གྱེར་འདོན།༽ དཔལ་ལྷ་མོ་ལ་ཕུལ་བའི་སྙན་ངག
ཚེ་སྒྲོན་གྱིས་གྱེར་འདོན་བྱས།
དུས་ཚོད་ཀྱིས་འུ་གཉིས་ལ་ལྷན་འཛོམས་མ་གནང
དགུན་ཟླ་དང་པོའི་ནམ་མཁའ་རླུང་གིས་གཡོ་དུས
ངས་ཁྱོད་རང་མཇལ་མ་ཐུབ་པའི་ན་ཟུག་ཧ་ཅང་ཆེ
ཁྱོད་ད་ལྟ་གང་ན་ཡོད
སྟོད་ཀྱི་གངས་རི་དཀར་པོ་ངའི་རྒྱབ་རི་ཡིན
བར་གྱི་ཚང་ཚིང་ནགས་ཀླུང་ངའི་བསིལ་གདུགས་ཡིན
སྨད་ཀྱི་གཙང་ཆུ་སྔོན་མོ་ངའི་ཕྱི་ཐག་ཡིན
ཡིན་ནའང་ངའི་སེམས་འདི་ཁྱོད་ལ་དབང་སོང
མི་ཚོགས་ཀྱི་འདུ་འཛི་ནས་གཡོལ་ཏེ
ང་གཅིག་པུར་ལྷིང་འཇགས་ཀྱི་ཉི་འོད་གམ་དུ་བསྡད་ཡོད
ཉི་འོད་ཀྱིས་ལུས་ཕུང་དྲོ་ཐུབ་ནའང
ངའི་སེམས་འདི་ད་དུང་འཁྱག་སིབ་སིབ་ཏུ་འགུལ་བཞིན་ཡོད
ངས་ཁྱོད་རང་ངོ་མ་དྲན་སོང
དྲན་གདུང་འདི་སུ་ཡིས་རྟོགས
དེ་རིང་ཁྱོད་འཁྱག་གམ
ངས་ཁྱོད་ཀྱི་ལུས་ལ་བརྩེ་བ་དྲོན་མོ་ཞིག་སྦར་འདོད
ངས་ཁྱོད་ཀྱི་སེམས་ལ་ཚོར་བ་ཁོལ་མ་ཞིག་བླུག་འདོད
ལྗང་ལོ་ཞིག་ས་ལ་ལྷུང་བ་ལྟ་བུའི་དེ་རིང
ངས་ཁྱོད་ལ་ཆར་ཟམ་ཟིམ་གྱི་སྙན་ངག་ཅིག་འབྲི་བཞིན་ཡོད
དེ་རིང་གི་ནམ་མཁའ་དྭངས་ཤིང་གསལ་ནའང
འུ་གཉིས་བར་གྱི་གནམ་ས་ནི་རབ་རིབ་ཅིག་རེད
སེམས་པའི་གཏིང་རུམ་ལ་ཟུག་པའི་གཞས་ཤིག་ཉན་བཞིན
ཁྱོད་ལ་བརྗོད་འདོད་པའི་སྐད་ཆ་དང
ཁྱོད་ལ་འབྲི་བསམ་པའི་སྙན་ངག་ཅིག་འཆར་ཡན་གྱིས་བྲིས་ཏེ
ཕྱི་དྲོའི་ཉི་འོད་དང་བསྲེས་ནས་སྐུར་བཞིན་ཡོད
2018/11/23ཉིན་བྲིས།
1《སེམས་འདི་ལྕགས་གོང་ཞིག་ཡིན་ན》《ཞེན་ཆགས》འཕགས་ཆེན་གྱི་སྙན་ངག་གསར་པ།