cnr 中国藏语广播CNR

ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་ཡང་དང་མཇལ་མོལ་གནང་བ།


     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།སྤྱི་ཚེས་༣༠ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་ཡང་དང་མཇལ་མོལ་གནང་བ་དང་། ཁོང་རྣམ་གཉིས་ནས་ཀྲུང་གོ་དང་ལོ་སིའི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་དང་། དེ་བས་ཡག་པའི་ངང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་དགོས་པའི་ནན་སྟོན་གནང་ཡོད་པ་རེད།



      ཞི་ཅིན་ཕིང་གིས། ང་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་པན་ཡང་འདས་ཟིན་པའི་ལོ་འདི་དག་ནང་རྟག་ཏུ་ཐུག་འཕྲད་ཞུ་རྒྱུ་བྱུང་ལ། སྤྱི་ལོ་༢༠༡༧ལོར་ད་དུང་ལོ་གཅིག་ནང་ཕན་ཚུན་འཚམས་འདྲི་ཞུ་རེས་བྱུང་། གྲོས་མཐུན་བྱུང་བའི་ཐུན་མོང་ངོས་འཛིན་མང་པོ་ཞིག་ནུས་ལྡན་ངང་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཐོབ་ཡོད། སྤྱི་ལོ་༢༠༡༣ལོར་ང་རང་ནས་ཐེངས་དང་པོར་ཀྲུང་གོ་དང་ལོ་སི་ནི་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་པའི་ལས་དབང་ཐུན་མོང་མ་ལག་ཅིག་ཡིན་ཞེས་བཏོན་པར་ལོ་སི་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱས་ཡོད། ང་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་པན་ཡང་བར་ཀྲུང་གོ་དང་ལོ་སིས་ཐུན་མོང་ཐོག་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་མ་ལག་བསྐྲུན་རྒྱུའི་ཐད་འདོད་ཚུལ་གཅིག་མཐུན་བྱུང་ལ། དེ་ཉིད་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས་ནང་བཅུག་པར། ཏང་གཉིས་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁྲོད་རྒྱ་ཁྱབ་ངང་ཁས་ལེན་ཐོབ་ཡོད། དེས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གལ་ཆེའི་ཁྲིད་སྟོན་ནུས་པ་ཐོན་པ་མངོན་གྱི་ཡོད་པ་དང་། ཀྲུང་གོ་དང་ལོ་སིའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་རྒྱུར་སྐུལ་འདེད་ཐེབས་ཡོད་ཅེས་གསུངས་ཡོད།


     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལོ་སིའི་འབྲེལ་བ་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་པ་དང་བསྟུན་ནས། ཕྱོགས་གཉིས་པོས་ལས་དབང་ཐུན་མོང་མ་ལག་གི་ཐུན་མོང་ངོས་འཛིན་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག ལས་དབང་ཐུན་མོང་མ་ལག་འཛུགས་སྐྱོང་བྱ་རྒྱུར་གཅིག་བསྡུས་བྱས་ཏེ། དེ་ཉིད་འདུ་ཤེས་ནས་བྱ་སྤྱོད་ལ་འགྱུར་རྒྱུ་དང་། འདུན་པ་ནས་དོན་དངོས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོ་དང་ལོ་སིའི་ལས་དབང་ཐུན་མོང་མ་ལག་རྩ་བ་ཚུགས་ནས་འབྲས་བུ་སྨིན་པ་བྱེད་དགོས། དེ་ཡང་གཅིག་ནས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱབ་ནས། ལས་དབང་ཐུན་མོང་མ་ལག་གི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་དང་ལོ་སི་ཕྱོགས་གཉིས་པོས་ཕྱོགས་ཡོངས་དང་བང་རིམ་མང་བ། སྒྲིག་གཞི་ཅན་བཅས་ཀྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱས་ནས། ཕན་ཚུན་ཡིད་ཆེས་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ལས་དབང་ཐུན་མོང་མ་ལག་གི་ཁེ་ཕན་འབྲེལ་ཐག་དམ་དུ་གཏོང་དགོས། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་རྣམ་གྲངས་ཆེན་པོའི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། དམངས་འཚོ་དང་དབུལ་སྐྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གོང་འོག་མཉམ་འགུལ་བཅས་བྱས་ཏེ། ཀྲུང་གོ་དང་ལོ་སིའི་མཉམ་ལས་ཀྱི་གནས་བབ་གསར་པ་ཆགས་པ་བྱེད་དགོས། གསུམ་ནས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། ལས་དབང་ཐུན་མོང་མ་ལག་གི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་རྒྱག་དགོས། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་ཤེ་ཡ་ཤར་མའི་མཉམ་ལས། མེ་ཀུང་ཆུ་བོའི་མཉམ་ལས་སོགས་ཕྱོགས་མང་སྒྲིག་གཞིའི་ཁྲོད་མཐུན་སྦྱོར་རམས་འདེགས་ལ་ཤུགས་སྣོན་རྒྱབ་ནས། རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་ནུས་ལྡན་བྱེད་དགོས། བཞི་ནས་མི་ཆོས་རིག་གནས་སྤེལ་རེས་འཁྲུག་ཏུ་བཏང་ནས། ལས་དབང་ཐུན་མོང་མ་ལག་གི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། དམངས་ཁྲོད་ཀྱི་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་བྱས་པ་བརྒྱུད། ལས་དབང་ཐུན་མོང་མ་ལག་གི་འདུ་ཤེས་དམངས་ཁྲོད་དུ་རྩ་བ་ཚུགས་པ་དང་། གཞི་རིམ་ལ་གཞི་རྐང་ཚུགས་པ་བྱེད་དགོས། ལྔ་ནས་འབྱུང་ཁམས་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ནས། ལས་དབང་ཐུན་མོང་མ་ལག་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་འབྱུང་ཁམས་དང་ཁོར་ཡུག་སྲུང་སྐྱོབ་ཐད་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱབ་ནས། སྦག་མེད་ཐུན་མོང་མ་ལག་གི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཏེ་གསར་དུ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།


      པན་ཡང་གིས། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་ནི་ལོ་སིའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཡིད་རྟོན་རུང་བའི་གྲོགས་པོ་ཡག་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་ན་ནིང་ལོ་སིར་འཚམས་འདྲི་གནང་རིང་ང་རང་བར་གྲོས་མཐུན་བྱུང་བའི་ཐུན་མོང་ངོས་འཛིན་ཁག་ད་ལྟ་ཁྱོན་ཡོངས་ནས་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་ལ། ལོ་སི་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་གི་ཐོག་སླེབས་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད། ང་རང་ནས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་ལོ་སི་དང་ཀྲུང་གོའི་ལས་དབང་ཐུན་མོང་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཏོན་པའི་མཛུབ་ཁྲིད་དགོངས་འཆར་ལ་ཡོངས་སུ་མོས་མཐུན་ཡོད་ལ། ཏང་གཉིས་ཀྱི་འབྲེལ་བས་ལོ་སི་དང་ཀྲུང་གོའི་འབྲེལ་བར་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་སྔར་ལས་ལྷག་པ་འདོན་པ་དང་། ཏང་གཉིས་ཀྱི་མཐོ་རིམ་པའི་འཆར་ཅན་ཐུག་འཕྲད་རྒྱུན་འཁྱོངས་བྱེད་པ། ཏང་འཛུགས་སྐྱོང་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང་སྲིད་གཞུང་གི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལོ་སི་དང་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་གི་རྣམ་གྲངས་ཆེན་མོའི་མཉམ་ལས་ལ་སྐུལ་འདེད་ཇེ་མགྱོགས་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་མཐུན་སྦྱོར་དང་རམས་འདེགས་དམ་ཟབ་བྱེད་པ་བཅས་བྱས་ནས། ཐུན་མོང་ཐོག་ལོ་སི་དང་ཀྲུང་གོའི་སྲ་ཞིང་བརྟན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་སྐྱོང་ཡག་པོ་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་པོ་དང་ས་ཁུལ་གྱི་མི་དམངས་ལ་ཕན་པ་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།


      ཕྱོགས་གཉིས་པོས་ད་དུང་རང་སོའི་ཏང་འཛུགས་སྐྱོང་དང་རྒྱལ་ནང་གི་གོང་འཕེལ་གནས་ཚུལ་བརྡ་ཁྱབ་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་ལོ་སིའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་པན་ཡང་གིས་འགོ་ཁྲིད་གནང་བའི་ལོ་སི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་ནས་ཐོབ་པའི་གྲུབ་འབྲས་གསར་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་དང་ཉམས་མྱོང་ངོ་སྤྲོད་གནང་བ་མ་ཟད། ཀྲུང་གོའི་ཕྱོགས་ནས་དེ་བས་དགེ་མཚན་ལྡན་པ་དང་ནུས་ལྡན་གྱི་བྱ་སྤྱོད་བཟུང་སྟེ། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས། ཨ་ཤེ་ཡ་གླིང་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།


     པན་ཡང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཞི་མཐུན། བསྒྱུར་བཅོས་སྒོ་དབྱེའི་བྱ་གཞག ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པའི་འཕེལ་རིམ་བཅས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་ཡོད་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཨ་ཤེ་ཡ་བྱང་ཤར་དང་འཛམ་གླིང་གི་ཞི་བདེ་གོང་འཕེལ་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལོ་སི་ཕྱོགས་ནས་ཀྲུང་གོས་དུས་ཡུན་རིང་པོའི་ཁྲོད་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།


     མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ཐུན་མོང་ཐོག་འབྲེལ་ཡོད་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།



ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    

    Read more