འཕགས་ཆེན། (ཡུལ་ཤུལ)
སེམས་འདི་ལྕགས་གོང་ཞིག་ཡིན་ན
ཉི་ཟླ་ག་ཚོད་འབར་ཡང་བཞུ་མི་སྲིད
དེ་བཞིན་ཆར་བ་བབས་ན་བབས
སྤྲིན་པ་འཕྱོས་ན་འཕྱོས
གནམ་ལྕགས་ཐོག་རྒོད་ལྷུང་ནའང
ཤ་འོད་ཅི་ཙམ་བརྒྱུགས་ནའང
རང་གི་འདོད་པའི་རི་མོ་འབྲི་ངེས
འོན་ཀྱང
དུས་ཚོད་འཛད་ཀྱིན་འདུག
ཉི་ཟླའི་འོད་སྣང་ལ་བལྟས་ཏེ
སེམས་འདི་སྙི་མོ་སྙི་མོ་ཞིག་ཏུ་གྱུར་པའི
རྨི་ལམ་གྱི་གཟེབ་ཏུ་བྱེའུ་ཆུང་ཞིག་འཕག་འཚག་བརྒྱབ
ཕལ་བའི་ནམ་མཁའ་དྲན་བཞིན
རང་སྲུང་གི་སྡོང་པོ་དྲན་བཞིན
སེམས་ཀྱི་རྩྭ་ཐང་བརླན་པའི་ལན་ཆགས་དེས
ཐ་སྙད་ཀྱི་རུས་ཀོག་ཅིག་དང
ཕྱི་ཚུལ་གྱི་སྣང་བརྙན་ཙམ་ལས་ཅི་ཡང་ཐོབ་མི་འདུག
ཁྱོད་ལ་ཞེན་ཆགས་ཀྱི་ཁྲེས་པོ་ཅི་ཙམ་ཡོད
ཁ་སང་ང་ཚོ་འཕྲད་པ་ཞེན་ཆགས་ཡིན་ལ
དེ་རིང་ང་ཚོ་འབྲལ་བ་ཞེན་ཆགས་ཡིན
སང་ཉིན་ང་ཚོ་ཞེན་ཆགས་ཀྱིས་དབང་དུ་འགྲོ་སྲིད
དེ་བས་དུས་ཚོད་ཀྱིས་ང་ཚོར་ཞེན་ཆགས་བསླངས
ཞེན་ཆགས་ཀྱིས་ང་ཚོ་གཡེང་བར་བྱེད
ཕ་མ་ནི་བརྩེ་བའི་རྒྱ་མཚོ
གྲོགས་པོ་ནི་དུངས་སེམས་ཀྱི་རླབས་དཀར
སྙིང་ཉེ་བའི་མཚོ་འགྲམ་གྱི་རྡེའུ་ཚོགས
ང་ཚོའི་ཐུག་འཕྲད་དང་གྱེས་བྲལ་ནི
སྨྲ་བསམ་བརྗོད་འདས་ཀྱི་ཞེན་ཆགས་མཁྲེགས་པོ་ཞིག
དེ་བས་ཞེན་ཆགས་ཀྱིས་ཉིན་མོ་འཁྲུལ་སྣང་བསྐྱེད་པ་དང
མཚན་མོ་རྨི་ལམ་གྱི་སྒེའུ་ཁང་རྡུང
ང་ཚོས་ཞེན་ཆགས་ཇི་ལྟར་སྤོང་ཨང
Send to Author