查看原文
其他

2018-06-07




༄༅།།འཛམ་གླིང་རིག་གནས་ཀྱི་ཤུལ་བཞག་གྲགས་ཅན། །

གངས་ཅན་རིག་མཛོད་ཀྱི་རིན་བྲལ་ནོར་བུ། །

བོད་པའི་བློ་གྲོས་ཀྱི་ཉིང་བཅུད་མཆོག་གྱུར། །

གླིང་སྒྲུང་གངས་རིའི་ཆབ་རྒྱུན།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་གླིང་སྒྲུང་མུ་འབྲེལ་ལེ་ཚན།གཟའ་ཟླ་བ་ནས་པ་སངས་བར་གྱི་ཉིན་རེའི་དགོང་མོའི་ཆུ་ཚོད་དགུ་པའི་ཐོག་གཏོང་རྒྱུ།


སྟག་གཟིག་ནོར་འགྱེད།


(ཚན་པ་གོང་མའི་སྦྲེལ་ཐག་རྩོམ་མཇུག་ཏུ་ཡོད།)

སྒྲུང་མཁན་ངོ་སྤྲོད།


པདྨ་ཡེ་ཤེས།


    སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོགས་ཆེན་གྱི་སྒྲུང་མཁན་གྲགས་ཅན་ཞིག་ཡིན་ཞིང་། སྤྱི་ལོ་༡༩༤༧ལོར་འཁྲུངས། ཆུང་ངུའི་དུས་སུ་ཁོང་གི་ཞང་པོ་མཁན་ཐུབ་བསྟན་སྙན་གྲགས་ཀྱི་དྲུང་ནས་བོད་ཡིག་འབྲི་ཀློག་སྦྱངས། པདྨ་ཡེ་ཤེས་ལྷན་སྐྱེས་ཀྱི་བློ་རིག་རྣོ་བ་དང་། ཆུང་ངུའི་དུས་ནས་གླིང་སྒྲུང་ལ་དགའ་ཞེན་ཆེ་བས། གླིང་སྒྲུང་གི་གདངས་དབྱངས་སུམ་ཅུ་ལྷག་ཙམ་ཁོང་དུ་ཆུད་པ་མ་ཟད། རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་ཡོད། པདྨ་ཡེ་ཤེས་ཀྱིས་མི་ཚེ་ཧྲིལ་པོར་གླིང་སྒྲུང་འཆད་གྱེར་གནང་ཞིང་། དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་པའི་དུས་འགོར། ཁོང་གི་སྐད་པར་སྤྱིན་ཐག་ལ་སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་སོགས་ཀྱི་བོད་རིགས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། ད་ཆ་ཁོང་དགུང་ལོ་བདུན་ཅུར་ཕེབས་ནའང་། སྔར་བཞིན་གླིང་སྒྲུང་འཆད་གྱེར་གནང་བ་དང་ཆབས་ཅིག་ཡུལ་མི་སྒྲིག་འཛུགས་ཀྱིས་གེ་སར་གར་འཆམ་སྒྲིག་འཛུགས་དང་འཁྲབ་སྦྱོང་གི་ཕྱག་ལས་གནང་མུས་སུ་མཆིས།


ཞག་གཅོད་བསོད་ནམས་ཉི་མ།


    སྤྱི་ལོ་༡༩༦༩ལོར་བོད་ལྗོངས་ཆབ་མདོ་ལྷ་ཐོག་ཏུ་འཁྲུངས། དགུང་ལོ་བདུན་གྱི་ཐོག་སློབ་གྲྭར་ཞུགས། དགུང་ལོ་བཅུ་གཅིག་ཐོག་ཆོས་སྒོར་ཞུགས། ཁོང་ཆུང་ངུའི་དུས་ནས་བློ་རིག་བཀྲ་ཞིང་དྲན་ཤེས་བརྟན། ཁོང་གིས་ཆོས་ལུགས་ཐད་ནས་བླ་སྤྲུལ་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ནས་ཐོས་བསམ་གནང་བས་ཆོས་ཀྱི་མཁྱེན་པ་ཟབ་ཅིང་ཡངས་པར་གྱུར། དེ་དང་ཆབས་ཅིག་ཁོང་གིས་ལྷ་ཐོག་རྒྱལ་པོའི་དངོས་སློབ་མཛོ་པ་བཟོད་པའི་སྐུ་མདུན་ནས་གླིང་སྒྲུང་འཆད་གྱེར་གྱི་དབྱངས་རྟ་སློབ་སྦྱོང་གནང་། ཆོས་གྲྭར་ཞུགས་རྗེས་སྔར་བཞིན་གླིང་སྒྲུང་ལ་མཉེས་པོ་དང་འཆད་གྱེར་གནང་གི་ཡོད་ཅིང་།  ཁོང་གི་གསུང་སྐད་བརྗིད་ཉམས་ཆེ་ཞིང་ཡིད་ལ་འཇེབས་པ་དང་། ནང་ཆོས་ཀྱི་ཡིད་དབང་འགུག་ནུས་ཆེན་པོ་ལྡན། ཁོང་ནི་ཁྱུང་པོ་སྟེང་ཆེན་ལ་ཐོག་ཞག་གཅོད་དགོན་དུ་འགྲོ་དོན་བསྟན་པ་སྐྱོང་བཞིན་བཞུགས་ཤིང་། དཔལ་སྤུངས་ལུགས་ཀྱི་བརྒྱུད་པའི་དབུ་མཛད་ཆེན་མོ་ཡང་ཡིན།


བུ་ཤེ།


     ལྷ་བྲིས་པ་དང་སྒྲུང་མཁན་ཞིག་ཡིན། ཁོང་སྤྱི་ལོ་༡༩༦༥ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་འཁྲུངས། དགུང་ལོ་ལྔའི་ཐོག་དཔལ་སྤུངས་དགོན་དུ་བོད་ཡིག་འབྲི་ཀློག་སྦྱངས། དགུང་ལོ་བཅུ་བདུན་སྐབས་དཔལ་སྤུངས་དགོན་དུ་ལྷ་བྲིས་སྦྱངས། བུ་ཤེའི་ཡབ་ནི་རྒྱལ་ཡོངས་སུ་སྙན་གྲགས་ཆེ་བའི་སྒྲུང་མཁན་དིལ་ཆུང་དཔལ་ཆེན་ཡིན་པ་དང་། ཡབ་ཀྱི་ཤུགས་རྐྱེན་འོག་ཁོང་གིས་ཆུང་ངུའི་དུས་ནས་ཉིན་རེར་གླིང་སྒྲུང་གི་དབྱངས་རྟ་དུམ་བུ་རེ་སློབ་སྦྱོང་བྱེད་པ་དང་། རྒྱུན་དུ་གཞན་གྱི་ཁྱིམ་ཚང་དུ་གླིང་སྒྲུང་འཆད་གྱེར་གནང་གི་ཡོད།  བུ་ཤེས་རང་ཉིད་ཀྱི་འབད་བརྩོན་དང་ནུས་ཤུགས་ལ་བརྟེན་ནས་གླིང་སྒྲུང་སྒྱུ་རྩལ་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་རང་ཉིད་ཀྱི་འོས་འགན་ཞིག་ཏུ་བརྩི་བཞིན་ཡོད་ལ་དེ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་རྒྱུའི་ཐད་ལའང་ཡིད་ཆེས་ཆེན་པོ་གནང་བཞིན་འདུག


བསོད་རྒྱལ།


     སྤྱི་ལོ་༡༩༧༧ལོར་འཁྲུངས་ཤིང་། སྒྲུང་པ་གྲགས་ཅན་པདྨ་ཡེ་ཤེས་ཀྱི་བུ་གཞོན་པ་ཡིན། དགུང་ལོ་དྲུག་གི་ཐོག་ཡབ་ཀྱི་དྲུང་ནས་བོད་ཡིག་གི་འབྲི་ཀློག་སྦྱངས་པ་དང་། ཕྱིས་སུ་རྫོགས་ཆེན་དགོན་དུ་ཕེབས་ནས་རི་མོ་འབྲི་སྟངས་དང་གར་འཆམ་སོགས་ཀྱི་ཐད་སློབ་གཉེར་མཛད། སྤྱི་ལོ་༢༠༠༥ལོར་ནེ་པ་ལར་ཕེབས་ནས་པར་ལེན་དང་པར་རིས་སྒྲིག་བཟོའི་ཐད་སྦྱངས་པ་གནང་བས་པར་རིས་ཇུས་འགོད་དང་སྒྲིག་བཟོ་བྱེད་མཁན་ཞིག་ཏུ་གྱུར། མ་ཟད་ཁོང་སྒེར་ནས་གློག་བརྙན་གཉིས་རྩོམ་འབྲི་དང་འཁྲབ་འཁྲིད་གནང་།  ཡབ་ཀྱི་ཤུགས་རྐྱེན་དབང་གིས་ཁོང་གིས་ཆུང་དུས་ནས་གླིང་སྒྲུང་ལ་དགའ་ཞིང་། གླིང་སྒྲུང་འཆད་གྱེར་སློབ་སྦྱོང་དང་བློར་འཛིན་གནང་། མིག་སྔར་ཁོང་མེས་པོ་གོང་མ་རྣམས་ནས་མཛད་པའི་སྒྱུ་རྩལ་གྱི་ཉིང་བཅུད་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་ཐད་ནུས་ཤུགས་ཡོད་རྒུ་འདོན་བཞིན་མཆིས།



༄༅། །གླིང་གེ་སར་རྒྱལ་པོའི་སྒྲུང་སྟག་གཟིག་ནོར་འགྱེད་ཅེས་བྱ་བ་བཞུགས་སོ། །(མུ་འབྲེལ།)

     ཅེས་གསུངས་པས། དེར་རུ་ཤོག་སོ་སོའི་ལྷ་དམག་རྣམས་ནས་ནོར་བུ་རང་རང་གིས་བདག་འཛིན།དེ་ནས་འཛམ་གླིང་རྒྱལ་པོའི་ཕྱོགས་ལ་གསེར། དགྲ་ལྷའི་ཕྱོགས་ལ་དངུལ། འདན་མའི་ཕྱོགས་ལ་གཟི།ཁྲོ་ཐུང་ཤོག་ལ་ལྕགས། ཤན་པའི་ཕྱོགས་ལ་ཟངས། གཡུ་ལྷའི་ཤོག་ལ་གཡུ། །དུང་སྐྱོང་ཤོག་ལ་མཆོང་།ཨ་སྟག་ཤོག་ལ་ཁྲོ་བཅས་སོ་སོར་སྤྲད་ཚར་ནས། ལྷ་ཟོག་རྣམས་རང་རང་ཤོག་གི་ཐང་ལ་བཀོད་ཅིང་ཁྲ་སྤུང་ངེ་རྒྱ་མཚོ་བཞིན་དུ་འཁྱིལ་ནས་རྨ་ཁམས་གླིང་གི་ཐང་གང་།དེ་ནས་འཛམ་གླིང་མིའི་ཉི་མ་གེ་སར་རྒྱལ་པོས་གསུངས་པ། གཡའ་ཉོན་དང་གླིང་རུའི་ལྷ་སྡེ་རྣམས།ཕ་ཁུ་མ་སྲུ་མོ་སྨན་རྣམས། བདག་འཛིན་བྱས་པར་བཞག་པ་ལ། དེ་རིང་ལྷ་ཟོག་འདི་རྣམས་བཞོས། འོ་མའི་སྦྲང་ཆར་ཟད་མེད་ཕོབ།དངོས་གྲུབ་རྒྱ་མཚོ་འཁྱིལ་ལེ་དགོས། འོ་ཕུད་འདི་ལྷ་ལ་མཆོད་དགོས་པས་རྒྱལ་ཁག་ལྔ་ལ་གཡང་རང་རང་ལ་ཡོད་པ་དེ་མི་ཉམས་པར་བྱས་ནས་ཕྱི་རབས་བོད་ལ་བཞག་པ་བཟང་པོ་བྱེད་པའི་རྟེན་འབྲེལ་སྨོན་ལམ།ཕྱི་སྣོད་ལ་ཡང་གཡང་སྒམ་དང་གཡང་ཁུག་ཤྭ་བའི་རླིག་བུའི་ནང་དེར་གཡང་རྟེན་གསེར་འོད་མདོ་སྡེ་གསེར་དངུལ་གྱིས་བྲིས་པ་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་རྣམས་བྲིས།གཡང་རྫས་ནོར་བུ་བཻཌཪྱ་དང་། དུང་དཀར་གཡས་སུ་འཁྱིལ་བ། བྱི་རུའི་རྒྱན་མོ་ལག་ཡ། རྒྱ་གཡུ་གསེར་དངུལ་གཟི་སོགས་རིན་པོ་ཆེ་སྣ་ཚོགས།དར་གོས་སྣ་ཚོགས། འབྲུ་རིགས་སྣ་ཚོགས། ཨ་རུ་ར་རྣམ་པར་རྒྱལ་བ་སོགས་སྨན་སྣ་ཚོགས། ཙན་དན་དཀར་དམར་སོགས་ཤིང་སྣ་ཚོགས།དཀར་གསུམ་མངར་གསུམ་སོགས་ཟས་སྣ་ཚོགས་མ་ཚང་བ་མེད་པས་བཀང་བ་གཡང་ཕོར་མར་ཁུས་ལྟེམས་སེ་གང་བ།གཡང་ཟོ་འོ་མས་གང་བ། སྨྱུག་རྒོད་ཚིགས་གསུམ་ལ་དར་སྣ་ལྔ་དང་སྲིད་གསུམ་གསལ་བའི་མེ་ལོང་གིས་བརྒྱན་པ།གཡང་སྒམ་དང་གཡང་ཁུག་ལ་ཁ་ཐིག་དང་ལྡན་པ་འཛོམ་དགོས། ང་ཡི་གཡང་འབོད་གཡང་སྒྲུབ་འདི་མང་པོའི་སྒོ་ནས་གྱིས་ཞེས་གསུངས།


      དེ་ནས་མ་སྲུ་མོ་སྨན་རྣམས་ཀྱིས་ལུས་ལ་རྒྱན་ཆ་ཅི་འདོད་གང་མཛེས་རེས་བརྒྱན་ནས་གསེར་དངུལ་རྣམས་གྲལ་བསྒྲིགས།དེར་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ། སྔོ་ལོའི་བུ་མོ་ནེ་ཆུང་། གྲོ་ལོའི་པད་དཀར་ལྷ་མཛེས།སྟག་རོང་བུ་མོ་ཁྲོ་མཚོ། གཟིག་འཕེན་བུ་མོ་ཉི་སྐྱིད། བྱང་སྟོད་བུ་མོ་མཛེས་ལྡན། །སྐྱེས་མཆོག་བུ་མོ་འབུམ་མེ།ཆགས་ཆེན་རག་བཟའ་དགེ་མཚོས་གཙོས་མ་སྲུ་མོ་སྨན་རྣམས་ཁྲ་བོ་ནོར་ནང་ལ་སོང་ནས་གོང་གི་མ་སྲུ་བརྒྱད་པོས་བཞོན་དཔོན་བྱས།རྒྱལ་ཁག་ལྔའི་བཞོན་གཡོག་མོ་སྨན་ལྔ་བརྒྱ་ཙམ་ཡོད་པ་དེ་ཡི་ཟལ་དཀར་འབྲི་རྣམས་བཞོས་ནས་འོ་མ་རྒྱ་མཚོ་ལྟར་བྱུང་ཞིང་མདུན་ལ་ཕུལ།འབྲུག་མོ་ནེ་ཆུང་གཉིས་ནས་གཡང་རྟེན་གཡང་རྫས་རྣམས་ཀྱི་ནང་ལ་འོ་མ་བདུན་ཚར་གང་རེ་ཕུལ། རྒྱལ་པོ་གེ་སར་དང་སྲས་དགྲ་ལྷ་རྣམ་གཉིས་ཀྱི་མདུན་ལ་གཡང་ཊིའི་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་པ་འོ་མ་གང་རེ་དྲངས།གསེར་བུམ་ལ་མུ་ཏིག་གཡུ་བྱུར་སོགས་ཀྱིས་སྤྲས་པ། དར་ལྔའི་མགུལ་ཆིངས་བརྒྱན་པ། བདུད་རྩི་འོ་མས་བཀང་བ་ཕུད་རྐང་རེ་རེ་ལག་ཏུ་བཟུང་ནས་འོ་ཕུད་མཆོད་པའི་གླུ་འདི་ལྟར་བླངས་སོ།།


       ཨ་ལ་ཐ་ལ་ལ་མོ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད།།སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །རིགས་གསུམ་མགོན་པོས་རྒྱབ་རྟེན་མཛོད། །ནམ་མཁའི་སྤྲིན་གྱི་གུར་ཁང་ནས།།གནམ་རིམ་པ་བཅུ་ཡི་ཡང་སྟེང་ནས། །མ་གྲུབ་པའི་རྒྱལ་མོ་ཚེ་ཡི་ལྷ། །རྗེ་བཙུན་སྒྲོལ་མ་དཀར་སྔོན་ལ།།མ་རྒྱུད་གནམ་སྨན་དཀར་མོ་རྣམས། །མཁའ་འགྲོ་བྱེ་བ་འབུམ་དང་བཅས། །མ་སྲུ་རྣམས་ཀྱི་སྤྱི་ལྷ་མཁྱེན།།སྒང་པ་བོད་ཀྱི་ལས་ལྷ་མཁྱེན། །མགོ་རྩེ་ལུ་ཅན་དེ་དགྲ་ལྷ་མཁྱེན། །ཐུགས་མ་ཡེངས་ལྷ་ཁམས་གྲོགས་ལ་གཟིགས།།དེ་རིང་ཁྲ་མོའི་ས་ཆ་འདིར། །རྨ་ཁམས་གླིང་གི་གཡང་རྭ་ཟེར། །ལྷ་གུར་དཀར་པོའི་ནང་ཤེད་ནས།།སེང་ཆེན་རྒྱལ་པོའི་མདུན་གྲལ་རེད། །ང་འདྲ་ང་ངོ་མ་ཤེས་ན། །སྔོ་ལོའི་བུ་མོ་ནེ་ཆུང་ཟེར།།ཁོང་ནི་སེང་ལྕམ་འབྲུག་མོ་རེད། །གླུ་འདི་གླུ་ངོ་མ་ཤེས་ན། །ནེ་ཆུང་ཅོ་ག་དྲུག་འགྱུར་ཡིན།།དེ་ནས་ལྷ་སྲས་གེ་སར་ལགས། །ཕ་རྫོང་སྟག་གཟིག་ནོར་གཡང་དེ། །ད་ལོ་གླིང་དཀར་མཐིལ་ལ་ཕབ།།དངོས་གྲུབ་འོ་མའི་རྒྱ་མཚོ་འདི། །མ་སྲུ་རྣམས་ཀྱིས་བཞོས་ལེ་རེད། །དཀར་མོ་འོ་མའི་རྒྱ་མཚོ་འདི།།བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས། །མཆོད་ཡུལ་གོང་མ་ཐམས་ཅད་ལ།།བདུད་རྩི་འོ་མའི་མཆོད་པ་འབུལ། །དངོས་གྲུབ་བོད་ལ་སྩལ་དུ་གསོལ། །ལྷ་ཆེན་ཚངས་པ་གདོང་བཞི་དང་།།ལྷ་དབང་བརྒྱ་བྱིན་གནམ་སྨན་སོགས། །ནམ་མཁའ་གང་བའི་ལྷ་ཚོགས་ལ། །བདུད་རྩི་འོ་མའི་མཆོད་པ་འབུལ།།དངོས་གྲུབ་བོད་ལ་སྩལ་དུ་གསོལ། །གཉན་ཆེན་སྐུ་ལྷ་གེར་མཛོ་དང་། །མགུལ་ལྷ་བཅུ་གསུམ་ལྷ་རབས་དགུ།།གཉན་ཆེན་ཉེར་གཅིག་ལ་སོགས་པའི། །བར་སྣང་གནམ་ཐེལ་དཀར་པོ་སོགས། །བདུད་རྩི་འོ་མའི་མཆོད་པ་འབུལ།།དངོས་གྲུབ་བོད་ལ་སྩལ་དུ་གསོལ། །ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། །མི་མགོན་དཀར་པོ་དུང་སྐྱོང་སོགས།།འཇོག་པོ་ལ་སོགས་ཀླུ་ཆེན་བརྒྱད། །འོག་གི་ཀླུ་རྣམས་ཐམས་ཅད་ལ། །བདུད་རྩི་འོ་མའི་མཆོད་པ་འབུལ།།དངོས་གྲུབ་བོད་ལ་སྩལ་དུ་གསོལ། །ལུང་རྟོགས་བསྟན་པའི་བླ་མའི་མདུན། །དམ་ཆོས་ཐོས་བསམ་བྱེད་པར་ཤོག།བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་སྤེལ། །འགྲོ་དྲུག་ཐར་ལམ་འགོད་པར་ཤོག །ཐུབ་བསྟན་དགེ་འདུན་སྐུ་ཚེ་བརྟན།།ཐུགས་མཐུན་ཁྲིམས་གཙང་འོང་བར་ཤོག །རྒྱལ་བློན་མི་དཔོན་ཐམས་ཅད་ཀྱིས། །ཁྲིམས་སྲིད་པའི་རྒྱུ་འབྲས་དགྲ་བོས་སྲུང་།།འོག་སྡེའི་རྒྱལ་ས་ཟིན་པར་ཤོག །བུ་ཚ་རིགས་རྒྱུད་འཕེལ་བར་ཤོག །བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག།གླིང་རྒྱལ་བློན་ཐུགས་ལ་དེ་འདྲ་ཞོག །


       ཅེས་ཞུས་པས། ཉི་མ་དེ་ཡི་ཕྱིར་ནང་རྒྱལ་པོ་སེང་ཆེན་མདུན་དུ་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ཁྱད་པར་ཅན་གྱི་ལེགས་པར་བཀྲ་ཤིས་པའི་རྒྱལ་ཁག་ལྔའི་གཡང་སྒམ་གཡང་ཁུག་གཡང་རྫས་རྣམས་གང་བར་བཤམས།དེ་ནས་གླིང་རྗེ་ནོར་བུ་དགྲ་འདུལ་ལམ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དེས་མཁྱེན་བརྩེ་ནུས་པའི་གཡང་ལྷ་ཡེ་ཤེས་པ་བསྡུས་ནས་འཁོར་ཆར་སྤྲིན་རླུང་གིས་བསྐྱོད་པ་ལྟར་འདུས་ཏེ་གཡང་རྫས་ལ་ཐིམ།གཡང་འབོད་ངག་རྟ་དཀར་མོ་དྲུག་འགྱུར་ལ་དྲངས་ནས་གླུ་འདི་ལྟར་གསུངས་སོ། །


        ཨ་ལ་ཐ་ལ་ལ་མོ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད།།སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །ཡི་དམ་ལྷ་ལ་གསོལ་བ་འདེབས། །རྒྱུད་སྡེ་བཞི་ཡི་ལམ་སྣ་དྲོངས།།ལྷ་རྒྱལ་བ་རྒྱ་མཚོས་བྱིན་གྱིས་རློབས། །སྡིག་ཅན་དམྱལ་བའི་ཡུལ་ནས་འདྲེན། །སྡིག་ཆེན་བདེ་ཆེན་ཞིང་ལ་བཀོད།།ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ནམ་མཁའ་མཐིང་གི་གུར་ཁང་ནས། །འཇའ་འོད་འཁྱིལ་བའི་གཞལ་ཡས་ནས།།མི་ལུས་ཁྱུང་གི་མགོ་བོ་ཅན། །ཕྱག་གཡས་ཉི་ཟེར་ཞགས་པ་བསྣམས། །གཡོན་པས་མདུང་དར་ལྷོ་སྤྲིན་འཚུབས།།ལྷ་དམག་བྱེ་བ་འབུམ་གྱིས་བསྐོར། །ཕུ་བོ་དུང་ཆུང་དཀར་པོ་མཁྱེན། །དེ་རིང་སྐྱེས་བུའི་གྲོགས་ལ་ཕེབས།།སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །བར་སྣང་སྟོང་པའི་གཞལ་ཡས་ནས།།འཇའ་སྤྲིན་འཚུབ་པའི་གུར་ཁང་ནས། །མི་ལུས་སྟག་གི་མགོ་བོ་ཅན། །ཕྱག་གཡས་མཉམ་བཞག་འཕྲུལ་ཆེན་བསྣམས།།གཡོན་པས་མདུང་དར་ལྷོ་སྤྲིན་འཚུབས། །གཉན་དམག་བྱེ་བ་འབུམ་གྱིས་བསྐོར། །དགྲ་ལྷའི་མེ་སྟག་དམར་པོ་མཁྱེན།།དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ།།རྒྱ་མཚོ་ནོར་བུའི་མཁར་ནང་ནས། །ཀླུ་དམག་བྱེ་བ་དུང་ཕྱུར་མཁྱེན། །ནུ་བོ་ཀླུ་ཕྱུག་འོད་ལྡན་མཁྱེན།།དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ།།ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །རྨ་བྱ་པད་ཟླའི་གདན་སྟེང་ནས། །བཅོམ་ལྡན་ཆོས་སྐུ་འོད་དཔག་མེད།།ཞལ་གཅིག་ཕྱག་གཉིས་མཉམ་བཞག་བཞུགས། །ཐུགས་རྗེས་འགྲོ་ལ་རྟག་ཏུ་གཟིགས། །སངས་རྒྱས་སྟོང་གི་འཁོར་གྱིས་བསྐོར།།དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ།།པད་མ་དབང་གི་གཞལ་ཡས་ནས། །མ་ཆགས་པད་མའི་གདན་སྟེང་ནས། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད།།སྐུ་མདོག་དམར་པོ་མཉམ་བཞག་མཛད། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །ཚེ་ལྷ་རྒྱལ་བ་རིགས་ལྔས་བསྐོར།།འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད།།གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ཟངས་མདོག་དཔལ་རིའི་རྩེ་མོ་ནས། །པད་མ་འོད་ཀྱི་གཞལ་ཡས་ནས།།སྤྲུལ་སྐུ་པད་མ་འབྱུང་གནས་ཀྱི། །རལ་པའི་ཐོར་ཅོག་སྐུ་རྒྱབ་ཁེབས། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན།།གཡོན་པ་མཉམ་བཞག་ཀ་པཱ་ལ། །རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ། །རིག་འཛིན་མཁའ་འགྲོའི་འཁོར་གྱིས་བསྐོར།།དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ།།རི་བོ་ཏཱ་ལའི་ཞིང་ཁམས་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་དང་། །ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ།།ཕྱག་གཡས་ཤེལ་དཀར་ཕྲེང་བ་འཛིན། །གཡོན་པས་ནོར་བུ་པད་མ་བསྣམས། །ས་བཅུའི་བྱང་སེམས་འཁོར་གྱིས་བསྐོར།།དེ་རིང་སྐྱེས་བུའི་གྲོགས་ལ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ།།སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ནས། །ལྷ་ཆེན་ཚངས་པ་དཀར་པོ་དང་། །ལྷ་དབང་བརྒྱ་བྱིན་ལྷ་མིན་བརྒྱད།།ལྷ་དམག་བྱེ་བ་འབུམ་གྱིས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད།།གཡང་གི་དངོས་གྲུབ་སྩལ་དུ་གསོལ། །བར་མ་གཉན་གྱི་ཡུལ་ཁམས་ནས། །སྲིད་པའི་ལྷ་རབས་མཆེད་དགུ་མཁྱེན།།བོད་ཀྱི་མགུལ་ལྷ་བཅུ་གསུམ་མཁྱེན། །གཙང་རིགས་དཔལ་མགོན་དམག་ཚོགས་མཁྱེན། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན།།སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གཡང་འདི་མི་ལ་མ་ཤོར་ཅིག།གཡང་གཏད་གེ་སར་རྒྱལ་པོའི་བཀའ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གཡང་ཁུག་ནང་དུ་སྤུངས་སེ་སྤུངས།།གཡང་ཁྱིམ་ནང་དུ་ཀྱི་ལི་ལི། །གཡང་སྒམ་ནང་དུ་འཚུབས་སེ་འཚུབས། །སྟག་གཟིག་གཡང་གི་དངོས་གྲུབ་སྩོལ།།ཉི་མ་ཙམ་ཞིག་ཀྱི་ལི་ལི། །ཟླ་བ་ཙམ་ཞིག་སྒ་ར་ར། །སྐར་མ་ཙམ་ཞིག་སྤུངས་སེ་སྤུངས། །ནོར་བུ་གཡང་གི་དངོས་གྲུབ་རྣམས།།གཡང་འདི་ཚེ་གཡང་བསྐྱབ་ཏུ་གསོལ། །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་ལ་མ་འགྲོ་ཞིག།ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ནོར་བུའི་གཡང་གི་བཀའ་གཏད་ན། །རྟ་གཡང་ཟླ་བ་མགོ་གསུམ་དང་།།ནོར་གཡང་ཨཪྱཛཾ་བྷ་ལ། །ལུག་གཡང་གང་བ་བཟང་པོ་སོགས། །ཚོང་གཡང་འགུགས་པའི་ལྕགས་ཀྱུ་དང་།།གསེར་གཡང་དགའ་བ་ཡར་འཁྱིལ་དང་། །འབྲུ་གཡང་ཁྱུང་གི་སྒོ་ང་ཙམ། །རྒྱུ་གཡང་ཛམ་དཀར་ཛམ་ནག་དང་།།ཟས་གཡང་ཕུན་སུམ་ཚོགས་པ་སོགས། །དེ་རིང་འདི་རུ་གཡང་ལ་འདུས། །གཡང་གི་དངོས་གྲུབ་ཆར་ལྟར་ཕོབ།།གཡང་སྐྱབས་ཚེ་གཡང་བསྐྱབ་ཏུ་གསོལ། །གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་ལ་མ་འགྲོ་ཞིག།ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དངོས་གྲུབ་གཡང་གི་ར་བ་ལ། །སྟག་གཟིག་རྒྱལ་པོའི་ནོར་གཡང་དང་།།བལ་པོའི་རྒྱལ་པོའི་ལུག་གཡང་དང་། །སོག་པོ་རྒྱལ་པོའི་རྟ་གཡང་དང་། །ཨ་གྲགས་རྒྱལ་པོའི་གཟི་གཡང་དང་།།བྱེ་རི་རྒྱལ་པོའི་བྱུར་གཡང་དང་། །གྲུ་གུ་རྒྱལ་པོའི་གོ་གཡང་དང་། །མི་ནུབ་རྒྱལ་པོའི་དར་གཡང་དང་།།རྒྱ་གར་རྒྱལ་པོའི་ཆོས་གཡང་དང་། །རྒྱ་ནག་རྒྱལ་པོའི་ཇ་གཡང་དང་། །འཛམ་བུ་གླིང་གི་རྒྱུ་གཡང་རྣམས།།དེ་རིང་འདི་རུ་གཡང་ལ་འདུས། །གཡང་གི་དངོས་གྲུབ་སྩ་དུ་གསོལ། །གཡང་གི་ཚེ་གཡང་བསྐྱབ་ཏུ་གསོལ།།གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་རྒྱབ་མ་འགྲིམ་ཞིག །ཨོ་རྒྱན་པད་མ་འབྱུང་གནས་ལ།།བོད་སྐྱོང་བསྟན་མ་བཅུ་གཉིས་དང་། །བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས། །ནོར་བདག་ཨཪྱཛཾ་བྷ་ལ།།ཕྱུག་བདག་ལྷ་མོ་ནོར་རྒྱུན་མ། །རྟ་བདག་འཕགས་པ་རེ་མན་ཏ། །ལུག་བདག་ནོར་བུ་བཟང་པོ་སོགས།།ཁྲ་མོ་ནོར་ལྷའི་འཁོར་གྱིས་བསྐོར། །དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། །སྟག་གཟིག་གཡང་རྣམས་གཏད་རོགས་མཛོད།།གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གཡང་སྐྱབས་ཚེ་གཡང་འཕེལ་བར་ཤོག །གཡང་གཏད་གེ་སར་རྒྱལ་པོའི་བཀའ།།གཡང་འདི་ཕྱི་ལ་མ་འགྲོ་ཞིག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འཛམ་གླིང་ས་ཡི་ལྟེ་བ་ལ། །རྨ་རྒྱལ་སྤོམ་ར་གཉན་པོ་ཞུགས།།རྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར། །ཐུགས་དཀར་ཡིད་བཞིན་ནོར་བུ་འཛིན། །དངོས་གྲུབ་སྣ་ཚོགས་ཆར་བཞིན་འབེབས།།སྤོམ་རའི་དངོས་གྲུབ་གཏེར་ཁ་རྒྱས། །རྨ་གཡང་འབྲི་ཡི་དངོས་གྲུབ་ཡིན། །རྨ་གཡང་ཟོག་གི་སྲོག་ཤིང་ཡིན།།རྨ་གཡང་རྟ་ཡི་སྐྱེས་ལྷ་ཡིན། །རྨ་རྒྱལ་མི་ཡི་དགྲ་བླ་ཡིན། །དེ་རིང་སྐྱེས་བུའི་གྲོགས་ལ་བྱོན།།སྟག་གཟིག་གཡང་རྣམས་གཏད་རོགས་མཛོད། །གཡང་གི་དངོས་གྲུབ་སྩལ་དུ་གསོལ། །གཡང་སྐྱབས་ཚེ་གཡང་བསྐྱབ་ཏུ་གསོལ།།གཡང་གཏད་གེ་སར་རྒྱལ་པོའི་བཀའ། །གཡང་འདི་ཕྱི་ལ་མ་འགྲོ་ཞིག།མཁས་པའི་ལོ་ཏོག་ཆོས་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན།།གཡང་སྐྱབས་ཚེ་གཡང་འཕེལ་བར་ཤོག །གཡང་གཏད་གེ་སར་རྒྱལ་པོའི་བཀའ།།གཡང་འདི་ཕྱི་ལ་མ་འགྲོ་ཞིག །མཐོན་པོའི་གོང་ནས་དཔོན་གྱི་གཡང་།།དེ་རིང་འདི་རུ་གཡང་ལ་བྱོན། །དཔའ་བོའི་དཔའ་རྒོད་འཛོམས་པའི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །མཛེས་ཤིང་བདེ་འཇམ་གོས་ཀྱི་གཡང་།།དེ་རིང་འདི་རུ་གཡང་ལ་བྱོན། །ཞིམ་མངར་འཛོམས་པ་ཟས་ཀྱི་གཡང་།  །དེ་རིང་འདི་རུ་གཡང་ལ་བྱོན། །མཛེས་རྒྱན་ཆར་འབེབས་མ་སྲུའི་གཡང་།།དེ་རིང་འདི་རུ་གཡང་ལ་བྱོན། །འགྲོ་ཞིང་བགྲོད་པ་རྟ་ཡི་གཡང་།།དེ་རིང་འདི་རུ་གཡང་ལ་བྱོན། །འོ་མའི་ཆར་འབེབས་འབྲི་ཡི་གཡང་།།དེ་རིང་འདི་རུ་གཡང་ལ་བྱོན། །ཐུན་གསུམ་སྐད་སྙན་ཁྱི་ཡི་གཡང་།།དེ་རིང་འདི་རུ་གཡང་ལ་བྱོན། །བཀྲ་ཤིས་རྫས་བརྒྱད་རྫས་ཀྱི་གཡང་།།དེ་རིང་འདི་རུ་གཡང་ལ་བྱོན། །བཀྲ་ཤིས་རྟགས་བརྒྱད་སྣོད་ཀྱི་གཡང་།།དེ་རིང་འདི་རུ་གཡང་ལ་བྱོན། །ཕྱུག་པོའི་བང་མཛོད་རྒྱུ་ཡི་གཡང་།།དེ་རིང་འདི་རུ་གཡང་ལ་བྱོན། །ནོར་བུའི་གཡང་དེ་བདག་ལ་སྩོལ།།སྒང་པ་བོད་ལ་ཆར་བཞིན་ཕོབ། །དངོས་གྲུབ་བོད་ལ་བདེ་སྐྱིད་འཛོམས།།ལས་དང་བསོད་ནམས་གོང་དུ་མཐོ། །བཀྲ་ཤིས་གཡང་གི་སྒོ་སྲུང་ལ།།ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །ཤར་ཕྱོགས་གཡང་གི་སྒོ་སྲུང་མཛོད།།ལྷོ་ཡི་བསྟན་མ་བཅུ་གཉིས་ཀྱིས། །ལྷོ་ཕྱོགས་གཡང་གི་སྒོ་སྲུང་མཛོད། །ནུབ་ཕྱོགས་རྒྱལ་པོ་བསོད་ནམས་སྟོབས།།ནུབ་ཕྱོགས་གཡང་གི་སྒོ་སྲུང་མཛོད། །བྱང་ཕྱོགས་ལྷ་མོ་ནོར་རྒྱུན་མ། །བྱང་ཕྱོགས་གཡང་གི་སྒོ་སྲུང་མཛོད།།དཀྱིལ་འཁོར་བཀྲ་ཤིས་རྟགས་བརྒྱད་ཀྱི། །ནོར་བུ་གཡང་རྣམས་སྤུངས་སེ་སྤུངས། །གཡང་འདི་ལ་གཡོ་འཁྲུག་མེད་པར་ཤོག།རི་རྒྱལ་བཞིན་དུ་བརྟན་པར་ཤོག །གཡང་འདི་རྒྱུན་ཆད་མེད་པར་ཤོག །གཡང་འདི་ལོ་འདབ་རྒྱས་པ་བཞིན།།དཀོན་མཆོག་གསུམ་གྱི་བདེན་ཚིག་དང་། །སངས་རྒྱས་བྱང་སེམས་བྱིན་རླབས་ཀྱིས། །གཡང་འདི་ཆག་ཉམས་མེད་པར་ཤོག།རྒྱ་མཚོ་བཞིན་དུ་ཆི་ལི་ལི། །མི་ལ་གཡང་གི་དངོས་གྲུབ་སྩོལ། །འཛམ་གླིང་གཡང་གི་བཀའ་གཏད་འདི།།ཅི་འདོད་ཅི་བསམ་འགྲུབ་པར་ཤོག །


ཚན་པ་གོང་མར་གསན་འདོད་ཚེ་འདིར་ནོན།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存