查看原文
其他

▪པེ་ཅིན་སློབ་ཆེན་གྱི་སློབ་གཙོས་སློབ་བུ་ཚོར་གནང་བའི་སྐད་ཆ་ཚིག10།

2018-04-14 中国藏语广播CNR

ཕན་པ་ཐོབ་མཁན་སློབ་བུ་ཙམ་མ་ཡིན་ནོ། །

        ༼མི་ཞིག་གིས་འགོར་ལ་རིང་བའི་ལོ་ཟླ་བརྒྱུད་མྱོང་ཚེ། ད་གཟོད་ན་ཆུང་གི་སེམས་ཤིག་སྐྱེད་སྲིང་བྱ་ཐུབ།༽

༡སྐད་ཆ་ཚིག་དང་པོ།“གྲོགས་པོ”གཉིས་བསྒྲིག་དགོས་པ་སྟེ།

        གཅིག་ནི་དཔེ་མཛོད་ཁང་དང་གཅིག་ནི་ལུས་རྩལ་ར་བ་ཡིན།

        ལུས་རྩལ་ར་བུ་རུ་ལུས་སྦྱོང་བྱས་ནས་གཟུགས་གཞི་བདེ་ཐང་ཡོང་བར་གཏང་དགོས་པ་དང་། དཔེ་མཛོད་ཁང་དུ་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་སྐུལ་ནས་ཤེས་རིག་གི་རྒྱ་མཚོར་བསྐྱོད་དེ་སྣ་མང་གི་ཤེས་བྱ་བསྡུ་ལེན་དང་། གསོག་འཇོག བེད་སྤྱོད་ཐུབ་པ་བཅས་བྱ་དགོས། སློབ་ཆེན་ནང་ཆེས་འཇིགས་སུ་རུང་བའི“གྲོགས་པོ”ནི་ཉལ་ཁང་དང་དྲ་ཁང་ཡིན་ལ། ཉལ་ཁང་དུ་ཁྱོད་ཀྱིས་བརྙན་འཕྲིན་ལ་ལྟ་བ་དང་། ཏག་སེ་རྒྱག་པ། གཉིད་པ་སོགས་གང་བྱས་ཀྱང་ཁྱོད་ལ་ཡིན་མིན་གྱིས་བཀག་འགོག་བྱེད་མཁན་མེད། དྲ་ཁང་ནང་རུ་ཤོག་བསྒྲིགས་ནས་མཚན་གང་བོར་རོལ་རྩེད་ལ་མགོ་འཁོར་ཡང་ཁྱོད་ལ་ཞིབ་བཤེར་ཉེས་གཅོད་བྱེད་མཁན་མི་གཅིག་ཀྱང་མེད་པས་ཡིན། སློབ་མ་ཞིག་ལ་མཚོན་ན། གནས་བཞི་པོ་དེ་དག་ཚང་མ་རང་གི་གྲོགས་པོར་བསྒྲིགས་ན་ཆོག་པ་ཡིན་མོད་ཀྱང་། ལེགས་འདེམས་བཟང་བསྒྲིག་གི་གནས་ལུགས་ཤིག་མི་ཚང་མས་རྟོགས་པའོ། །

༢སྐད་ཆ་ཚིག་གཉིས་པ།“དྲག་རྩལ་རིགས་གཉིས”སྦྱང་དགོས་ཏེ།

        གཅིག་ནི་རང་ཚུགས་དང་གཅིག་ནི་འཇོན་ཐང་ཡིན།

        མི་ཚུལ་ལྡན་ཞིག་བྱེད་པར་རང་ཚུགས་ལ་བསྟེན་དགོས་པ་དང་ལས་དོན་བསྒྲུབ་པར་འཇོན་ཐང་ལ་བསྟེན་དགོས་པ་ཡིན། གནའ་བོའི་གཏམ་དཔེར“འཇོན་ཐང་ཡོད་ཀྱང་རང་ཚུགས་མི་ཐུབ་ན་དོན་དག་འཆོར།  རང་ཚུགས་ཐུབ་ཀྱང་འཇོན་ཐང་མེད་ན་ལས་འཐུས་འཆོར། འཇོན་ཐང་རང་ཚུགས་ཉིས་ལྡན་ན་དོན་ཀུན་འགྲུབ།”ཅེས་ཡོད་པ་ལྟར། འཇོན་ཐང་དང་རང་ཚུགས་གཉིས་ཀར་བརྟེན་ནས་གཞི་རྐང་བཙུགས་ན་གཞི་ནས་བློས་འཁེལ་ཐུབ་པ་ཡིན། ཁྱོད་སློབ་བུ་ཞིག་ཡིན་ནའང་འདྲ། སྤྱི་ཚོགས་ཀྱི་མི་རྒན་ཞིག་ཡིན་ནའང་འདྲ། རང་ཚུགས་ནི་ཁྱོད་ཀྱི་གཤིས་སྤྱོད་ཡིན་ལ། འཇོན་ཐང་ནི་རང་གི་ནུས་པ་རེད། གཤིས་སྤྱོད་ལེགས་པའི་མི་ཞིག་ཡིན་ན། དེ་སྤྱི་ཚོགས་ཀྱི་འགྲོ་འོང་འབྲེལ་འདྲིས་ཐོག་འཚོ་གནས་བྱ་ཐུབ་པ་དང་། ནུས་རྩལ་ལྡན་པའི་མི་ཞིག་ཡིན་ན། དེས་རང་ཉིད་ཀྱི་ཕུགས་བསམ་དང་བྱ་གཞག་མངོན་འགྱུར་བྱ་ཐུབ། མི་ཞིག་གི་གཤིས་སྤྱོད་དང་ནུས་རྩལ་ཕན་ཚུན་གཅིག་རྒྱན་གཅིག་སྤྲས་བྱ་ཐུབ་པའི་ཚེ། ད་གཟོད་ཁོ་ཡི་མི་ཚེ་ལ་འོད་སྟོང་ལྡན་ངེས། 

༣སྐད་ཆ་ཚིག་གསུམ་པ།“དངོས་པོ་གཉིས”ཀྱི་བྲོ་བ་མྱང་རྒྱུར་སྤྲོ་དགོས།

        གཅིག་ནི་གྱོང་རག་པའི་བྲོ་བ་དང་གཅིག་ནི་དཀའ་སྡུག་གི་བྲོ་བ་མྱང་རྒྱུ་དེ་ཡིན།

        མིའི་སྤྱོད་ཚུལ་འཛིན་དུས་གྱོང་ཁེལ་བར་སྐྲག་མི་དགོས་པ་དང་། བྱ་བ་བསྒྲུབ་དུས་དཀའ་སྡུག་མྱོང་བར་སྐྲག་མི་ཉན། གྱོང་ཁུར་བ་དང་དཀའ་སྡུག་མྱོང་བ་ནི་བསོད་བདེ་ཡིན་ཏེ་དེས་མཐར་ཐུག་ཁྱོད་ལ་ཕན་གདགས་པས་སོ། །ལྷག་པར་དུ་གཞོན་ནུ་རྣམས་ཀྱིས་དེ་བས་ཀྱང་དོན་དག་གཅིག་གི་ཐོག་ལ་ལྐོག་ཇུས་མང་པོ་བཤམ་མི་རུང་བ་དང་། སོ་སོས་བྱས་པའི་ལས་ཀ་དེར་མི་གཞན་གྱིས་ཚུར་དྲིན་ལན་མཇལ་སྲིད་པའི་ལས་ཀ་ཞིག་ཡིན་མིན་ལ་བསམ་བློ་དེ་ཙམ་གཏོང་མི་དགོས། ཁ་རྒྱུན་ལ། ངུ་ཤོར་བའི་དཀའ་ལས་མ་བརྒྱབ་ན། བཅུད་ལྡན་པའི་ཟ་མར་རག་ག་ལ་ཐུབ་ཅེས་ཡོད་མོད་ཀྱང་། དཀའ་སྡུག་མྱང་དུས་ཀྱང་ཐབས་ཤེས་ལ་དོ་སྣང་བྱ་དགོས་པ་ཡིན། དེ་ནི་མི་ཞིག་གི་སེམས་བཟང་དང་འདྲ་བར། སེམས་བཟང་ཅན་ཞིག་བྱ་བསམ་ན་བཟང་ངན་དབྱེ་འབྱེད་ཤེས་པའི་བློ་གྲོས་ཤིག་ཡོད་དགོས་པ་ཡིན། དཀའ་ལས་རྒྱབ་པར་ཐོབ་ཆ་ཡོད་པ་ཞིག་བྱ་དགོས་པ་དང་། དོན་མེད་དུ་སྡུག་མྱོང་བ་དེ་ཡང་ངལ་བ་འབྲས་མེད་ཡིན་པས། གལ་སྲིད་དཀྱོག་ལམ་ཉུང་ཙམ་རྒྱུ་ཐུབ་ན་ཉུང་ཙམ་རྒྱུ་ན་ལེགས་པ་རེད།

༤སྐད་ཆ་ཚིག་བཞི་པ།“སྟོབས་ཤུགས་གཉིས”ལྡན་དགོས་པ་སྟེ།

        གཅིག་ནི་བསམ་བློའི་སྟོབས་ཤུགས་དང་། གཅིག་ནི་རལ་གྲི་རྣོན་པོའི་སྟོབས་ཤུགས་ཡིན།

        སྐད་ཆ་དེ་དོན་དུ་ན་ཕོག་ལེན(拿破仑)གྱིས་གསུངས་པ་རེད། “རལ་གྲི་རྣོན་པོའི”སྟོབས་ཤུགས་ནི་ཚང་མས་བརྩོན་ལེན་བྱེད་པའི་དབང་ཐང་དང་། གོ་ས། རྒྱུ་འབོར་ལ་སོགས་པར་གོ་བ་ཡིན། སྟོབས་ཤུགས་དེས་མི་ཞིག་ལ་གྲུབ་འབྲས་འཐོབ་པར་བྱ་སྲིད་ལ། སྐད་ཅིག་ཉིད་ལ་མི་ཞིག་རྨེག་མེད་དུའང་གཏོང་ཐུབ། ཡང་གཞན་དང་སྡུར་ཐབས་བྲལ་བའི་སྟོབས་ཤུགས་ཤིག་ནི་བསམ་བློའི་སྟོབས་ཤུགས་ཏེ། མི་ཞིག་གིས་བསམ་བློ་རྒྱང་རིང་ལ་ག་ཚོད་ཕྱོགས་ཐུབ་ན། མི་དེ་དེའི་ཚོད་ཀྱིས་རྒྱང་རིང་སྐྱོད་ཐུབ་པ་ཡིན།

༥སྐད་ཆ་ཚིག་ལྔ་པ།“གཅིག་མཐུན་གཉིས”ལ་བརྩོན་ལེན་བྱ་དགོས་པ་སྟེ།

        གཅིག་ནི་མོས་ཕྱོགས་དང་བྱ་གཞག་གཅིག་མཐུན་དང་། གཅིག་ནི་བརྩེ་དུང་དང་གཉེན་སྒྲིག་གཅིག་མཐུན་ནོ། །

        འགག་རྩའི་མིང་ཚིག་བཞི་པོ་དེ་མཉམ་དུ་སྒྲིག་ཚེ། དེ་ནི་ང་ཚོ་མི་ཕལ་མོ་ཆེའི་མི་ཚེ་ཕྱེད་ཀ་ལྷག་ཙམ་རེད། སོ་སོའི་མོས་ཕྱོགས་དང་བྱ་གཞག་གཅིག་མཐུན་རྒྱུན་འཁྱོངས་བྱེད་ཐུབ་མཁན་ཉུང་ཉུང་ཡིན་ནའང་། དེ་ལྟར་བྱེད་ཐུབ་མཁན་མང་ཆེ་བས་རང་ཉིད་ཀྱི་བག་ལ་ཞ་བའི་ནུས་ཤུགས་དེ་འདོན་སྤེལ་ལེགས་པོ་ཐུབ་པ་རེད། བརྩེ་དུང་དང་གཉེན་སྒྲིག་ནི་སྔར་ནས་ད་བར་གྱི་དྲི་གཞི་ཁག་པོ་ཞིག་རེད། བརྩེ་དུང་ཡོད་པའི་མི་གཉིས་གཉེན་སྒྲིག་ཐུབ་པའི་ངེས་པ་མེད་ལ། གཉེན་བསྒྲིགས་ཟིན་པའི་མི་གཉིས་ལ་བརྩེ་དུང་ཡོད་པའི་ངེས་པའང་མེད། ཡིན་ནའང་། བརྩེ་དུང་རྨང་གཞིར་བྱས་པའི་གཉེན་སྒྲིག་ནི་ཆེས་བརྟན་ཤོས་དང་ཕུན་སུམ་ཚོགས་པ་ཡིན་པས་དེ་ང་ཚོའི་བཟའ་ཚོ་གྲངས་མེད་ཀྱི་ཉམས་མྱོང་ལས་ཤེས་རྟོགས་ཐུབ་པ་ཡིན། ཁྱོད་ཀྱི་མི་ཚེའི་འཚོ་ཡུན་ཕྱེད་ཀའི་མཚམས་སུ་སླེབས་དུས། གཅིག་མཐུན་གཉིས་པོ་དེ་གཉིས་བསྒྲུབ་ཐུབ་ན་མི་ཚེ་དེར་འགྱོད་པ་མེད་པ་ཞིག་ཡིན།

༦སྐད་ཆ་ཚིག་དྲུག་པ།“གཤོག་པ་གཉིས”འཛུགས་དགོས་པ་སྟེ།

        གཅིག་ནི་ཕུགས་བསམ་དང་། གཅིག་ནི་སྙིང་རུས་ཡིན།

        ན་གཞོན་རྣམས་ཐམ་མེ་ཐོམ་མེ་བྱས་ནས་ཁ་ཕྱོགས་མེད་པར་གྱུར་སླ་བ་ཡིན་ཅིང་། དོན་དངོས་ཐོག་དར་མའི་ལོ་ཚད་ལ་སླེབས་ཀྱང་སོ་སོའི་ད་སྐབས་ཀྱི་རྣམ་པ་ལ་ཐེ་ཚོམ་སྐྱེ་སྲིད་པ་ཡིན། སྐད་ཆ་འདི་འདྲ་ཞིག་ཡོད་དེ།“ཁྱོད་ཐམ་ཐོམ་དུ་གྱུར་བའི་རྒྱུ་མཚན་ནི་ཁྱེད་ཀྱི་ཤེས་རིག་ཡོན་ཏན་དང་ཁྱོད་ཀྱི་ཕུགས་བསམ་དོ་མི་མཉམས་པས་ཡིན།”ཞེས་པའོ། །སྐད་ཆ་དེ་ནི་དྲང་བདེན་གྱི་སྐད་ཆ་ཞིག་རེད་ལ་རྩིས་མེད་དུ་གཏང་ཆོག་པའི་གཞུང་ལུགས་ཤིག་ཀྱང་རེད། ཕུགས་བསམ་གྱི་མཚེ་མའི་མིང་ཚིག་སྙིང་རུས་ཞེས་པ་དེ་ཡིན། བྱ་བ་ཅི་ཞིག་བྱེད་པར་རྒྱུན་འཁྱོངས་བྱེད་པར་མི་དཀྱུས་མ་དང་མི་འདྲ་བའི་སྙིང་རུས་བརྟན་པོ་ཞིག་ཡོད་དགོས་པ་ཡིན། མི་གཅིག་ལ“གཤོག་པ”དེ་གཉིས་ཡོད་ཚེ་ད་གཟོད་དེ་ལས་མཐོ་བའི་ཐོབ་དང་གནས་ལ་སྙེག་ཐུབ་ཐུབ་པ་ཡིན།

༧སྐད་ཆ་ཚིག་བདུན་པ། རྒྱབ་རྟེན་གཉིས་འཛུགས་དགོས་པ་སྟེ།

        གཅིག་ནི་ཚན་རིག་གི་རྒྱབ་རྟེན་དང་གཅིག་ནི་མི་ཚུལ་གྱི་རྒྱབ་རྟེན་ཡིན།

        ཚན་རིག་གིས་བརྩོན་ལེན་བྱེད་ཡས་ནི་དྲང་བདེན་དང་། དེས་མི་རྣམས་ལ་རྗེས་དཔག་གི་སྟངས་འཛིན་དང་ཚན་རིག་ཤེས་བྱས་མི་རྣམས་ལ་བློ་རིག་འཕེལ་བར་འགྱུར། མི་ཚུལ་གྱིས་བརྩོན་ལེན་བྱེད་ཡས་ནི་དགེ་བ་སྟེ། དེས་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་བ་དང་། མི་ཚུལ་དད་མོས་ཀྱིས་མི་རྣམས་ལ་ལྷག་བསམ་རྣམ་པར་དག་པར་འགྱུར་ངེས།

༨སྐད་ཆ་ཚིག་བརྒྱད་པ། “ཐབས་མཆོག”གཉིས་ངེས་དགོས།

བདེ་ཐང་གི་ཐབས་མཆོག་ནི་ཞོགས་པའི་དུས་སུ་ཡོད་པ་དང་། ལེགས་འགྲུབ་ཀྱི་ཐབས་མཆོག་ནི་དགོང་མོའི་དུས་སུ་ཡོད། སྐད་ཆ་འདི་ཁྱོད་ཚོ་སོ་སོས་ཉམས་ལེན་བྱ་དགོས།


༩སྐད་ཆ་ཚིག་དགུ་པ།“ལུས་ཁམས་བདེ་སྲུང་གི་སྨན་པ”གཉིས་བཀོད་སྒྲིག་བྱ་དགོས་པ་སྟེ།

        གཅིག་གི་མིང་ལ་ལུས་རྩལ་དང་གཅིག་གི་མིང་ལ་སྤྲོ་སྣང་ཟེར།

        ལུས་རྩལ་ནི“ཕྱི་ངོས་ཀྱི་འགུལ་སྤྱོད”ཡིན་ལ། ལུས་ཕུང་བདེ་ཐང་ནི་ལུས་རྩལ་གྱི་བརྒྱུད་རིམ་ཁྲོད་རིམ་བཞིན་མངོན་ཡོང་བ་ཞིག་ཡིན་པས“སྨན་པ”འདི་མེད་མེད་ག་ལ་རུང་། སྤྲོ་སྣང་ནི“ནང་སེམས་ཀྱི་སྤྲོ་སྣང”སྟེ། མི་ཞིག་གི་འཚོ་བའི་ཁྲོད་ཀྱི་དགའ་སྤྱོ་ཆགས་སྡང་ནི་སེམས་ཁམས་བདེ་མིན་ལ་རག་ལས་པས“སྨན་པ”འདིའང་དེ་བས་ཀྱང་བོར་ག་ལ་རུང་།  གནའ་མིའི་མི་ཚེའི་མཛེས་འཆོས་ལྟ་བ་ལས་ཕྱི་ནང་དེ་གཉིས་ཀའི་བདེ་ཐང་ལ་དང་དོད་བྱེད་པས་དེ་གཉིས་གཅིག་ལ་གཅིག་བརྟེན་ནོ། །

༡༠སྐད་ཆ་ཚིག་བཅུ་པ།“མཐར་སོན་གཉིས”བརྩོན་ལེན་བྱ་དགོས་པ་སྟེ།

        གཅིག་ནི་རང་ཉིད་ཀྱི་བག་ལ་ཞ་བའི་ནུས་ཤུགས་དེ་ཅི་ནུས་ཀྱིས་འདོན་སྤེལ་བྱ་དགོས་པ་དང་། གཅིག་ནི་རང་ཉིད་ཀྱི་འཚོ་ཡུན་ཕྱིར་སྣུར་གང་ཐུབ་བྱ་དགོས་པ་དེ་ཡིན། མཐར་སོན་འདི་གཉིས་བཤད་བདེ་ཡང་བསྒྲུབ་དཀའ་བས་ང་ཚོ་ཚང་མས་ཡིད་ལ་དམ་པོར་བཟུང་སྟེ་ནན་ཏན་གྱིས་དོན་འཁྱོལ་ཐུབ་པར་སྨོན།

        སྐད་ཆ་ཚིག་བཅུ་པོ་དེ་དག་པེ་ཅིན་སློབ་ཆེན་གྱི་སློབ་གཙོས་སློབ་བུ་རྣམས་ལ་གསུངས་པ་ཡིན་པ་དང་། ཁོང་གིས་ཕལ་སྐད་ཀྱི་ལམ་ནས་ཞིབ་ཚགས་དང་གཟབ་ནན་གྱིས་གསུང་བའི་བསླབ་བྱ་དེ་དག་ང་ཚོ་ཚང་མའི་སློབ་སྦྱོང་དང་དགེ་ཕྱོགས་འཕེལ་བར་གདམས་ངག་གནད་ལ་ཟུག་པ་གནང་བས།  ང་ཚོས་མཉམ་དུ་དེའི་ཐད་ལ་འབད་བརྩོན་བགྱིས་ཏེ་ཡར་རྒྱས་ཡོང་བར་བརྩོན།


ཡིག་སྒྱུར་བ། ཉི་མ།བསོད་ནམས་བུ་ཁྲིད། རྒྱ་མཚོ། ཚེ་རིང་སྐལ་བཟང་།

རྩོམ་སྒྲིག་པ། བློ་བཟང་སྒྲོན་མ།

ཞུ་དག་པ། ཚེ་རིང་བཀྲ་ཤིས།


您可能也对以下帖子感兴趣

文章有问题?点此查看未经处理的缓存