར་མདའ་རེ་རེ་མིག་གི་རྒྱལ་མོའི་མཐོང་ལ་འཁོར་ཚེ་མ་ཎི་རེ་རེ་འདོན་དུ་སྐུལ་བ་སོགས་ཀྱིས་དུས་ད་ལྟའང་སྐར་མདའ་མཐོང་ན་ཁ་ནས་མ་ཎི་མ་བཏོན་ཡང་སེམས་སུ་མ་ཎི་ཚར་གཅིག་སིམ་འགྲོ་བ་ལྟ་བུ་ཞིག་རེད། གཏམ་རྒྱུད་འདི་དག་ནི་བསུབ་ཏུ་མེད་པའི་བག་ཆགས་ཀྱི་བློ་སྟོབས་ཤིག་དང་རྟིང་མའི་བུ་ཕྲུག་དག་དྲངས་པོར་འགྲེང་བྱེད་ཀྱི་སྒལ་ཚིགས་ལྟ་བུ་རུའང་གྱུར་འགྲོ་བ་ཞིག་རེད།


འདི་ལྟར་དུས་ཀྱི་བརྩེགས་རིམ་ནི་ཆ་ཤས་ཡང་ཤས་ཀྱིས་བསགས་ལ་ཕྱིར་འདང་རེ་རྒྱབ་ན་སྐར་ཆ་དྲུག་ཅུ་ནི་སྐར་མ་གཅིག་ཡིན་ལ་སྐར་མ་ཞེ་བརྒྱད་ནི་ཡུད་ཙམ་གཅིག ཡུད་ཙམ་སུམ་ཅུ་ནི་ཉིན་མཚན་ཕྲུགས་གཅིག་ཡིན། དེ་ལྟར་ཉིན་ཐོག་མཚན་ལ་རྒྱུས་ཤིང་ཟླ་ཐོག་ལོ་འབྲངས་ཏེ་ངའི་ལྷུ་དྲུག་ལུས་ཀྱི་གཉོམ་ལག་ལ་ཡང་འདབ་མ་རྒྱས་པའི་སྐབས་ཤིག་ཀྱང་རིམ་གྱིས་བསླེབས། གཞོན་ཤ་འགོས་པའི་སྐབས་ནི་མི་ལུས་རིན་ཆེན་ལ་འདོད་ཡོན་ཅི་རིགས་བསགས་ཤིང་ཁོག་སྟོད་རྩ་ཡི་ཉིང་ལག་རྒྱས་ཤིང་ཁོག་སྨད་ཆུ་ཡི་འཕེལ་ཁ་གྲུབ་ཏེ་ཤ་གསེང་རུས་གསེང་ན་རྒྱུ་བའི་ཤེས་མེད་འཛིན་མེད་ཀྱི་རོ་ཙ་བྱ་བའི་ཚོར་བ་ཟ་ཟི་དང་སྣང་བ་བན་བུན་ཞིག་གིས་དབྱིག་འདེད་ལྕག་འདེད་བྱེད་ཀྱིན་ཡོང་། སྐབས་དེའི་ཚོར་བ་ནི་རྒྱ་མཚོའི་ཀློང་ནས་གྲུ་གཟིངས་ཞིག་པ་དང་བུ་ལོན་དུས་སུ་མ་འཕྲོད་བདའ་འདེད་ཐེབས་པ། རྔོན་དང་ཤ་ཁྱིས་ཁྱེར་བའི་གླ་བོ་བཞིན་དྲན་དབང་མེད་པ། སྡོད་དབང་སྟོང་བ། ཕྱོགས་ཆ་མེད་པ་ཞིག་ཀྱང་རེད་ཨང་།


ཏག་ཏག་དུས་དེར་སློབ་གྲྭར་གདའ་ཡང་དབྱར་དགུན་གནང་གི་གུང་གསེང་གི་སྐབས་རྟ་ནོར་ལུག་གསུམ་གྱི་རྫི་བོར་ནམ་ཞར་འདོང་བཞིན་ཡོད། ལུས་སྲོག་ལོངས་སྤྱོད་ཀུན་ལ་འགྱུར་བ་དང་རིག་གནས་སྣ་ཚོགས་ཀྱི་འགལ་འདུས་རུབ་ཀྱང་སྲོད་ལ་མ་བསླེབ་གོང་གི་སྐར་མ་མཛོ་འདོགས་ཀྱི་འཆར་ལམ་ལ་ལྟ་བར་སྔར་ལས་ཀྱང་ཤིན་ཏུ་རབ་ཏུ་དགའ་ཞིང་དུང་བའི་སྣང་བའང་ཇེ་དྲག་ནས་ཇེ་དྲག་ཏུ་སོང་། ཁ་ཡ་ན་ཟླ་དང་འགྲོག་ནས་འཇིག་རྟེན་སྣང་བའི་སྐོར་གྱི་ལ་གཞས་རེ་གཉིས་ཀྱང་བསླབས། ས་རུབ་ཁའི་སྐར་མ་མཛོ་འདོགས་ཡིན། མཛོ་འདོགས་སྐར་མ་ཐུག་འདོགས་རེད། རོགས་འུ་གཉིས་མཉམ་དུ་ཐུག་དུས་ཡིན། ནམ་གུང་གི་སྐར་མ་པ་སངས་ཡིན། པ་སངས་སྐར་མ་སྐྱོ་སངས་ཡིན། ཞེ་མཐུན་ཏེ་སྐྱོ་བ་སངས་དུས་ཡིན། ནམ་ལངས་ཁའི་སྐར་མ་སྐར་ཆེན་ཡིན། སྐར་ཆེན་སྐར་མ་སྡིག་ཆེན་ཡིན། རོགས་འུ་གཉིས་ཁ་ཁར་གཏོང་སྐྱེད་ཡིན་སོགས་སྐར་མ་མཛོ་འདོགས་དང་མ་འབྲལ་བའི་ལོ་ཟླ་ཞིག་དང་མི་ཐོག་རིམ་བརྒྱུད་ཀྱིས་ཚིག་གི་བརྡར་ཤ་བཅད་པའི་སྲིད་པའི་གླུ་རྒན་འདིས་ཡང་བསྐྱར་ང་རང་འབྲོག་གི་འཚོ་བའི་རལ་ཀླུང་གི་སྦུབས་སུ་དྲངས། ཁ་འགྲོགས་ཞེ་འགྲོགས་ཀྱི་མཐུན་པའི་ཆ་ལའང་སེམས་ཐོག་སེམས་ཀྱིས་སྙོར་ཏེ་གོམ་པ་དལ་ལེན་དུང་ལེན། ཚིག་ཐོག་ཚིག་གི་རྟིང་གནོན་སོགས་སྤང་ཐང་གི་གཞི་ལ་སྣང་བ་རབ་རིབ་ཀྱིས་མཚན་མོ་རྒྱུ་བ་ངན་སོང་དྲུག་གི་ལས་ཀྱང་མང་དུ་བགྱིས།


འདི་ལྟར་དུས་ལ་དུས་མཐུད་དེ་བསླབ་མཐར་ནི་ཕྱིན། མི་སྡེའི་སྤྱི་ཚོགས་ཀྱི་སྡིངས་ཆར་ནི་ཞུགས། རང་གི་རིག་གནས་དང་སྐད་ཡིག་ལ་རམ་སྐྱོར་གྱི་ལས་ཀ་རེ་གཉིས་ནི་ལས།  ལས་ཀྱི་སྨྱན་ཀའི་མཐུན་སྦྱོར་ནི་བགྱིས། ཕ་མ་ཕྲུ་གུའི་རྟེན་འབྲེལ་གྱི་ཆ་ཡང་འགྲིག་པར་གྱུར་བ་ནི་མི་ཚེའི་སྙིང་བོ་ལེན་པའི་དུས་ལ་བབས་པའི་འགྱུར་བ་གཞན་ཞིག་ཡིན་ཡང་སྲིད་མོད། ངས་ད་དུང་ཡང་དྲན་པས་གཏོང་བར་དཀའ་བ་ནི་སྐར་མ་མཛོ་འདོགས་ཀྱི་འཆར་ལམ་རྐྱང་རྐྱང་རེད་གདའ།


ས་གཞི་ནི་རིམ་གྱིས་མི་སྡུག་སྟོང་གིས་མནར་ཏེ་རྩྭ་ལ་ཉག་གཅིག ཆུ་ལ་ཧུབ་གང་། དུད་འགྲོ་ལ་འཛུགས་གཅིག་མེད་པར་ཕ་ས་མ་མོའི་བྲང་མགོ རང་ས་གསེར་གྱི་ཐུ་བ་འདི་དང་གཏན་བྲལ་གྱིས་ཁང་བརྩེགས་མཐོན་པོ་མདའ་གསེབ་མདུང་གསེབ་ཀྱི་ཚུལ་ལ་ཆགས་པའི་འཕྲུལ་ཆས་ཀྱི་འཛེར་སྒྲ་དང་མི་ཚོགས་ཀྱི་དུག་རླངས་ལས་ངས་ནི་བཟའ་ཟླ་དང་ལྷན་རང་གི་མི་རབས་རྟིང་མར་ཆགས་པའི་སྲོག་གི་དུམ་བུ་སྟེ་བུ་མོ་བསྟན་འཛིན་ཤེས་རབ་ལྷ་མོ་ཁྲིད་དེ་དབྱིངས་རིམ་གྱི་སྐར་མ་རེ་རེ་ར་སྤྲོད་བགྱིས། སྐར་མ་མཛོ་འདོགས་ནི་དགུང་སྐར་བརྒྱའི་སྔ་བ་སྔོན་མ་ཡིན་ལ། དེ་ཤར་བའི་དུས་ནི་ཁྱོད་རང་སློབ་གྲྭ་ནས་ཕྱིར་ཕ་མའི་པང་ལ་ལོགས་དུས་ཡིན་ཞེས་བཤད། ལར་ཡིན་ན་དུས་འདི་ནི་དྲེལ་བརྒྱ་ར་ལ་སྐོར་བའི་སྐབས་དང་མཛོ་བརྒྱ་གདང་ལ་འདོགས་པའི་ཚེ། སྟོང་ལུག་ལྷས་ལ་རྒྱག་པའི་མཚམས་ཞེས་བཤད་ན་འགྲིག་མོད། འོན་ཀྱང་གམ་འབྲོག་རྒྱང་འབྲོག་ལ་ཆ་མ་འཚལ་བའི་ངེད་བཟའ་ཟླ་གཉིས་ཀྱིས་རང་ས་རྟ་སྟན་ཙམ་ཡང་མེད་ས་ནས་སྲོལ་རྒྱུན་ལྟར་ངོ་སྤྲོད་བགྱིས་ཚེ་ལུས་ཀྱི་སྒྲོག་རུས་འཐོར་ཞིང་ཡིད་ཀྱི་ཞེ་ཤ་ཆད་པའི་སྐྱོ་བ་ཞིག་ཀྱང་བྱུང་གིན་ཡོད་པས་ཡིན། ཞོ་འཐུང་བྱིས་པའི་དུས་ལས་མ་འདའ་བའི་བུ་མོ་ནི་ས་ལྡིང་གནམ་ལྡིང་གིས་སྣང་ཁམས་ན་ཁྲ་ལམ་ལེར་འཆར་བའི་སྐར་མའི་ཚོགས་སུ་འདི་ནི་ཨ་ཕའི་སྐར་མ། འདི་ནི་ཨ་མའི་སྐར་མ་ཞེས་མཛུབ་སྟོན་མཛུབ་རྩིས་ཀྱི་ཞོར་ང་ལ་དྲི་བ་ཞིག་བཏང་ཡོང་། ཨ་ཕ། སྐར་མ་མཛོ་འདོགས་ནི་ཅིའི་ཕྱིར་སྐར་མ་ཐམས་ཅད་ཀྱི་སྔོན་མ་ཡིན་པ་རེད་ཟེར། ངས་ནམ་མཁའ་ཆེན་པོ་ནི་སློབ་གྲྭ་ཡིན། སྐར་མ་མང་པོ་དཔེ་ཁྲིད་ལ་ཞུགས་དགོས། དགུང་གི་སྐར་མའི་ཚོགས་ལས་སྐར་མ་མཛོ་འདོགས་ནི་བློ་སྦྱོང་ལ་དགའ་ཞིང་སློབ་གྲྭར་ཆེས་སྔ་མོར་འགྲོ་མཁན་དེ་ཡིན་པས། ཁྱོད་ཀྱང་སློབ་གྲྭར་སྔ་མ་སྔོན་མར་སོང་ལ་ཤེས་རབ་འཚོལ་བར་འབུང་ཚེ་སྐར་མ་མཛོ་འདོགས་ལྟར་འོད་ཆེམ་ཆེམ། གསལ་ལྷང་ལྷང་དུ་འགྱུར་ངེས་ཞེས་སྐུལ།  འདི་ནི་འབྲོག་གི་འཚོ་བ་ཟད་པའི་ཨ་ཕ་ཞིག་གིས་དགུང་གི་སྐར་མའི་ར་སྤྲོད་བརྒྱུད་རང་གི་བུ་མོར་བཤད་པའི་གཡོལ་དུ་མེད་པའི་བསླུ་བྲིད་ཅིག་ཡིན་ཡང་སྲིད་ལ་དུས་ཀྱི་དགོས་དབང་གིས་ཁྱེར་བའི་སློབ་གསོ་ཞིག་ཡིན་ཡང་སྲིད། གང་ལྟར་བུ་མོ་འདི་ངའི་འཇིག་རྟེན་ལ་ཐོན་པ་ནས་ངས་ནམ་ཞར་ཡང་ཀུན་སྤྱོད་ལེགས་ལམ་དུ་བསྒྱུར་བའི་ཆ་ལ་བསམ་བློ་མི་གཏོང་རྒུ་གཏོང་གིས་མིའི་རིགས་ཀྱི་སྒོ་མོ་ལ་སྐྱ་རེངས་ཤིག་འགྱོག་དགོས་ཚེ་ཕ་མ་དང་དགེ་རྒན་དག་གིས་ག་དུས་ཀྱང་སྙིང་དུ་སྡུག་པའི་བསླུ་བྲིད་སྣ་ཚོགས་ཤིག་ལ་སྟ་གོན་གང་ཡག་བསྡོག་དགོས་སྙམ་ལ། རྒྱུ་མཚན་ནི་སློབ་གསོ་ཞེས་པ་དེ་མ་གཞི་ནས་མི་ལ་ནམ་ཇི་ལྟར་ལངས་པ་ར་སྤྲོད་བྱེད་ཀྱི་ཐབས་དང་ཤེས་རབ་འབའ་ཞིག་ལགས་པས་སོ། །


རྩོམ་པ་པོ།


རོང་སྐྱེས་དོན་གྲུབ་ཚེ་རིང་གིས་རབ་བྱུང་བཅུ་བདུན་པའི་ཕྱི་ལོ2021ལོའི་དབྱུ་གུ་ཟླ་བའི་དམར་ཕྱོགས་བཟང་བ་གསུམ་པར་ཡི་གེར་ཕབ།

END
འགན་སེལ་ཡི་གེ|免责声明
རྩོམ་ཡིག་གིས་རྩོམ་པ་པོའི་ལྟ་བ་ལས་ལུག་ཚང་དཔལ་ཡོན་གྱི་ལྟ་བ་མི་མཚོན།
本文由作者投稿,不代表平台的观点和立场。


རྩོམ་སྒྲིག ཉི་མ་སྲི་ཐར།

འཕྲིན་ཕྲན། sonOfLhayak


ཚོང་འབྲེལ
བསྟན་བསམ། 159 5714 3653
ཉི་མ་སྲི་ཐར། 132 2899 7464

Copyright © 2013-2021 ལུག་ཚང་དཔལ་ཡོན།

: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存