其他

cnr 2018-06-01

ཞི་ཅིན་ཕིང་གིས་དབྱིན་ཇིའི་གུང་རྗེ་ཡུའེ་ཁེ་རྒྱལ་སྲས་ཨན་ཏེ་ལུའུ་དང་མཇལ་འཛོམས་གནང་བ།

 

     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༩ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་དབྱིན་ཇིའི་གུང་རྗེ་ཡུའེ་ཁེ་རྒྱལ་སྲས་ཨན་ཏེ་ལུའུ་དང་མཇལ་འཛོམས་གནང་ཡོད་པ་རེད།

 

      ཞི་ཅིན་ཕིང་གིས་རྒྱལ་སྲས་ཨན་ཏེ་ལུའུ་དང་དབྱིན་ཇིའི་རྒྱལ་རྒྱུད་ཚང་གིས་ཀྲུང་གོ་དང་དབྱིན་ཇིའི་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་ཆེད་འབད་བརྩོན་ཆེན་པོ་གནང་ཡོད་ཅེས་གསུངས་པ་དང་། ཞི་ཅིན་ཕིང་གིས་ང་ཚོས་ཁྱེད་རྣམ་པ་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པར་བརྩི་བཞིན་ཡོད། ཁྱེད་ནས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་གོང་འཕེལ་གཏོང་ཆེད་འབད་བརྩོན་ཆེན་པོ་གནང་ཡོད་ཅིང་། ངོས་ནས་དོན་དེར་བསྔགས་བརྗོད་ཆེན་པོ་ཞུ་གི་ཡོད། ངོས་ནས་ཀྱང་དེ་སྔོན་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པས་གདན་ཞུས་གནང་བ་ལྟར་སྐུ་ཉིད་ཀྱི་རྒྱལ་ཁབ་ལ་འཚམས་འདྲི་ཞུས་པ་དེར་རྟག་ཏུ་དྲན་སོས་ཀྱི་ཡོད། དེ་ནི་བརྗེད་དཀའ་བའི་འཚམས་འདྲི་ཞིག་ཡིན། ང་ཚོས་ཀྱང་དུས་དེ་ནས་བཟུང་ཀྲུང་གོ་དང་འབྱིན་ཇིའི་འབྲེལ་བའི་དུས་རབས་ཡག་ཤོས་ཤིག་འགོ་བཙུགས་པ་རེད་ཅེས་གསུངས་འདུག

 

      ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་རུང་། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་དུས་རབས་བཟང་ཤོས་མུ་མཐུད་མདུན་སྐྱོད་བྱེད་བཞིན་ཡོད། དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ་མེ་ནས་ད་ལོའི་ལོ་སྟོད་དུ་ཀྲུང་གོར་ལེགས་གྲུབ་ལྡན་པའི་འཚམས་འདྲི་གནང་ནས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གོང་འཕེལ་འགྲོ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱུང་ཡོད། ཀྲུང་གོའི་ཕྱོགས་ནས་དབྱིན་ཇི་ཕྱོགས་དང་མུ་མཐུད་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། སྒྲིག་གཞི་ཅན་གྱི་བགྲོ་གླེང་ཡག་པོ་གཉེར་ནས། ཀྲུང་དབྱིན་འབྲེལ་བ་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་བགྲོད་ལམ་ཐོག་སྐྱོན་བྲལ་དང་བརྟན་ལྷིང་ངང་གོང་འཕེལ་འགྲོ་རྒྱུར་འགན་ལེན་བྱེད་འདོད་ཡོད་ཅེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་བདེ་བླག་མངོན་འགྱུར་བྱེད་ཆེད། ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་སྐྲུན་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་ལག་བསྟར་བྱ་རྒྱུ་ཡིན། ཀྲུང་གོས་སྒོ་དབྱེ་རྒྱ་སྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། གསར་གཏོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་ནན་སྟོན་གནང་བ་དང་། ཁོང་གིས། ཁྱེད་རང་གི་ད་རེས་ཀྱི་བྱེད་སྒོ་འདི་ཡང་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་གསར་གཏོད་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་ནུས་པ་ཆེན་པོ་ཐོན་རྒྱུ་རེད། ངོས་ནས་ཀྱང་ཁྱེད་རང་གི་ད་རེས་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།

 

      རྒྱལ་སྲས་ཨན་ཏེ་ལུའུ་ཡིས་ཞི་ཅིན་ཕིང་ནས་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་བའི་ལྗགས་ལན་ཕུལ་ཡོད་པ་རེད། ཞི་ཅིན་ཕིང་གིས་དོན་དེར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ཨན་ཏེ་ལུའུ་ནས་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པར་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུའི་ལྗགས་ལན་སྐུར་གནང་ཡོད་པ་རེད། ཨན་ཏེ་ལུའུ་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༥ལོར་དབྱིན་ཇིར་ལེགས་གྲུབ་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་ནས། དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་རྒྱ་ཆེ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད། དབྱིན་ཇིས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་མགྱོགས་པོ་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ཕྱོགས་སུ་འགྱུར་བ་འགྲོ་བར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ང་རང་ནས་རྒྱལ་ཁབ་གཉིས་པོའི་ཚན་རྩལ་དང་། གསར་གཏོད། ཐོན་ལས་སོགས་ཁྱབ་ཁོངས་ནང་དངོས་སྒྲུབ་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུ། དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་དུས་རབས་བཟང་ཤོས་གོང་འཕེལ་སྔར་ལས་ལྷག་པ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ་མུ་མཐུད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་འདུག


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    

    您可能也对以下帖子感兴趣

    文章有问题?点此查看未经处理的缓存