ཐོག་མར་ཕ་ཡུལ་གྱི་ནམ་མཁའ་ལ་བལྟས་ཏེ
ལམ་གྱི་འཆར་ཡན་ཞིག་རི་རྩེའི་སྤྲིན་དཀར་ལ་བྲིས
གངས་རི་དང་ལུག་ཁྱུའི་བར་གྱི་ཐོ་ཡོར་ཇི་བཞིན
བདག་གི་མིག་ཟུང་ལས་ཤོར་བའི་རི་ཆུའི་འདབས་ནས
ས་མཐའ་ནས་རྨི་ལམ་མང་བའི་བདེན་པ་དེ་བསམས་ན
ལམ་གྱི་སྣེ་མོ་གཞན་ཞིག་གང་དུ་ཡོད་པར་ཤེས་འདོད་ཀྱིས
ང་རང་འདི་ལྟར་གཉིད་ལས་སད་པ་བཞིན་ཆས་ཤིང
མཐའ་ལས་ལྷུང་དོགས་ལྟར་བུད་སོང
ད་ལྟ་མི་ཚོགས་ཀྱི་ངོ་གདོང་སྲ་ཞིང་མཁྲེགས
རི་ཆུའི་ཕར་ཚུར་རྩུབ་ཅིང་གྱོང
གནམ་སའི་ཐ་སྙད་འཇམ་ཞིང་སྙི
ངེས་གཟུང་མེད་པའི་དུས་ཚོད་ཀྱི་ཧྲག་བར་ན
ལམ་གྱི་སྣེ་མོ་རེ་རེ་གཟུགས་མེད་སྒྲ་མེད་ཀྱི་རྣམ་ཤེས་བཞིན
ངའི་མིག་ནས་ཡལ་ཞིང་སེམས་ཀྱིས་གཟུང་བའམ
ལུས་ཀྱིས་མྱོང་ཞིང་ཡིད་ནས་བོར་བའམ
སུས་ཀྱང་བཤད་མི་ཐུབ་པའི་རྣམ་རྟོག་ཀྱིས་དེད
ས་ཐག་རིང་ཐུང་ནི་སེམས་ཀྱིས་གཅོད་དགོས
ལམ་གྱི་ཕྲ་རགས་ནི་ཅི་ཡང་མིན་པ་འདྲ
རླངས་འཁོར་ཆེ་ཆུང་གི་ལྷུ་ལག་དང
མེ་འཁོར་སྣ་ཚོགས་པའི་མགྱོགས་ཚད་ཀྱིས
ཡུལ་དང་ཡུལ་ཅན་གཉིས་མེད་ལྟར་བསྒྱུར་བའམ
གནམ་གྲུ་དང་མཚོ་གྲུའི་འཁྱུག་འགྲོས་ཀྱིས
སེམས་ཀྱི་ཉིན་སྲིབ་གཅིག་ཏུ་སྒྲེལ་བའི་འགྲུལ་བཞུད་འདི
འཆར་ཡན་གྱིས་དབུ་འཁྱུད་བྲིས་ཏེ་ཤེས་རབ་ཀྱིས་མཇུག་སྡུད་འབྲི་ཐུབ་ན་སྙམ།
2018/12/19ཉིན་ནན་ཅིན་ནས་མཇུག་གྲུབ་པར་བྲིས།
ཁྱེད་རང་ཕེབས་པར་དགའ་བསུ་ཞུ།
འདི་ན་འཕྲིན་གསར་ཞིག་ཡོད།
1 ལི་ཐང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་བྱ་དགའ་ཐོབ་པའི་འཕགས་ཆེན་གྱི་བརྩམས་ཆོས།
2 གྱེར་འདོན།༽ དཔལ་ལྷ་མོ་ལ་ཕུལ་བའི་སྙན་ངག
Send to Author