ལི་ཐང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་བྱ་དགའ་ཐོབ་པའི་བརྩམས་ཆོས།
འཕགས་ཆེན་གྱི་སྙན་ངག《ལི་ཐང་བསྐོར་ནས་ཕེབས་སོང》ཞེས་པ་ལ“ལི་ཐང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན”སྐབས་དང་པོའི་རྩོམ་རིག་བྱ་དགའ་ཐོབ་པ།
杷青的诗歌作品,在四川·理塘首届仓央嘉措诗歌节征文活动中,荣获藏文组优秀奖。
ཤེས་རབ་རྣམ་རྒྱལ་གྱིས་གྱེར།
རིག་འཛིན་ཚངས་དབྱངས་རྒྱ་མཚོ
ཐོག་མའི་ལོ་རྒྱུས་ཀྱི་ནམ་མཁའ་ལ་བལྟས་ན
མོན་ཡུལ་ཨོ་རྒྱན་གླིང་དུ
མཚམས་སྤྲིན་གྱི་འདབ་མ་བཞད་ཡོད
དུས་ཚོད་དང་གངས་རིས་བརྒྱན་པའི་ཁྱེད་ནི
རྨི་ལམ་བསིལ་མོ་ཞིག་ཁྱེར་ནས་ཕེབས་སོང
གཏམ་རྒྱུད་ཚ་མོ་ཞིག་ཁུར་ནས་ཕེབས་སོང
འཁྱམས་པོ་ཚངས་དབྱངས་རྒྱ་མཚོ
ལྷ་སའི་མཚན་མོ་གཏོར་བའི་ཟླ་བ་ཁེར་འགྲོ
པོ་ཏ་ལའི་ཉི་འོད་བསྲེག་པའི་མེ་ལྕེ་དཀར་པོ
ནོར་བུ་གླིང་ཁའི་རྨི་ལམ་དཀྲོགས་པའི་ལོ་མ་སེར་པོ
ལྷ་སྒྲུང་གི་འཁྲབ་ཚན་དུ་གྱུར་མ་མྱོང་བ་ཁྱེད་ཀྱིས
རྫོང་རྒྱབ་དང་འཕྱོངས་རྒྱས ལྷ་ཞོལ་དང་འོལ་དགའ་ནས
ས་ཆེན་པོ་གླུ་དབྱངས་ཀྱིས་སྒུལ་ཞིང
ཆུ་ཆེན་པོ་སྙན་ངག་གིས་འཐུང
སྙན་ངག་གི་རྣམ་ཤེས་ལྡམ་པོ
ང་ཡི་སྙན་ངག་གི་འབྱུང་ཁུངས
མི་ཡུལ་གྱི་བརྩེ་བ་བཀླུབས་པའི་འཁྱམས་པོ་ཁྱེད་ཀྱིས
གངས་ལ་ཞབས་རྗེས་བཞག་པའི་གསང་བ་དེ
ལྷ་སའི་མི་ཚོགས་ཀྱི་ཁ་ནས་རླུང་བཞིན་སྤུར་ནའང
སེམས་ཀྱི་རྨ་ཁ་གཙང་ཆུ་ལ་བསྲེས་ནས
ཡིད་ཀྱི་དུངས་བ་རྦ་རླབས་བཞིན་འཕྱོས་སོང
རྒྱལ་བ་ཚངས་དབྱངས་རྒྱ་མཚོ
རུས་རྐང་ལ་ཟུག་པའི་བརྩེ་བ་བརྒྱ་ཕྲག་བཅངས་ནས
སྨྲ་བརྗོད་སྤྲོས་ཏེ་འཇིག་རྟེན་གླུ་རུ་བླངས
འཇགས་པར་དཀའ་བའི་སེམས་ཀྱི་གླུ་སྒྲ་རེ་རེ་ནི
མི་ཡུལ་འཚོ་བའི་གོ་རིམ་དམིགས་བསལ་བ་ཞིག་རེད
ཁྱེད་ཀྱིས་ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་གཡར་ནས
ཡང་བསྐྱར་ལི་ཐང་བསྐོར་ནས་ཕེབས་སོང
ལི་ཐང་ནས་ཁྱེད་དང་མཇལ་སོང་།
ཁྱེད་རང་ཕེབས་པར་དགའ་བསུ་ཞུ།
འདི་ན་འཕྲིན་གསར་ཞིག་ཡོད།
འཕགས་ཆེན་འཕྲིན་སྟེགས།
2 ལོ་༤ཁྲིའི་སྔོན་བོད་ན་མིའི་རིགས་ཡོད་པ་བདེན་དཔང་བྱས།四万年前人类就登上了青藏高原