其他

▶ཞི་ཅིན་ཕིང་གིས་རྒྱ་གར་གྱི་སྲིད་བློན་མོ་ཏི་དང་མཇལ་འཛོམས་གནང་བ།

2018-04-28 中国藏语广播CNR

https://v.qq.com/txp/iframe/player.html?vid=p06392qrted&width=500&height=375&auto=0
   སྤྱི་ཚེས་༢༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཧན་དུ་ཀྲུང་གོར་དངོས་གཞི་མིན་པའི་གྲོས་མོལ་གནང་བར་ཕེབས་པའི་རྒྱ་གར་གྱི་སྲིད་བློན་མོ་ཏི་དང་མཇལ་འཛོམས་གནང་བ་མ་ཟད་ཐུན་མོང་ཐོག་ཧུའུ་པེ་ཞིང་ཆེན་གྱི་དངོས་མང་བཤམས་སྟོན་ཁང་གི་རིག་དངོས་རྩེ་གྲའི་འགྲེམ་སྟོན་ལ་གཟིགས་ཡོད་པ་རེད།    

    ཧུའུ་པེ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་ཞི་ཅིན་ཕིང་གིས་མོ་ཏི་ཝུའུ་ཧན་ལ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཡོད་པ་རེད། 

       ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གསུམ་ནང་། ངོས་ནས་སྐུ་ཞབས་སྲིད་བློན་དང་ཕན་ཚུན་འཚམས་འདྲི་ཞུ་རེས་བྱུང་བ་མ་ཟད། ཕྱོགས་མང་ཚོགས་རར་མཇལ་མོལ་ཐེངས་མང་ཞུས་ནས་ལས་ཀའི་འབྲེལ་བ་བཟང་པོ་བཙུགས་ཡོད་པ་དང་། གལ་ཆེའི་ཐུན་མོང་ངོས་འཛིན་མང་པོ་བྱུང་ཡོད་ལ། ཕྱི་ཕྱོགས་སུ་ཀྲུང་གོ་དང་རྒྱ་གར་བར་གྱི་མཛའ་གྲོགས་ཀྱི་བརྡ་འཕྲིན་བཟང་པོ་བརྒྱུད་སྤེལ་བྱས་ཡོད་ཅིང་། ཀྲུང་གོ་དང་རྒྱ་གར་གསར་དར་དཔལ་འབྱོར་མ་ལག་ཆེན་པོ་གཉིས་བར་གཉིས་ཕན་མཉམ་ལས་དང་ཐུན་མོང་གོང་འཕེལ་གཏོང་བའི་འདུན་པ་དྲག་པོ་མངོན་འགྱུར་བྱུང་ཡོད། ང་ཚོ་རླབས་ཆེའི་རྒྱལ་ཁབ་གཉིས་པོས་རླབས་ཆེའི་མཉམ་ལས་བྱས་ན་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཐུབ། ངོས་ནས་སྐུ་ཞབས་སྲིད་བློན་དང་ལྷན་དུ་འདི་གར་གྲོས་མོལ་ཞུས་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ལེའུ་གསར་པ་ཞིག་གཏོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། 

       ཞི་ཅིན་ཕིང་གིས་ང་ཚོས་འཐབ་ཇུས་ཐད་ནས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་གནས་བབ་ཧྲིལ་པོར་དམ་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་སྲུང་བྱེད་དགོས། ང་ཚོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་ཐུབ་པ་དང་། འབྲི་ཆུ་དང་ཆུ་བོ་གང་གཱ་བཞིན་དུ་བཞུར་རྒྱུན་མི་ཆད་པར་ནམ་ཡང་མདུན་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་རྒྱ་གར་དང་ལྷན་དུ། དེ་བས་དམ་ཟབ་ཀྱི་གོང་འཕེལ་རོགས་པའི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད། 

      མོ་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་ཝུའུ་ཧན་ལ་དངོས་གཞི་མིན་པའི་གྲོས་མོལ་ལ་གདན་ཞུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐེངས་འདིའི་གྲོས་མོལ་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད། རྒྱ་གར་དང་ཀྲུང་གོས་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་འབྲེལ་གཏུག་ཡང་སེ་བྱས་པ་དེས་ཕན་ཚུན་ཤེས་རྟོགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། དེ་ནི་ང་ཚོ་རྒྱལ་ཁབ་གཉིས་པོ་དང་ས་ཁུལ་དེ་གའི་གོང་འཕེལ་དང་དར་རྒྱས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་གྱི་ཡོད། རྒྱ་གར་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་དེའི་ཐད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད། 

       ཧུའུ་པེ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གྱི་རིག་དངོས་རྩེ་གྲའི་འགྲེམ་སྟོན་ལ་གཟིགས་རྗེས། ཞི་ཅིན་ཕིང་གིས་ཅིན་ཁྲུ་རིག་གནས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་ཤེས་དཔལ་གྱི་གོང་འཕེལ་ལོ་རྒྱུས་ཐོག་གནས་བབ་གལ་ཆེན་བཟུང་ཡོད། ཀྲུང་གོ་དང་རྒྱ་གར་གཉིས་ཀ་ནི་འོད་མདངས་བཀྲ་བའི་ལོ་རྒྱུས་རིག་གནས་ལྡན་པའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་རིག་གནས་ལ་མཐུན་པའི་ཆ་མང་པོ་ལྡན་ཡོད། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་། བང་རིམ་དེ་བས་ཟབ་པའི་སྤེལ་རེས་བྱས་ནས། ཐུན་མོང་ཐོག་ཤར་ཕྱོགས་ཤེས་དཔལ་བསྐྱར་དར་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པ་དང་། ཐུན་མོང་ཐོག་ཤེས་དཔལ་སྣེ་མང་ཅན་ལ་བརྩི་བཀུར་ཞུ་བའི་གྲོས་འགོ་བཏོན་ནས་ཤེས་དཔལ་མི་འདྲ་བ་འཆམ་མཐུན་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

      མོ་ཏིས་རྒྱ་གར་དང་ཀྲུང་གོ་གཉིས་ཀ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན། རྒྱ་གར་དང་ཀྲུང་གོའི་ཤེས་དཔལ་གྱི་ལོ་རྒྱུས་གོང་འཕེལ་འགྲོ་ཚུལ་ཧ་ཅང་འདྲ་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ང་ཚོས་ཕན་ཚུན་བསམ་ཤེས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་བློ་གྲོས་འདོན་སྤེལ་བྱས་ཏེ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོ་ཅན་གྱི་གནད་དོན་དང་འགྲན་རྩོད་ལ་ཁ་གཏད་གཅོག་དགོས་ཞེས་གསུངས་ཡོད་པ་རེད། 

      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཡང་ཅེ་ཁྲི། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད། 


ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།


    您可能也对以下帖子感兴趣

    文章有问题?点此查看未经处理的缓存