མི་རིགས་ཀྱི་སྐད་ཡིག་འཆི་ལམ་ནས་སྐྱོབ་དགོས། 央视都这样说了,你有什么理由不学母语!
ཀྲུང་དབྱང་བརྙན་འཕྲིན་ཁང་ནས་༼སྐད་བརྡ་ནི་སླར་སྐྱེ་མི་ཐུབ་པའི་ཐོན་ཁུངས་ཡིན༽ ཟེར་ནས་གྲངས་ཉུང་མི་རིགས་སོ་སོའི་སྐད་དང་ཡི་གེ་འཆི་ལམ་ནས་བསྐྱབ་རྒྱུའི་སྐུལ་མ་ཆེན་པོ་གནང་གིན་འདུག ཚང་མས་ང་ཚོའི་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་ཆེད་དུ་དོ་སྣང་དང་ནུས་ཤུགས་འདོན་རྒྱུ་གཙོ་ཆེན་པོ་རེད།
རྒྱུན་སྐྱོང་བྱོས། ཤུགས་རྒྱོབ། 💪
央视都这样说了,你有什么理由不学母语!
ཞར་བཀོད། མཁན་པོ་བསོད་དར་རྒྱས་ལགས་ཀྱིས་སྐད་ཡིག་སྲུང་སྐྱོབ་ལ་བསྐུལ་བའི་གསུང་བཤད།
དབྱིན་ཇི་རྒྱལ་ཁབ་ཀྱི་མན་ཁྲི་སི་ཐི་སློབ་གྲྭ་ཆེན་མོའི་གྲོས་བསྡུར་འཆར་གཞིའི་ཚན་རིག་ཞིབ་འཇུག་ཚོགས་པས་ཞིབ་འཇུག་བྱས་པ་ལྟར་ན། ༢༠༥༠ལོའི་གོང་དུ་འཛམ་གླིང་གི་སྐད་རིགས་ཡོངས་ལས་བརྒྱ་ཆ་༩༠ལྷག་མེད་པར་འགྱུར་བའི་ཉེན་ཁ་ཡོད་པ་སྟེ། འཛམ་གླིང་ཡོངས་སུ་སྐད་རིགས་༦༠༠༠ལྷག་ཡོད་པའི་ཁྲོད་ཀྱི་བརྒྱ་ཆའི་༤ནི་རྒྱུན་བཀོལ་གྱི་སྐད་ཆར་གཏོགས་ལ་དེ་བཀོལ་སྤྱོད་བྱེད་མཁན་ནི་འཛམ་གླིང་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆ་༩༦ལྷག་ཟིན་ཡོད།
དབྱིན་ཇིའི་སྐད་རིགས་ཆེད་མཁས་པ་རྣམ་པས་མིའི་རིགས་ཀྱི་སྐད་རིགས་དག་ནི་སྲོག་ཆགས་རྩ་ཆེན་སྲུང་སྐྱོབ་བྱེད་པ་ནང་བཞིན་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་དང་རེ་འབོད་བྱས་འདུག ཁོང་ཚོའི་དགོངས་ཚུལ་ལྟར་ན། ད་ཆ་འཇིག་པའི་ཉེན་ཁ་ཆེས་ཆེ་བ་ནི་ཐོ་ཧྥའི་སྐད་དང་། ལོ་མཱན་གྱི་སྐད་སོགས་ཁོངས་སུ་གཏོགས་པའི་སྐད་རིགས་ཁག་ཅིག་ཡིན་ཞིང་། དེའི་ནང་གི་ཐོ་ཧྥའི་སྐད་ནི་ཞི་པོ་ལིས་ཡ་ས་ཁུལ་དུ་འཚོ་སྡོད་བྱེད་བཞིན་པའི་ཤྭ་གསོ་བ་དང་། རི་དྭགས་རྔོན་པའི་མི་གྲངས་༦༠ ལྷག་ལས་བཀོལ་སྤྱོད་བྱེད་མཁན་མེད་ལ། ལོ་མཱན་གྱི་སྐད་ནི་ད་ལྟ་ཕལ་ཆེར་སྤྱོད་མཁན་མི་གཅིག་ཀྱང་མེད་པར་གྱུར་ཡོད།
བོད་གངས་ཅན་པའི་སྐད་དང་ཡི་གེ་ལའང་། གོང་གི་ཉེན་ཁ་དེ་དག་མི་ཡོང་བའི་ངེས་པ་མེད་ལ། ཉེན་ཁ་དེ་དག་ད་ལྟ་ནས་སྔོན་འགོག་བྱ་བའི་ཐབས་ལ་བརྩོན་པ་ནི་དུས་སུ་བབས་པའི་བྱ་བ་ཞིག་ཏུ་མཐོང་། བོད་ཀྱི་མཁས་བླུན་སུ་ཞིག་ཡིན་ཡང་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་མགྲིན་གཅིག་ཏུ་སྒྲོག་པ་ལྟར། དོན་ལའང་གཞན་སྐད་ཀྱིས་མ་ལྷད་པའི་རང་གི་སྐད་དང་། ཡི་གེ་བཀོལ་སྤྱོད་ཀྱི་ཐོག་ནས་ལག་ལེན་ལག་ཏུ་ཐེབས་པ་ཞིག་གལ་ཆེ་བ་སྟེ། དཔེར་ན་མི་རེ་རེ་ནས་ཀྱང་གཞན་སྐད་མ་འདྲེས་པའི་རང་སྐད་གཙང་མ་རང་གིས་སྤྱོད་པ་ལྟ་བུ། དུས་རབས་གསར་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲོད་ནས་བྱུང་བའི་དངོས་པོ་གསར་བ་དག་གི་མིང་དཔེར་ན་མཁས་དབང་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་བསྒྲིགས་པའི་《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་》ནང་གི་འགྲིམ་འགྲུལ་ཡོ་བྱད་ཀྱི་སྐོར་དང་། གློག་ཆས་ཀྱི་སྐོར་དང་། འབྲེལ་དྲའི་སྐོར་དང་། འཕྲིན་ཆས་ཀྱི་སྐོར་དང་། རྩིས་འཕྲུལ་གྱི་སྐོར་དང་། ཉེར་སྤྱོད་གསར་བའི་སྐོར་སོགས་མང་པོ་ཞིག་སྤྱི་སྐད་དུ་གཏན་ལ་ཕབས་ཡོད་པ་དེ་དག་རེ་རེ་ནས་བཀོལ་སྤྱོད་བྱས་ཏེ། ལོ་མཱན་སྐད་ཀྱི་རྗེས་སུ་མ་སོང་བ་ཞིག་ཅིས་ཀྱང་བྱེད་དགོས།
ཞིབ་ཏུ་བསམ་བློ་རེ་བཏང་ན། ང་ཚོའི་བོད་ཀྱི་མཁས་བླུན་བར་གྱི་མི་ཐམས་ཅད་ཀྱིས་འཚོ་བའི་ཁྲོད་ཀྱི་སྐད་ཆ་ཅི་ཞིག་བཤད་ཀྱང་གཞན་སྐད་མ་འདྲེས་པ་ཞིག་ཕལ་ཆེར་མེད་ལ། ད་དུང་ཐ་སྙད་འགའ་ཞིག་རང་སྐད་དང་གཞན་སྐད་གང་ཡིན་གྱི་དབྱེ་བའང་འབྱེད་ཐུབ་ཀྱིན་མེད། དཔེར་ན། ཉེ་ཆར་ལས་བྱེད་པ་ཞིག་རོང་འབྲོག་ས་ཆ་ཞིག་ཏུ་ཁྱིམ་ཐོ་བསྡུ་རུ་ཕྱིན་ཞིང་། ལས་བྱེད་པས་རྒན་མོ་ཞིག་ལ་ཐེམ་ཐོ་ཁྱེར་ཤོག་ཅེས་བོད་སྐད་ཀྱིས་སྨྲས་པ་ན། ཁྱིམ་བདག་མས་ཐེམ་ཐོ་ཟེར་ན་གང་རེད། ཡང་ལས་བྱེད་པ་གཅིག་གིས་རྒྱ་སྐད་ཀྱིས་户口ཞེས་སྨྲས་པར། ཁྱིམ་བདག་མ་དེས་ད་གཟོད་ཧ་གོ་ཞིང་། འོ། བོད་སྐད་ཀྱིས་ཤོད་མ་གཏོགས་རྒྱ་སྐད་དེ་དག་ཧ་མི་གོ་གི་ཞེས་ལན་བཏབ། དེར་ཡོད་ལས་བྱེད་པ་ཚང་མ་གད་མོ་ཤོར། གོང་གི་ཁྱིམ་བདག་རྒན་མོ་དེས་རྒྱ་སྐད་ལ་བོད་སྐད་དུ་འཁྲུལ་བ་དེ་གང་གིས་ལན་པ་རེད་ ཟེར་ན། དེ་ནི་གཅིག་ནས་ང་ཚོའི་བོད་སྐད་ཀྱི་ཐོག་ནས་ཐེམ་ཐོ་ལ་མིང་ཞིག་མ་བཏགས་པས་ལེན་པ་དང་། གཉིས་ནས་མི་རིགས་གཞན་གྱི་ཤུགས་རྐྱེན་འོག་ནས་གཞན་སྐད་ཀྱི་མིང་དེ་བེད་སྤྱོད་བྱེད་ཆེ་བའི་སྟབས་ཀྱིས་དེ་ནི་བོད་སྐད་ཞིག་རེད་སྙམ་གྱིན་ཡོད་པ་སྟེ། རང་སྐད་དང་གཞན་སྐད་གང་ཡིན་ཤེས་ཀྱིན་མེད་པའི་གནས་ཚུལ་ཡ་ང་བ་དངོས་མཐོང་འདི་ལྟ་བུ་འབྱུང་གི་ཡོད།
གཞན་ཡང་བོད་ཁུལ་གྱི་སློབ་གྲྭ་ག་གེ་མོ་ཞིག་ནས་བོད་རིགས་ཀྱི་སློབ་མ་ཉི་ཤུ་རྩ་ལྔ་དཔེ་མཚོན་བྱས་ནས་ཞིབ་དཔྱོད་བྱས་པ་ལྟར་ན། བོད་སྐད་ཀྱི་ཐོག་ནས་གླེང་མོལ་བྱེད་ཐུབ་མཁན་མི་ལྔ་ལས་མེད་པ་ལྟ་བུ་རེད། དེ་དག་ནི་ང་ཚོའི་མི་རིགས་འདིའི་སྐད་ཡིག་ཐོ་ཧྥའི་སྐད་དང་། ལོ་མཱན་གྱི་སྐད་ལྟར་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་ཞིག་མ་ཡིན་ནམ། དེ་བས་ཐབས་བརྒྱ་ཇུས་སྟོང་གིས་རང་མི་རིགས་ཀྱི་སྐད་ཡིག་གཅེས་འཛིན་དང་བཀོལ་སྤྱོད་བྱེད་དགོས། སྐད་ཡིག་ལ་བསྲེ་ལྷད་འདྲེས་པའམ་ཡང་ན་མི་རིགས་གཞན་གྱི་སྐད་ཀྱིས་གནོན་ཤུགས་ཐེབས་པ་གང་རུང་གིས་ཉམས་རྒུད་ཐེབས་ཚེ། ཕྱི་དངོས་པོའི་སྟེང་ནས་ཡར་རྒྱས་ཅུང་སོང་ཡང་། མི་རིགས་ཀྱི་བླ་སྲོག་སྐད་ཡིག་གི་གཞི་རྩ་མེད་པར་གྱུར་ན། མི་རིགས་དེ་ནི་མིང་ཙམ་དུ་གྱུར་པ་རེད། སྐད་དང་ཡི་གེ་གཉིས་པོ་ནི་མི་རིགས་སུ་ཞིག་ཡིན་ཡང་ཐམས་ཅད་ཀྱི་རྩ་བར་ངེས་པ་དང་། ང་ཚོ་བོད་མི་རིགས་ལ་མཚོན་ནའང་བོད་སྐད་དང་བོད་ཡིག་གཉིས་ནི་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ། གོམས་གཤིས། ལོ་རྒྱུས་སོགས་ཡོད་ཚད་ཀྱི་རྟེན་གཞིར་གྱུར་ཡོད་པས། གལ་སྲིད་ཁྱོད་ལ་རང་སྐད་གཙང་མ་སྨྲ་བར་བྱེད་པའི་རོ་འཛིན་དང་བྲལ་ཞིང་། གཞན་སྐད་ཉག་ཉོག་ལད་ཟློས་བྱེད་པའི་སྤྲེལ་ལད་ལ་དགའ་ཚེ། ཡུལ་སྲོལ་དང་གོམས་གཤིས་སོགས་ཀྱང་གཞན་གྱི་གནོན་ཤུགས་འོག་ཏུ་ཚུད་ན། ཕྱི་དངོས་པོའི་སྟེང་ནས་ཡར་རྒྱས་ཅུང་ཟད་ཕྱིན་པ་ལྟར་དུ་སྣང་ཡང་དོན་ལ་མི་རིགས་དེ་ཉིད་ངོ་བོ་གཞན་ཞིག་ཏུ་ གྱུར་བ་ཡིན་པ་མ་གཏོགས་རང་མི་རིགས་ཡར་རྒྱས་ཕྱིན་པ་ག་ལ་ཡིན། དེ་དག་ནི་མི་རིགས་འགའ་ཞིག་གི་སྐད་ཡིག་མཇུག་རྫོགས་པ་དང་རྫོགས་ལ་ཉེ་བ་དེ་དག་དང་འདྲ་་བར། རང་མི་རིགས་ཀྱི་སྐད་དང་ཡི་གེ་ཡང་རྫོགས་ཚིག་འབྲི་ལ་ཉེ་བའི་སྔོན་བརྡ་ཞིག་གོ།།
མི་རིགས་ཞིག་ལ་མཚོན་ན། སྐད་ཡིག་ནི་ཡོད་ཚད་ཀྱི་རྟེན་གཞིར་གྱུར་པ་ཡིན་པས་ན། གལ་སྲིད་སྐད་དང་། ཡི་གེ་ཉམས་རྒུད་དང་། འཇིག་པར་གྱུར་ཚེ་དེ་ལ་བརྟེན་པའི་རིག་གནས་མཐའ་དག་ནུབ་པར་འགྱུར་བ་མ་ཟད།མི་རིགས་དེའང་མིང་ཙམ་དུ་འགྱུར་བ་རེད། ཨ་མེ་རི་ཁའི་ཨ་ར་སི་ཁ་སློབ་གྲྭ་ཆེན་མོའི་སྐད་རིག་པ་བ་ཁི་རོ་སི་Michaelkrauss.སོགས་སྐད་རིག་པ་དུ་མས་ལོ་བརྒྱའི་རྗེས་སུ་མིའི་རིགས་ཀྱི་སྐད་ལས་བརྒྱ་ཆ་ལྔ་བཅུ་ཙམ་ཞིག་ནུབ་ནས་མེད་པར་འགྱུར་ཞེས་བཤད་པ་ལྟར། ཉིན་ཞག་རེ་རེ་དང་། གཟའ་འཁོར་རེ་རེར་ཡང་སྐད་ཡིག་འཇིག་བཞིན་ཡོད། དེ་བཞིན་དུ་བོད་གངས་ཅན་གྱི་སྐད་ཡིག་དག་ཀྱང་རིམ་བཞིན་འཇིག་པར་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ་ན། ང་ཚོའི་ད་ལྟ་ནས་ཐབས་ཚུལ་སྣ་ཚོགས་ཀྱིས་ཉེན་ཁ་དེ་དག་སྔོན་འགོག་བྱེད་རྒྱུ་ནི། མ་འོངས་བར་ས་སྒང་འདིའི་སྟེང་དུ་བོད་ཀྱི་སྐད་ཡིག་གནས་ཐུབ་མིན་ལ་འབྲེལ་བ་ཟབ་མོ་ཡོད་པ་ཞིག་རེད། དེའི་རྒྱུ་མཚན་ནི་ས་སྒང་འདིར་བོད་མི་རིགས་ཀྱི་སྐད་ཡིག་མ་འོངས་པར་གནས་ཐུབ་པ་བྱེད་དགོས་ན་ངེས་པར་དུ་སྔོན་འགོག་དང་། སྲུང་སྐྱོབ། འཛིན་སྐྱོང་གི་ཐབས་ཚུལ་འདི་གསུམ་ལ་བརྟེན་དགོས་པ་ཡིན་པས་སོ། །
བོད་མི་རིགས་ཀྱི་སྐད་དང་ཡི་གེ་གཉིས་མ་འོངས་བར་ཇི་ལྟར་སྲུང་སྐྱོབ་དང་འཛིན་སྐྱོང་བྱེད་པར་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། ནུས་པ་ཡོད་དགུ་འདོན་རྒྱུར་ངས་མ་བཅོས་སེམས་ཀྱི་འབོད་སྐུལ་ཞུ་བ་ལགས་སོ།།