其他

▶ཟླ་མཚན་ནི་ངོ་ཚ་ཞིག་ག་ལ་ཡིན།

2017-10-30 中国藏语广播CNR

Aditi Gupta ཡི་གཏམ་བཤད་ཀྱི་ནང་དོན་མདོར་བསྡུས། 

        ཟླ་མཚན་དང་དེའི་འཕྲོད་བསྟེན་སྐོར་གྱི་སློབ་གསོ་ནི་ཧ་ཅང་གལ་ཆེ་ཡང་།  རིག་གནས་རྒྱབ་ལྗོངས་དང་སྲོལ་རྒྱུན་འདུ་ཤེས་ཤིག་གི་དབང་གིས་དེའི་སྐོར་གྱི་སློབ་གསོ་ནི་འཛེམ་བྱ་ཞིག་ཏུ་གྱུར་ཞིང་།   ཟླ་མཚན་ནི་གསང་བ་ཞིག་དང་སྦེད་བྱ་ཞིག ངོ་ཚ་ཞིག་ཏུ་བརྩིས་ཡོད།   དོན་དངོས་སུ་དེ་ནི་མོ་ཡི་ལུས་མཚན་ལྡན་པའི་མི་བུ་ཞིག་ཡིན་པ་ཚང་མས་མི་ཚེ་ཕྱེད་ཙམ་གྱི་རིང་ལ་ཟླ་རེར་ཐེངས་རེ་བརྒྱུད་དགོས་པའི་ལུས་ཁམས་ཀྱི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་ལ། ད་དུང་ང་ཚོ་མིའི་རིགས་ཀྱི་འཚོ་གནས་དང་རྒྱུད་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པའི་སྐྱེ་ཁམས་ཀྱི་གྲུབ་ཆ་ཞིག་ཡིན།  ཡིན་ནའང་མི་རྣམས་ཀྱིས་དེ་ནི་འཛེམ་བྱ་ཞིག་ཏུ་བརྩིས་ཡོད་པས། དེ་གླེང་བར་ངོ་ཚ་བ་དང་དོགས་མི་བདེ་བས་ཕ་མ་དང་གཉེན་ཉེ་དག་གིས་བུ་མོ་ཚོར་ཟླ་མཚན་སྐོར་གྱི་ཤེས་བྱ་ཅི་ཡང་གླེང་གི་མེད་ཅིང་། ཐ་ན་སློབ་གྲྭའི་ནང་གི་སྐྱེ་དངོས་དགེ་རྒན་དག་གིས་ཀྱང་ཟླ་མཚན་ཤེས་བྱའི་སྐོར་གྱི་སྡེ་ཚན་ལ་སླེབས་ཚེ་དེ་སློབ་ཁྲིད་མི་བྱེད་པར་སྡེ་ཚན་རྗེས་མར་མཆོང་ལ། དེའི་སྐོར་གྱི་ཤེས་བྱ་གླེང་བར་ངོ་གནོང་གི་ཡོད། གནས་ཚུལ་དེས་བུ་མོ་ཚོར་ཟླ་མཚན་ནི་མི་འོས་པ་ཞིག་དང་ངོ་ཚ་ཞིག གསང་དགོས་པ་ཞིག ཐ་ན་དེ་ནི་བུ་མོ་ཚོའི་ཞན་ཆ་ཞིག་ཡིན་པའི་བསམ་བློའི་འདུ་ཤེས་སྐྱེས་སུ་བཅུག    དེ་དག་སོགས་ཀྱི་རྐྱེན་གྱིས་བུ་མོ་མང་ཆེ་བས་ཟླ་མཚན་སྐོར་གྱི་ཤེས་བྱ་གཏན་ནས་ཤེས་ཀྱི་མེད་ལ། དེ་ཅི་ལྟར་བདག་སྐྱོང་དང་འཕྲོད་བསྟེན་བྱ་དགོས་པ་ཡེ་ནས་ཤེས་ཀྱི་མེད།  བུ་མོ་ལ་ལས་ཟླ་མཚན་ཞེས་པ་ཞིག་ཡོད་པའང་གསལ་གྱི་མེད་པས། མོ་རང་ཚོར་ཐེངས་དང་པོར་ཟླ་མཚན་བབས་ཚེ་ཁོང་ཚོར་ནད་ལྕི་མོ་ཞིག་ཕོག་ཡོད་པར་དོགས་ནས་འཇིགས་སྣང་ཆེན་པོ་སྐྱེས་མྱོང་བར་གླེང་།    

        Aditi Gupta ཡིས་རྟོག་ཞིབ་བྱས་པ་ལྟར་ན་རྒྱ་གར་གྱི་བུ་མོ་བཅུ་རེའི་ནང་བུ་མོ་གསུམ་གྱིས་ཟླ་མཚན་རང་སྟེང་ནས་མ་བབ་བར་ཏུ་ཟླ་མཚན་ཞེས་པབ་ཞིག་ཡོད་པ་གཏན་ནས་ཤེས་ཀྱི་མེད་ལ།  ས་ཁུལ་འགའ་རེ་དེ་ལས་ཀྱང་ཚབ་ཆེ་སྟེ་བུ་མོ་བཅུ་ཡི་ཁྲོད་དུ་བུ་མོ་དགུ་ཡིས་ཟླ་མཚན་ཤེས་ཀྱི་མེད།  

        ད་དུང་བུ་མེད་88% ལ་ཟླ་མཚན་འབབ་སྐོར་གྱི་འཕྲོད་བསྟེན་གྱི་རྒྱུན་ཤེས་མེད་པས། རང་གི་ལུས་པོ་བདག་སྐྱོང་ལེགས་པོ་འཁྱོང་གི་མེད་པ་དེ་མོ་ནད་སྣ་ཚོགས་སློང་བའི་རྐྱེན་དུ་གྱུར་ཡོད་པ་དང་།  མི་རྣམས་ཀྱིས་ཟླ་མཚན་ལ་ལྟ་སྟངས་ཡང་དག་པ་ཞིག་འཛིན་ཐུབ་མེད་པ་དང་དེ་ལ་རྒྱུས་ལོན་ལེགས་པོ་མེད་པས་བུ་མོ་ཚོའི་སེམས་ཁམས་དང་རང་བརྩིའི་བསམ་པ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ནས། ཁོ་མོ་ཚོའི་ཕྱོགས་གང་ཐད་ཀྱི་ནུས་པ་སྐྱེད་སྲིང་བྱ་བར་འགོག་རྐྱེན་ངེས་ཅན་ཐེབས་ཀྱི་ཡོད།  

 

        གནད་དོན་དེ་དག་ཐག་གཅོད་པར་  Aditi Gupta ཡིས་རི་མོ་དང་སྦྱར་ཏེ་བྱིས་སྒྲུང་གི་ལམ་ནས་ཟླ་མཚན་དང་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་མཚམས་སྦྱོར་བྱས་ཡོད་པའི་དཔེ་ཆ་ཞིག་བསྒྲིགས་ཡོད་པ་དང་། 

        ད་ལྟ་དཔེ་ཆ་དེ་རྒྱ་གར་གྱི་སློབ་གྲྭ་མང་ཤོས་དང་ལ་དྭགས་ཀྱི་བཙུན་མའི་དགོན་པ་སོགས་སུ་བཀྲམ་ཡོད་ལ།ད་སྔ་རྒྱ་གར་གྱི་བུ་མོ་སྟོང་ཕྲག་བཞི་ལྷག་ལ་ཟླ་མཚན་དང་དེའི་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་མཚམས་སྦྱོར་དང་སློབ་གསོ་བྱེད་ཐུབ་ཡོད། 

        Aditi Guptaལགས་ཀྱིས་ད་ནས་བཟུང་བུ་མོ་ཚོས་དཔེ་དེབ་དེ་ལ་བརྟེན་ནས་དེའི་ཤེས་བྱ་རང་གིས་སྦྱོང་ཐུབ་ལ།  ཕ་མ་དང་དགེ་རྒན་ཚོས་དེའི་སྐོར་གྱི་སློབ་གསོའི་སྟོང་ཆ་སྐོང་ཐུབ་ཡོད་ཅེས་གསུངས་བྱུང་ལ།  ང་ཚོར་ཟླ་མཚན་ལ་ལྟ་སྟངས་ཡང་དག་པ་འཛིན་དགོསཔབའི་རེ་བ་ནན་མོ་བཏོན་པ་དང་དེའི་དགོས་པ་གལ་ཆེ་བའི་རང་བཞིན་ཡང་ཡང་གསུངས་བྱུང་།

        Aditi Guptaལགས་ཀྱི་ཟླ་མཚན་ཤེས་བྱའི་སྐོར་གྱི་གཏམ་བཤད་དེ་གཤམ་གྱི་阅读原文ཞེས་པ་མནན་ནས་གཟིགས་ཆོག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། བསོད་ནམས་འཚོ། 

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

ཡིག་ཟམ། 80245381@qq.com

པོད་ཕྲན། http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

    您可能也对以下帖子感兴趣

    文章有问题?点此查看未经处理的缓存