其他

2018-06-01
       ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ལྷག་པར་དུ་སྤྱི་ལོ2014ལོར་ཚོང་དོན་ལམ་ལུགས་བསྒྱུར་བཅོས་བྱ་འགོ་བརྩམས་ཚུན་བོད་ཀྱི་བཟོ་ཚོང་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོང་ཏང་ཨུད་དང་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་འོག་སྔ་བར་ཕྱི་གསུམ་དུ་མདུང་རྩེ་ནང་དུ་གཏད་ནས་རང་ངོས་བསྒྱུར་བཅོས་བྱས་པས།  ཁྲོམ་རར་འཇུག་འཐུས་དང་། ཡིད་རྟོན་ལྟ་འདོམ། ཞབས་ཞུ་སྤུས་ལེགས་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་ཞུ་སྒྲུབ་པའི་ནུས་པ་ཤུགས་ཆེར་སོང་ཡོད་པ་རེད།

ལྗོངས་བཟོ་ཚོང་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཀོའོ་ནའེ་ཞུང་གིས་གནས་ཚུལ་ངོ་སྤྲོད་གནང་བཞིན་པ།


    གསར་འགོད་པས་སྤྱི་ཚེས་28ཉིན་སྐོང་ཚོགས་བྱས་པའི་ཚོང་དོན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་པའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ་2014ལོའི་ཚུན་དུ་བོད་ཀྱི་བཟོ་ཚོང་ཁོངས་གཏོགས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་ཀྱིས་ལས་གཏོད་གསར་གཏོད་བྱེད་མཁན་ཆེད་འགྲོ་ལུགས་གཉེར་སྟབས་བདེ་རུ་བཏང་བས་བོད་ཀྱི་རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་ཚོང་དུད་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད་པ་རེད། ལྗོངས་བཟོ་ཚོང་ཅུད་ཏང་ཨུད་ཀྱི་ཨུ་ཡོན། ཅུད་ཀྲང་གཞོན་པ་ཀོའོ་ནའེ་ཞུང་གིས། ཚོང་དོན་བསྒྱུ་བཅོས་བྱས་ཚུན་བོད་ལྗོངས་ཀྱི་རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་དེ་དག་དབྱར་གྱི་ཆུ་གཏེར་རྒྱས་པ་བཞིན་གོང་འཕེལ་ཕྱིན་ནས་གསར་དུ་ཐོ་འགོད་བྱས་པའི་ཁྲོམ་རའི་གཙོ་གཟུགས་ཐེམ་དུད་ཆིག་འབུམ་དགུ་ཁྲི་ཉིས་སྟོང་སུམ་བརྒྱ་བར་གོང་འཕེལ་བྱུང་བ་དང་ཆ་སྙོམས་ཉིན་རེར་ཚོང་དུད་༡༢༤མང་དུ་འགྲོ་ཡི་ཡོད་པས། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པའི་ནུས་ཁུངས་གསར་པ་མཁོ་འདོན་བྱས་ཡོད་ལ་ལྷག་པར་དུ་དེང་རབས་ལག་རྩལ་གྱིས་རྒྱབ་རྟེན་བྱས་པའི་ཐོན་ལས་གསར་པ་དང་ལས་རིགས་གསར་པ་གོང་ཕེལ་ཆེན་པོ་བྱུང་བ་དེ་དག་བོད་ལྗོངས་ཀྱི་དཔལ་འབྱོར་རྣམ་པ་འགྱུར་བའི་གལ་ཆེའི་འགུལ་ཤུགས་སུ་གྱུར་ཡོད། མིག་སྔ་སྟེ་ཟླ་བ་ལྔ་པའི་ཚེས་ཉེ་ཤུ་ལྔ་ཉིན་བར་བོད་ལྗོངས་སུ་རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་ཚོང་དུད་ཉིས་འབུམ་བཞི་ཁྲི་ལྔ་སྟོང་ལྔ་བརྒྱ་ལྷག་ཡོད་ཅིང་། སྤྱི་འབོར་དེ་དུས་ཐུང་ལོ་ངོ་བཞིའི་རིང་ལྡབ་གཅིག་འཕར་ཡོད་ཅེས་ངོ་སྤྲོད་གནང་བ་རེད། 

     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྗོངས་ཡོངས་སུ་ཐོ་འགོད་ཚོང་རྟགས་སྤྱི་འབོར་14850ཙམ་ཡོད་པ་དང་ལོ་བཞིའི་རིང་འཕར་ཚད་བརྒྱ་ཆ་300ལས་བརྒལ་ཡོད་པ་རེད། ལྷག་པར་དུ་བདུད་རྩི་རྟགས་ཅན་དང་། གཡུ་སྨན་བོད་སྤོས་སོགས་གཞི་ཁྱོན་ལྡན་ལ་ཁྲོམ་རའི་འགྲན་བརྩོད་ཀྱི་ནུས་པ་ལྡན་པའི་གྲགས་ཅན་ཚོང་རྟགས་དག་བོད་ཀྱི་དཔལ་འབྱོར་སྤུས་ཚད་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཙོ་ཤུགས་དམག་ལྟ་བུར་གྱུར་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ།   པད་སྒྲོན། 

རྩོམ་སྒྲིག་འགན་འཁུར་བ།  ལྷག་པ། 

    您可能也对以下帖子感兴趣

    文章有问题?点此查看未经处理的缓存