查看原文
其他

སྤོམ་མདའ་རབ་དགའ་དང་ཉི་མ།

羊兄乐园 2022-03-21
ལྷག་བསམ|ལ་རྒྱ|ཤེས་རིག|ཕུགས་འདུན


སྒྲ་ལྡན་ལེ་ཚན།

*阅读原文ཞེས་པར་གནོན་ནས་མཚན་བྱང་དྲ་བར་འཇུག


སྤོམ་མདའ་རབ་དགའ་དང་ཉི་མ།

སོག་ཐུར།



ཐོག་མར་བཤད་འདོད་པ་ཞིག་ལ་གུས་པས་ལོ་འགའི་སྔོན་སྨར་ཁམས་སྤོམ་མདའ་ཚང་གི་སྐོར་ལ་ཉུང་བསྡུས་ཞིག་བྲིས་ནས་འཕྲིན་སྟེགས་ཐོག་སྤེལ་མྱོང་། འོན་ཀྱང་དེ་དུས་ཤེས་རྟོགས་མ་བྱུང་བ་འགའ་ཞིག་ད་སྐབས་དཔེ་ཀློག་གི་ཁྲོད་ནས་རྙེད་སོང་བ་དང་། ལྷག་པར་སྤོམ་མདའ་རབ་དགའ་དང་ཉི་མའི་སྐོར་སྔ་མ་ཤེས་པའི་དོན་གལ་མང་ཙམ་ཞིག་མཐོང་ལམ་དུ་བྱུང་བས། ད་སྐབས་འདི་བྲིས་པ་ཡིན། འདིའི་ནང་སྤོམ་མདའ་རབ་དགའ་དང་སྤོམ་མདའ་ཉི་མ་གཉིས་ཀྱི་སྐོར་ནས་ཉུང་ངུ་ཙམ་རེ་བཤད་རྒྱུ་ཡིན།

དེ་ཡང་དང་པོ། སྤོམ་མདའ་རབ་དགའ་ནི།

༡ སྤོམ་མདའ་རབ་དགའི་ཁྱིམ་རྒྱུད། 

སྤོམ་མདའ་རབ་དགའི་ཁྱིམ་རྒྱུད་ཀྱི་དབང་དུ་བྱས་ན། ཁོང་ནི་ཕལ་ཆེར་རྒྱལ་དབང་ཅུ་གསུམ་པའི་དུས་སུ་བྱུང་བའི་བོད་ཀྱི་ཚོང་དཔོན་ཆེན་པོ་སྤོམ་མདའ་ཉི་མ་རྒྱལ་པོའམ་ཡང་ན་ཉི་མ་རྒྱལ་མཚན་ཟེར་བ་དེ་གཉིས་གང་རུང་གི་བུ་ཡིན་ཞིང་། ཨ་མ་གཅིག་པའི་སྤུན་མཆེད་ལ། ཆེ་བ་བོད་ཀྱི་རིམ་བཞི་དང་གྲོ་སྤྱིའི་གོ་གནས་ཡོད་པ་སྤོམ་མདའ་ཡར་འཕེལ་དང་། འབྲིང་བ་ཕ་ཡུལ་སྨར་ཁམས་ཀྱི་ས་སྲུང་དཔོན་དམག་གི་འགོ་དཔོན་ཡིན་པ་སྤོམ་མདའ་སྟོབས་རྒྱས་བཅས་ཡོད་ཅིང་། ཆུང་བ་སྤོམ་མདའ་རབ་དགའ་ཁོ་རང་ཡིན། ཨ་མ་མི་གཅིག་ལ་ཕ་གཅིག་པའི་སྤུན་མཆེད་ཉི་མ་ཟེར་བ་ཞིག་ཡོད་པ་དེའི་སྐོར་འོག་ནས་སྤོམ་མདའ་ཉི་མའི་སྐབས་ནས་འབྱུང་།

༢ སྤོམ་མདའ་རབ་དགའ་གཅེན་པོ་སྟོབས་རྒྱས་ཀྱིས་དབུས་གཞུང་ལ་ངོ་ལོག་བྱེད་པའི་གྲལ་དུ་བཞུགས་པ།

སྤོམ་མདའ་རབ་དགའ་ནི་༡༩༣༤ལོར་སྤུན་འབྲིང་བ་གཅེན་པོ་སྟོབས་རྒྱས་ཀྱིས་སྡེ་པ་གཞུང་ལ་ངོ་ལོག་བྱེད་པའི་གྲལ་དུ་ཡོད་པ་རེད། དེ་ཡང་རྒྱལ་དབང་ཅུ་གསུམ་པ་སྐུ་མྱ་ངན་ལས་འདས་ནས་ཟླ་ངོ་གསུམ་ཙམ་ཞིག་ལོན་མ་ལོན་གྱི་སྐབས་སུ། རྒྱལ་བའི་སྤྱན་བསལ་བར་གྱུར་པའི་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལགས་ལ་རྩིས་དཔོན་ལུང་ཤར་བ་སོགས་ཀྱིས་རྒྱལ་བའི་འདས་རྐྱེན་དང་ཀུན་འཕེལ་ལགས་རང་ཉིད་ཀྱིས་འཛུགས་སྐྱོང་བྱས་པའི་གྲོང་དྲག་དམག་སྒར་གྱི་དོན་རྐྱེན་སོགས་ལ་བརྟེན་པའི་ཉེས་འཛུགས་ཀྱི་འོག་ནས་༡༩༣༣ཟླ་༣པ་ཙམ་གྱི་ནང་ལ་ཀོང་པོ་རྩེ་ལ་རྫོང་དུ་ཚེ་གང་རིང་རྒྱང་འབུད་དུ་བཏང་། ཀུན་འཕེལ་ལགས་ནི་སྤོམ་མདའ་ཚང་དང་ས་འདུ་ཚང་ལ་ཧ་ཅང་གི་འབྲེལ་འདྲིས་ཆེ་བ་ཞིག་ཡིན་པས། སྤོམ་མདའ་སྟོབས་རྒྱས་ཀུན་འཕེལ་ལགས་སུ་ཉེས་འདོགས་བྱས་པ་སོགས་ལ་བློ་ཕམ་ཆེན་པོ་བྱུང་ནས་དབུས་གཞུང་ལ་ངོ་ལོག་བྱས་ཤིང་། རང་གཞུང་གི་དེའི་དུས་སུ་དབང་སྒྱུར་བྱ་སའི་མངའ་ཁུལ་ལས་ཁ་འབྲལ་ཏེ། འབྲི་ཆུའི་ཕ་རོལ་ཏུ་གོ་མིན་ཏང་གི་འོག་ཏུ་ཡོད་པའི་འབའ་ཐང་ལ་བྲོས་བྱོལ་ཏུ་སོང་བ་སོགས་བྱུང་བའི་ཁོངས་སུ་རབ་དགའ་ཡང་ལྷན་དུ་ཡོད་པ་རེད།

༣ རབ་དགས་ནུབ་བོད་ལེགས་བཅོས་ཚོགས་པ་བཙུགས་པ། 

གཅེན་པོ་སྟོབས་རྒྱས་ཀྱིས་རང་གཞུང་ལ་ངོ་ལོག་བྱུང་བའི་རྗེས་ཀྱི་༡༩༣༥ལོ་ལ། སྤོམ་མདའ་རབ་དགའ་ནི་རང་ལོ་༤༥ཙམ་ཡིན་ཞིང་མི་ཚེ་མང་ཤོས་དེ་ཁམས་སུ་བསྐྱལ་ཡོད་པ་ཞིག་ཡིན། དེ་ཡང་བོད་ཀྱི་ལོ་རྒྱུས་ཐོག་གི་འབུམ་རབས་པའི་མཚན་ཅན་ཨ་རི་བ་མེལ་ཝིན་གོལ་སི་ཊིན་མཆོག་གིས། རབ་དགའ་ནི་སུན་ཀྲུང་ཧྲན་གྱི་ལྟ་བར་ཡིད་ཆེས་ཆེན་པོ་བྱེད་མཁན་ཞིག་ཡིན་ཞིང་སུན་གྱི་རྩོམ་ཡིག་གལ་ཆེན་འགའ་ཤས་བོད་ཡིག་ཏུ་བསྒྱུར་ཡོད། རབ་དགའི་བསམ་པར་བོད་ཀྱིས་ཀྱང་རྒྱ་ནག་གིས་ཆིང་གོང་མ་མགོ་རྟིང་བསློགགས་པ་ལྟར་བོད་ལ་འགྱུར་བ་གཏོང་རྩིས་བྱས་ཡོད་ཅིང་ད་ཡོད་ཀྱི་བོད་གཞུང་ནི་དེང་རབས་འཛམ་གླིང་དང་མཐུན་ཐབས་མེད་ཅིང་རེ་བ་ཟད་པ་ཞིག་ཡིན་པར་ངེས་ཤེས་རྙེད་མཁན་ཞིག་ཡིན། ཞེས་གསུངས་ལྟར་ལོ་དེར་ཁོ་རང་ཁམས་ནས་རྒྱ་གར་ལ་སོང་ཤིང་རིམ་བཞིན་མགྱོགས་པར་རྒྱ་ནག་ཁྲུང་ཆིང་དུ་སླེབས་ནས་གོ་མིན་ཏང་གིས་བོད་ཐོག་ཏུ་ལས་འགུལ་སྤེལ་སའི་ལས་ཁུངས་བོད་སོག་ལས་ཁུངས་ཟེར་བ་དེ་འཛུལ་བཞུགས་བྱས།

༡༩༣༦ལོ་རབ་དགས་རྒྱ་ནག་ནས་ཚོགས་པ་ལ་རྒྱབ་སྐྱོར་འཚོལ་བ་སོགས་བྱས་ནས་༡༩༣༧ལོར། རྒྱ་ནག་གི་ཕྱིར་སྐྱོད་ལག་ཁྱེར་དང་བཅས་རྒྱ་གར་དུ་སླེབས། ༡༩༣༩ལོར་ཀ་སྦུག་ཏུ་ཀུན་འཕེལ་ལགས་དང་ལྕང་ལོ་ཅན་པ་སོགས་དང་མཉམ་དུ་ནུབ་བོད་ལེགས་བཅོས་ཚོགས་པ་ཟེར་བ་བཙུགས། ༡༩༤༤དང་༡༩༤༥ནང་གོ་མིན་ཏང་གིས་དཔལ་འབྱོར་གྱི་རོགས་དན་ཐོབ་ནས་ཀ་སྦུག་དང་དེ་བཞིན་བོད་ལའང་ཚོགས་པ་འཛུགས་རྩིས་བྱས་ཤིང་། ལོ་དེའི་ནང་དགེ་འདུན་ཆོས་འཕེལ་སོགས་ཚོགས་མིའི་གྲལ་དུ་བཅུགས་པ་དང་ཚོགས་པའི་སྒྲིག་གཞི་དང་ཁྲིམས་སྲོལ་སོགས་གཏན་འབེབས་ཀྱིས་ཚོགས་པ་ལེགས་འགྲུབ་བྱུང་བ་དང་། དགེ་འདུན་ཆོས་འཕེལ་འབྲུག་ཡུལ་བརྒྱུད་ནས་སོང་སྟེ། མོན་རྟ་དབང་དང་བོད་བྱང་ཕྱོགས་ཀྱི་མཐའ་མཚམས་ཁག་གི་ས་ཁྲ་བྲིས་པ་སོགས་བྱས་ཞོར་༡༩༤༦ཟླ་༡ཚེས་༤ཡི་གོང་ཙམ་ལ་ལྷ་སར་འབྱོར། མཐར་དགེ་ཆོས་ཀྱིས་རབ་དགའ་ལ་ཡི་གེ་བཏང་བའི་སྐབས་ལམ་བར་དུ་དབྱིན་ཇི་བའི་སྲུང་དམག་གིས་སྔོག་བཤེར་བྱས་པས། ཤེས་རྟོགས་བྱུང་བའམ་ཡང་ན་རྒྱ་གར་ཉེན་རྟོགས་པས་ཁུངས་སྣེ་གཞན་ཞིག་རྙེད་པ་གང་རུང་གི་དབང་གིས་ལེགས་བཅོས་ཚོགས་པའི་གསང་བ་ཕྱིར་གྱར་དུ་ཤོར། དེ་ལ་བརྟེན་ནས་༡༩༤༦ཟླ་༤ཚེས་༡༠ཉིན་དབྱིན་ཇི་བ་རི་ཆར་སན་གྱིས་བོད་གཞུང་ལ་ལེགས་བཅོས་ཚོགས་པ་ཟེར་བ་ཞིག་ཡོད་པའི་ཉེན་བརྡ་བཏང་བ་སོགས་ཀྱིས་དགེ་འདུན་ཆོས་འཕེལ་བཙོན་འོག་ཏུ་ལྷུང་། 

༡༩༤༦ཟླ་༦ཚེས་༡༩ཉིན་དབྱིན་ཇིས་སྤོམ་མདའ་རབ་དགའ་གཙོས་པའི་དེར་ཡོད་ཀྱི་མི་སྣ་རྣམས་ལ་སོ་པ་དང་གསར་བརྗེའི་ལས་འགུལ་སོགས་ཀྱི་དྭོགས་གནད་ཀྱི་སྒོ་ནས་ཁང་པར་སྔོག་བཤེར་བྱས། རབ་དགའ་ལ་སྔ་ས་ནས་ལྡི་ལིར་ཡོད་པའི་རྒྱ་མིའི་དོན་གཅོད་ཀྱི་ཉེན་བརྡ་ཐོན་ཡོད་པས། ཚོགས་པའི་ཡིག་ཆ་སོགས་མེད་པར་བཏང་ཡོད་ནའང་། སྟོད་གོས་ཀྱི་ཁུག་མ་ནས་ལྷོད་གཡེང་ཤོར་སའི་ཡི་གེ་ཁ་ཤས་ཐོན་པའི་རྐྱེན་གྱིས་ཉེས་འཛུགས་ཕོག་ཅིང་། རབ་དགས་ཁོ་རང་ཆུང་མ་ནད་པ་ཡིན་པ་སོགས་ཀྱིས་རྒྱ་ནག་ལ་ཕྱིར་འབུད་མི་ཡོང་བའི་འབད་རྩོལ་བྱས་ཀྱང་ཕན་ཐོགས་མ་བྱུང་བར་༡༩༤༦ཟླ་༧ཚེས་༢༢ལ་ཧྲང་ཧད་དུ་ཕྱི་འབུད་བཏང་བ་དང་། རིམ་བཞིན་ཀུན་འཕེལ་ལགས་ཀྱང་ཕྱིར་འབུད་བཏང་བ་སོགས་ཀྱིས་ཚོགས་པ་རྩ་མེད་དུ་སོང་།

གཉིས་པ། སྤོམ་མདའ་ཉི་མ་ནི།

ཕུར་ལྕོག་བྱམས་པ་ཚུལ་ཁྲིམས་ཀྱིས་མཛད་པའི་གོང་ས་སྐུ་ཕྲེང་ཅུ་གསུམ་པའི་རྣམ་ཐར་ལས། ཚེས་བདུན་ཉིན་དད་གཏོང་ལྷག་བསམ་ཡངས་པ་འོན་རྒྱལ་སྲས་སྤྲུལ་སྐུ་དང་། སྤང་༼སྤོམ༽མདའ་ཚོང་དཔོན་ཉི་རྒྱལ་ཟུང་ནས་གསོལ་བ་བཏབ་པ་བཞིན་སྨོན་ལམ་ཚོགས་དབུས་སུ་ཞབས་སོར་བཀོད་དེ། ཡོན་གྱི་བདག་པོས་གཙོས་སྐྱེ་འགྲོ་ཡོངས་ལ་ལེགས་ཚོགས་ཀྱི་སྨན་ཡོན་བླ་ན་མེད་པ་སྩོལ་ཕྱིར་རྩེ་ཕོ་བྲང་ནས་ཆིབས་རགས་ཀྱི་བཀོད་པ་ཤིན་ཏུ་རྒྱས་པ་སྔར་སྲོལ་ལྟར་བསྒྲིགས་ཏེ་ལྷ་ལྡན་དུ་ཆིབས་བསྒྱུར་ཐོག ཅེས་དང་། ཚེས་བཅུ་བཞིའི་ཉིན་སྤང་༼སྤོམ༽མདའ་ཚོང་དཔོན་ཉི་མ་རྒྱལ་མཚན་གྱི་དགེ་ལེགས་ཀྱི་མགྲོན་དུ་བྱོན་ནས་རེ་བའི་འབྲས་བུ་རོ་བརྒྱའི་བཅུད་དང་ལྡན་པར་མཛད། ཅེས་པ་སོགས་ཀྱིས་རྒྱལ་དབང་ཅུ་གསུམ་པ་མཆོག་སྤོམ་མདའ་ཚང་གིས་ལྷ་སའི་སྨོན་ལམ་ཆེན་པོའི་ཡོན་བདག་བྱེད་དུས་ཞིག་ལ་སྨོན་ལམ་གྱི་ཚོགས་མགོན་དུ་ཕེབས་རྒྱུའི་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་གནང་ནས་ཕེབས་ཚུལ་དང་སྨིན་གྲོལ་གྱི་ཆོས་སྦྱིན་མཛད་ཚུལ་ཞིག་གསུངས། ཞྭ་སྒབ་རྒྱལ་རབས་ལས། རྨར་ཁམས་སྤོམ་མདའ་ཉི་མ་རྒྱལ་པོ་ཕ་བུ། ཨ་ཕྲུག་བཞི་བཅུ་སྐོར་བཅས་གོ་ལག་དང་། རྒྱགས་རང་གཤོམ་གྱི་སྐུ་སྲུང་དུ་བཅར་བ་དང་། ཞེས་ཅུ་གསུམ་པ་གྲོ་མོར་བཙན་བྱོལ་དུ་བྱོན་པའི་དུས་སུ་སྤོམ་མདའ་ཉི་མའི་ཕ་བུས་སྐུ་སྲུང་གནང་མྱོང་ཚུལ་ཞིག་གསུངས། ཨ་རི་བ་མེལ་ཝིན་གོལ་སི་ཊིན་གྱིས། ཁྱིམ་བདག་གཙོ་བོ་ཉི་མ་ནི་༧རྒྱལ་དབང་སྐུ་ཕྲེང་༡༣པའི་སྤྱན་བསལ་ཞིག་ཡིན་ཅིང་གཞུང་འབྲེལ་མ་ཡིན་པའི་ལས་འགན་བསྒྲུབ་པར་གཏོང་གནང་མཛད་ཡོད། ཉི་མའི་ཕ་གཅིག་མ་གཅིག་མ་ཡིན་པའི་བུ་སྤུན་ཆུང་བ་སྟོབས་རྒྱས་ལ་ཁོང་གི་ཕ་ཡུལ་དུ་ཡོད་པའི་མཐའ་མཚམས་ས་སྲུང་དམག་ལ་བཀོད་འདོམས་བྱེད་མཁན་དམག་དཔོན་གྱི་གོ་གནས་གནང་ཡོད། ཅེས་དང་། ལྷ་སའི་ཐུན་མོང་ཚོང་ལས་ཁང་དེ་ནི་ཉི་མའི་པཱ་ལགས་ཉི་བྱང་གིས་བཙུགས་པ་ཞིག་ཡིན་པ་ལོ་ཤས་གོང་ཁོང་ནི་གླིང་ག་གཏོང་སར་བསད་འདུག་པ་དེ་ནི་སྒེར་དོན་ཡིན་པ་གསལ་པོ་རེད་འདུག ཅེས་སོགས་གསུངས་འདུག་པས། ཡོངས་གྲགས་སུ་སྤོམ་མདའ་ཉི་མ་ཞེས་པའི་མིང་ཐོགས་སའི་མི་གཉིས་ཡོད་ཅིང་གཅིག་ཕ་དང་གཅིག་ཤོས་བུ་ཡིན་པ་དང་། དེ་གཉིས་པོ་ནང་གི་གཅིག་ལ་ཉི་མ་རྒྱལ་མཚན་དང་གཅིག་ཤོས་ལ་ཉི་མ་རྒྱལ་པོ་ཟེར་གྱིན་ཡོད་པ་འདྲ། ཨ་རི་བ་མེལ་ཝིན་གོལ་སི་ཊིན་གྱིས་གསུངས་ཚུལ་ལྟར་བྱས་ན། ཕལ་ཆེར་ཉི་བྱང་ངམ་ཉི་རྒྱམ་སྟེ་༼ཕ་ཡུལ་གྱི་ཁ་རྒྱུན་ལ་སྤོམ་མདའ་ཉི་རྒྱམ་ཞེས་འབོད་སྲོལ་ཡོད།༽ཉི་མ་རྒྱལ་མཚན་ཟེར་བ་དེ་ཕ་དང་ཉི་མ་རྒྱལ་པོ་ཟེར་བ་དེ་བུ་ཡིན་པའི་ཟོལ་འདྲ་ཞིག་དང་། ཡང་ཞྭ་སྒབ་པས་གསུངས་པ་ལྟར་བྱས་ན་ཉི་མ་རྒྱལ་པོ་དེ་ཕ་ཡིན་ནམ་སྙམ་པ་ཞིག་རེད་གང་ལགས་ཟེར་ཉི་མ་རྒྱལ་པོ་ཕ་བུ། ཅེས་ཉི་མ་རྒྱལ་པོ་གཙོ་བཟུང་འདྲ་ཞིག་གནང་འདུག་པས་དེ་ཕ་ཡིན་ནམ་སྙམ། ད་ལྟར་ནི་ཚང་མ་ཚེ་ལས་འདས་པ་རྐྱང་རྐྱང་ཡིན་པ་རེད། ཨཱོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རེ་ཞིག་མཇུག་རྫོགས་སོ།། །།

ཞེས་སྟོན་མཆོག་འདས་ལོ།༢༥༦༢ ཕྱི་ལོ།༢༠༢༡་༢་༡༧ བོད་རྒྱལ་ལོ་༢༡༤༨རབ་གནས་ལྕགས་གླང་ལོའི་ཟླ་༡ཚེས་༦ཉིན་དྲྭ་མིང་ལ་སོག་ཐུར་འབོད་པས་དཔེ་ཀློག་བྱེད་ཞོར་གྱི་ཟིན་ཐོ་རྣམས་སྒྲིག་སྦྱོར་དང་ཁ་གསལ་པོ་ཡོང་བའི་ཆེད་དུ་ས་བཅད་ཀྱི་སྡེ་ཚན་བཅས་བྱས་ཏེ་སྤེལ་བའོ།། །།

END
འགན་སེལ་ཡི་གེ|免责声明
རྩོམ་ཡིག་གིས་རྩོམ་པ་པོའི་ལྟ་བ་ལས་ལུག་ཚང་དཔལ་ཡོན་གྱི་ལྟ་བ་མི་མཚོན།
本文由作者投稿,不代表平台的观点和立场。


རྩོམ་སྒྲིག ཉི་སྲི།

འཕྲིན་ཕྲན། sonOfLhayak

ཡིག་ཟམ། nyisyi@icloud.com


Copyright © 2013-2022 ལུག་ཚང་དཔལ་ཡོན།

您可能也对以下帖子感兴趣

文章有问题?点此查看未经处理的缓存