前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་དང་པོ།

杷青 杷青 Pagchen 2022-07-26




སྙན་ངག་གི་ཐམ་ག་གཏོར་བ།



ཟུར་ཡེ་ཤེས་རྡོ་རྗེ།


       ༼༡༽

ཚིགས་བཅད་སྡེབ་སྦྱོར་སྟོང་པའི་ཁམས་ལ་གཏད།།

ལྷུག་རྩོམ་ནར་འགྲོས་ནགས་མའི་ཀློང་ན་བཏབ།།

རང་མོས་རྐང་ཆག་ཐལ་བའི་གསེང་ན་བསྲེས།།

གྲོལ་རྩོམ་འབྲི་ལ་ད་གཟོད་མཐེབ་རྩལ་རྒྱས།།

     ༼༢༽

རྟོག་བཟོའི་ཨོ་ཟོབ་གད་སྙིགས་རིན་དུ་བལྟས།།

སྣང་བའི་འཁྲུལ་ཡན་མཆིལ་མའི་ངང་དུ་སྒོམ།།

ཕྱི་ཕྱོགས་ལད་ཟློས་སྐྱུག་པའི་ཟོལ་དུ་མཐོང་།།

དོན་འབྲི་ཐད་བརྗོད་ཁོ་ན་དགེ་བར་ཤེས།།

     ༼༣༽

བསྟོད་གསོལ་ངོ་དགའ་དམན་པའི་ལས་སུ་རིག།

སྨད་དམོད་སྡང་ངག་སྤང་བྱའི་ཡུལ་དུ་རྟོགས།།

རང་བཀྱག་རོགས་སྨད་དགག་པའི་གཞི་རུ་བསམ།།

ཁ་རོག་རང་ཉིད་བྲིས་ཀྱང་མི་ཆོག་མེད།།

    ༼༤༽

ཡུལ་ལྗོངས་ཚིག་ཏུ་བསྡེབས་ན་ཧ་ཅང་འཐད།།

སྤྲིན་པ་དབྱངས་སུ་དྲངས་ན་དེ་ལས་བཟང་།།

དྲང་པོའི་ལམ་ཐིག་འདེད་ན་སྨོས་ཅི་དགོས།།

སྐབས་འགར་ཕྱི་དོན་བསློགས་ན་ཆོག་དང་ཆོག།

     ༼༥༽

ཉོན་དང་ཆུ་བོའི་རླབས་ཀྱིས་སྙན་ངག་འདོན།།

ལྟོས་དང་ཁ་བའི་འདབ་མས་སྙན་ངག་གཏོར།།

སྒུག་དང་དུས་བཞིའི་འགྲོས་ཀྱིས་སྙན་ངག་སྦྱིན།།

བྲིས་དང་ཤེས་བྱའི་ཆོས་ཀུན་སྙན་ངག་གོ།།

     ༼༦༽

རྫི་བོའི་གླུ་དབྱངས་ཁོ་ན་ཡིད་དུ་འོང་།།

རྒན་པོའི་ངག་འདོན་ཤ་སྟག་སེམས་སུ་འཐད།།

བྱིས་པའི་ངུ་སྐད་གཅིག་པུ་བློ་རུ་བབ།།

བྱ་བྱིའུ་སྐད་ལའང་ཅུང་ཙམ་མོས་པ་ཡོད།།

     ༼༧༽

འཚོ་བ་རྐང་ནས་དེད་ན་དགེ་མཚན་ལྡན།།

ཚོར་བ་གཏིང་ནས་བསྔོགས་ན་རིན་ཐང་ཆེ།།

གནས་ལུགས་ཐད་ཀར་བརྗོད་ན་གཟི་བྱིན་མཐོ།།

བར་སྟོང་ཡར་མར་འདེད་ལ་མཚར་རྒྱུ་ཅི།།

     ༼༨༽

ངག་གིས་མི་འཁྲོལ་སྟོང་པའི་རང་གཤིས་དམ།།

སེམས་ཀྱིས་མི་རྟོག་བདེན་པའི་གནས་ལུགས་སྲ།།

ལག་གིས་མི་ཟིན་ཆོས་ཀྱི་རང་བཞིན་ཆེ།།

འདི་དག་ཚིག་གིས་སྟོན་ལ་ཀུན་ཀྱང་ངལ།།

     ༼༩༽

ཟིན་མེད་འཇའ་ཚོན་རྟོག་བཏགས་ཀློང་ན་བསྲེ།།

མཐའ་མེད་འཁོར་བ་རི་མོའི་གཞི་རུ་ཕབ།།

ཕྱག་རྫོགས་དབུ་ཕལ་ཐ་སྙད་ཚིག་ལ་བཏགས།།

སྙན་ངག་པ་ཡི་ནག་ཉེས་བསམ་ལས་འདས།།

     ༼༡༠༽

མུན་པར་ཁ་རྩེད་བྱས་ན་ཆོག་པ་ཡོད།།

སྐར་ཁྱིམ་རྩིས་སུ་བཏབ་ན་འགྲིག་པ་ཡིན།།

འཆར་སྒོ་གྲངས་སུ་བགྲངས་ན་འཐད་པ་སྟེ།།

སྲིད་པའི་དབྱངས་ལ་དྲི་མ་མེད་པ་དགོས།།

     ༼༡༡༽

ཚིག་ཁྱིམ་རེ་ཡིས་མིང་རེ་སྟོན་ན་ཆོག།

ཚིག་རྐང་རེ་ཡིས་བརྡ་རེ་བཀྲལ་ན་རུང་།།

ཚིགས་བཅད་རེ་ཡིས་དོན་རེ་སྟོན་ན་ཆོག།

གང་ལྟར་ངག་ཚིག་བདེན་པར་འདུ་བ་དགོས།།

     ༼༡༢༽

ཇ་ལོ་ཆུ་ཡིས་བངས་དུས་འདར་ཤིག་ཤིག།

སྨུགས་པ་རླུང་གིས་གཡོ་དུས་མྱུར་ཧྲིལ་ཧྲིལ།།

བ་མོ་ཉི་མས་བཅོམ་དུས་འོད་ལྕུག་ལྕུག།

སྙན་ངག་བཙིར་བ་མི་དགོས་རྡོལ་བ་དགོས།།

     ༼༡༣༽

མ་འདེད་ངང་གིས་འབབ་པའི་ཆར་ཐིགས་འཇམ།།

མ་བཙུགས་ལྷུན་གྱིས་གྲུབ་པའི་མེ་ཏོག་མཛེས།།

མ་བཙིར་རང་སར་རྡོལ་བའི་མགྲིན་གླུ་སྙན།།

སྙན་ངག་བསྒྲིགས་པ་མི་དགོས་འབབ་པ་དགོས།།

     ༼༡༤༽

གཏི་མུག་གཏིང་ནས་བཤགས་པའི་རྣོ་ངར་དགོས།།

འཁོར་བའི་ཕྱི་ཤུན་བཤུ་བའི་དཔའ་སྤོབས་དགོས།།

རྨོངས་པའི་མལ་ལས་སློང་བའི་འོད་སྣང་དགོས།།

ཚོར་བ་ཧྲིལ་གྱིས་དེད་པའི་ཐབས་མཁས་དགོས།།


 

གང་ལྟར་ཡང་།  (ཞར་བཀོད་གཅིག)


ཉི་མ་བཟང་པོ།



གང་ལྟར་ཡང་སྙན་ངག་ཅིག་འབྲི་ཐུབ་ན་བསམ།

སྟོན་ཟླ་འདི་མཇུག་མ་རྫོགས་གོང་། ས་གཞི་འདི་འཁྱག་མ་བསྡོམས་གོང་།

དེ་ལྟར་དྲན་བཞིན། སྟོན་ལོ་ས་ལ་ལྷུང་བ་མཐོང་། 

སྟོན་རླུང་སྤྲིན་པས་དེད་བཞིན་མཐོང་།


གང་ལྟར་ཡང་འུ་ཅག་ཚོ་དབུགས་རྒྱུ་བཞིན་ཡོད་པ་མཐོང་།

ཡུལ་ཤུལ་ཅེས་པའི་ཐ་སྙད་འདི་རང་ཁྱིམ་ལ་སླེབས་དུས།

གྲོགས་པོ་ཚོས་མནན་མ་ཐུབ་པའི་སེམས་ཁམས་དེ་དང་།

དྲྭ་ཐོག་ཏུ་ཀྲོང་ངེར་ཀེར་བའི་མཛུབ་མོ་དེ་ལས།


གང་ལྟར་ཡང་བོད་ལྭ་འདི་ལུས་ལ་གྱོན་ནས།

རང་མདངས་དེ་འོད་ཟེར་ཞིག་ཏུ་སེམས་ནས།

སྐྱེ་དགུ་སྲང་མདོ་ནས་ཡར་འགྲོ་མར་འགྲོ་ཟིག་བྱས།


གང་ལྟར་ཡང་སྟོན་མཇུག་འདི་རྗེས་དྲན་འོས་པ་ཞིག་རེད།

གང་ལྟར་ཡང་སྙན་ངག་ཟིག་བྲིས་ནས།

ཐ་སྙད་དེ་དང་དེ་མཚུངས་དག་ཁྲི་ལོ་བརྟན་པའི་སྨོན་ལམ་ཡོད།


༢༠༡༨-༡༠-༢༤ སྐྱེ་དགུ་ནས།


     བསང་ཆུ་ལ་སླེབས།


བསང་ཆུ་ལ་སོང་པའི་ལམ་ཁ་ནས།

དེ་སྔར་བཀྲི་ཤིས་ཚེ་རིང་གིས་བྲིས་པའི་སྙན་ངག་དེ་དག་གཞི་ནས་མཐོང་སོང་།

དཔེར་ན། དོམ་ལུང་གི་གྱ་གྱུ་དང་།

བསང་ཁོག་རྩྭ་ཐང་གི་མཛེས་གཟུགས་བཅས་མིག་ལམ་དུ་མངོན།

དེའི་ནང་ནས་ཆེས་ཡིད་འཕྲོག་པ་ཞིག་ནི།

སྙན་ངག་པས་བྲིས་པའི་བསང་ཆུ་སྔོན་མོ་ནི་གནས་དེའི་སྨན་ཆུང་བཞིན།

དགུན་དུས་ཀྱི་ལྷགས་རླུང་ཁྲོད།

གཉིད་དུ་མ་ཡུར་བའི་གངས་ལྷ་མེ་ཏོག་ཤིག་དང་མཚུངས།

བསང་ཆུའི་ཁྲོམ་ནས་འགྲོ་དུས།

ཕ་སྐད་ཀྱི་ལམ་ནས་ཁ་བརྡ་བྱེད་ཆོག་ལ།

མཆོད་པ་བྱ་སའི་རྟེན་དེ་ཚོའང་ཞིབ་ཏུ་མཇལ་ཆོག

ལོ་ངོ་ཉི་ཤུའི་སྔོན་་དུ་བསང་ཆུ་ལ་སྤོ་མ་གཉིས་ཙམ་འགྲོ་མྱོང་།

ཡིན་ཡང་། དེ་དུས་སྙན་ངག་གི་ལམ་ནས་མཆོད་པ་བྱེད་མ་མྱོང་བས།

ད་རེས་ཕོ་ལོ་ལྔ་བཅུ་བརྒལ་བའི་ཕྲན་ཆུང་ངས།

ཅི་ནས་་ཀྱང་ཐ་སྙད་འགའ་བསྒྲིགས་ནས་གནས་འདི་ལ་མཆོད་པ་བྱ་དགོས།


   ༢༠༡༩-༡-༡༨ ཉིན་བསང་ཆུ་ནས།

 

མཚོ་རླབས་དང་བྲག་རྡོ།


ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན།



འདི་ལྟར།

མཚོ་རླབས་དང་བྲག་རྡོ་མཉམ་གཅིག་རྒྱ་མཚོ་དེར་གནས་ཡོད།

རྒྱ་མཚོ་དེ་གངས་ཆུ་བཞུས་པའི་འཇིག་རྟེན་ཡིན།

འཇིག་རྟེན་དེ་གསོན་ཉམས་ལྡན་པ་ཡང་།

མཚོ་རླབས་དང་བྲག་རྡོ་ལས་བྱུང་།


འདི་ལྟར།

མཚོ་རླབས་དང་བྲག་རྡོ་མཉམ་གཅིག་རྒྱ་མཚོ་དེར་གནས་ཡོད།

རྒྱ་མཚོའི་རླབས་རྒྱུན་ནམ་ཡང་མདུན་དུ་སྐྱོད་པ་མཚམས་བཞག་མ་མྱོང་།

བྲག་རྡོའི་སྲ་གཟུགས་ཀྱང་ནམ་ཡང་གཡོ་འགུལ་ཡོད་མ་མྱོང་།

སྲ་གཟུགས་དེ་མཁྲེགས་འཛིན་ཞིག་ཡིན་ན།

རླབས་རྒྱུན་དེ་སྤོབས་པ་ཞིག་ལོས་ཡིན།


འདི་ལྟར།

མཚོ་རླབས་དང་བྲག་རྡོ་མཉམ་གཅིག་རྒྱ་མཚོ་དེར་གནས་ཡོད།

བྲག་རྡོ་ལ་ཚོར་རེག་མེད་ཀྱང་།

མཚོ་རླབས་དེས་ནམ་ཡང་བྲག་རྡོ་ལ་བྱབས་ཏེ།

མེ་ཏོག་གི་ཟེགས་མ་མཁའ་རུ་གཏོར་བཞིན་ཡོད།

མེ་ཏོག་དེ་མཚོ་རླབས་ཀྱི་ཤ་ཁྲག་ཡིན་ཆོག་ལ།

རྣམ་ཤེས་ཀྱི་འབོད་སྒྲ་ཡང་ལོས་ཡིན།


འདི་ལྟར།

མཚོ་རླབས་དང་བྲག་རྡོ་མཉམ་གཅིག་རྒྱ་མཚོ་དེར་གནས་ཡོད།

རྒྱ་མཚོ་དེ་ཆགས་ནས་ལོ་ཅི་ཙམ་ལོན་པ་སུས་ཀྱང་བཤད་དཀའ་ཡང་།

བསྐལ་བ་ཡ་ཐོག་ནས་མ་ཐོག་ལ་ཐུག་ཡོད་པ་ནི་ངེས་ངེས་ཡིན།

དེའི་བར་དུ་མཚོ་རླབས་ནི་སྔར་གྱི་མཚོ་རླབས་མིན།

བྲག་རྡོ་ཡང་སྔར་གྱི་བྲག་རྡོ་ཅི་ལ་སྲིད།

དེ་བས།

བྲག་རྡོས་ཀྱང་འཛུམ་མདངས་ཀྱི་མེ་ཏོག་ཅིག་གཏོར་ཡོང་བ་ནི།

མཚོ་རླབས་ཀྱི་ལྷག་བསམ་ཡིན་ལ།

ཀུན་གྱི་རེ་ལྟོས་ཀྱང་ཨེ་ཡིན་སྙམ།


   ༢༠༡༨ལོའི་ཟླ༡༡་པའི་ཚེས༢༣ཉིན།

      

ཆང་དང་མཛའ་གཞེས་ཀྱི་ལེའུ།

                                                   

སྦྲ་ནག་པ།

མདང་ནུབ་བྱིའུ་ཆུང་གཉིས

འཇའ་ཚོན་དང་མེ་ཏོག་གི་ཚལ་དུ་བབས་ཏེ

འདབ་སྒྲོ་སྤྲུག་སྤྲུག་རེ་གནང་དེ

སླར་ཡང་སྐྱེད་ཚལ་གཞན་ཞིག་ཏུ་འཕུར་སོར


མི་རྣམས་ཀྱིས་རྣ་བ་ལྷོད་ལྷོད་དང

མིག་ཟུང་ཀེམ་ཀེམ་གྱི་ངང་ནས

ཅི་ཞིག་བོར་ཟིན་པའི་སེམས་ཁྲལ་ལྟར

འགྲམ་རྩ་ལག་ཟུང་གིས་སྐྱོར་ནས

བྱེའུ་ཆུང་གཉིས་ཀྱི་འཕུར་སྟང་ལ་བསམ་བློ་བཏང


ཡིད་འོང་གི་བྱེའུ་ཆུང་དེ་གཉིས་ལ

སྦྲང་ཆར་གྱི་ཟིལ་འབྲུ་ལན་འགར་ཕོག་དུས

ཕྱི་རོལ་གྱི་མུན་གནག་ལ་འཁང་སེམས་བཅང་སྟེ

ཕྱིར་རང་ཉིད་ལ་འཚམས་པའི་ཁོར་ཡུག་ཅིག་ཏུ་བབས་སོང


སྦུ་བའི་རླབས་རྩེ་ན་ལང་ཚོ་འགད་ཅིང

དབྱངས་ཀྱི་འགྱུར་ཁུག་ལས་སྙེ་མ་གཡོ་དུས

ཆང་དང་མཛའ་གཞེས་ཀྱི་ལེའུ་དེ

ང་དང་ཁྱེད་ཀྱི་ལས་དབང་གི་ཁ་དོག་ཡིན་པས

ཡར་གའི་ལྷས་བྱིན་གྱི་སྲས་པོ་དང

མར་གའི་གླུ་དབང་གི་ཀོང་ཇོ་དག་གིས

སྦི་རག་གིས་མཆུ་སྒྲོས་བརླན་ཏེ

སྨག་ཤུལ་གྱི་སྐྲ་ལོ་ཐབས་ཀྱིས་ཤད་གིན

འུ་ཅག་གི་སྨོན་འདུན་ཡོད་ཚད

ལྷ་སྒྲུང་ཞིག་གི་ཚུལ་དུ་འཁྲབས་གིན་འདུག


མཇུག་མཐར་གསོལ་སྟོན་གྲོལ་ལ་ཉེ་དུས

ངས་སྦུ་བའི་རླབས་ཕྲེངགི་ཁྲོད་ནས

སླར་ཡང་མཐོང་ཟིན་པ་ནི

བྱིའུ་ཆུང་གཉིས་དང  འཇོམ་མོ་གཉིས

ནེ་གཙོ་གཉིས་དང    ཁུ་བྱུག་གཉིས

གཉིས་གཉིས་སུ་བལྟ་བའི་འཁྲུལ་སྣང་ལས

དྲན་ལྷང་ལྷང་གི་པུ་ཙི་ཡི་ནང་དུ

འོད་ལམ་ལམ་གྱི་གཡུ་ཆུང་དྲུག་དཀར་ཅིག

གསེར་གྱི་ཉ་མོ་ལྟར་དུ་འཁྱུག་བཞིན་པ་མཐོང་བས

ཡིད་སེམས་ཀྱི་ཟབ་ས་རུ   སླར་ཡང 

ཆང་དང་མཛའ་གཞེས་ཀྱི་ལེའུ་ཞིག ་་་ ་་་ 

 

གལ་ཏེ་འཆི་སོང་ན།


བོད་བདུད་རྒྱལ།


གལ་ཏེ་འཆི་སོང་ན

ཁྱོད་ཆགས་ཤིང་མ་ཞེན

བར་དོ་ནས་འཁྲུལ་སོང་ན

སྐྱེ་བ་མང་པོ་ལ་རྨི་ལམ་འཁྲུགས་འགྲོ


གལ་ཏེ་འཆི་སོང་ན

ཁྱོད་མིག་ཆུ་མ་གཏང

མིག་ཆུ་ནི་སྡུག་བསྔལ་མཚོན་པ་ལས

སྡུག་བསྔལ་བྲལ་ཐབས་མིན


གལ་ཏེ་འཆི་སོང་ན

ཡོད་ཚད་ཚར་སོང་བའི་བསམ་བློ་མ་འཁོར

འཆི་བ་ནི་ཡོད་ཚད་མཇུག་སྒྲིལ་བ་ཞིག་མ་ཡིན


གལ་ཏེ་འཆི་སོང་ན

ཅི་ཞིག་བོར་སོང་བའི་ཚོར་བ་ཡོད་ངེས

དེ་ནི་གནས་སྐབས་ཀྱི་ཚོར་བ་ལས

གཏན་ནས་བརྗེད་དཀའ་བ་ཞིག་མ་ཡིན


གལ་ཏེ་འཆི་སོང་ན

ངའི་སྙན་ངག་བཀླག་རྒྱུ་མ་བརྗེད

སྙན་ངག་ལ་ངའི་སེམས་པ་ཐིམ་ཡོད

སེམས་པ་སེམས་ཀྱིས་ཤེས་འགྲོ


གལ་ཏེ་འཆི་སོང་ན

ཆོས་ཀྱི་ར་མདའ་མ་བརྗེད

ཆོས་མེད་བར་དོ་འཁྱམས་ན་ཅི་ཞིག་བྱ

           

ངས་ཁྱོད་ལ་བཤད།


ཨ་རིའི་ཡིད་བརྙན་རིང་ལུགས་ཀྱི་ཚབ་མཚོན་རྩོམ་པ་པོ་ཞིག་ལ་ཕུལ་བ།


གྲུ་ཆར།



མི་ཚོགས་ཀློང་ནས་ཁྱོད་ཀྱིས་རབ་རིབ་ཏུ་

མངོན་པའི་ངོ་གདོང་དག་མཐོང་དུས

དེ་ལ་ཁ་དྲི་བྲོ་བའི་ཡིད་བརྙན་

སྙན་ཐུང་ཚིག་རྐང་གཅིག་བྲིས

སྙན་ངག་དེས་སྐྱོ་བ་བརྒྱད་ཁྲི་བཞི་སྟོང

ཀློག་གིན་རང་ཉིད་ཁོ་ནའི་འཇིག་རྟེན་ཞིག་གྲུབ་ དེ་ལ་གསང་བ་ལྐོག་གྱུར་གྱི་གཏན་ཚིགས་དགུ་བཞེངས


སླར་ཡང་ཁྱོད་རང་

ས་འོག་མེ་འཁོར་ལྕགས་ལམ་དུ་

རྐང་པར་བརྒྱུད་དེ་ཐེངས་མ་བྱེ་བ་ས་ཡ་སོང་ ད་དུང་ཁྱོད་ཀྱི་སྨིན་ཐག་མ་ཆོད་པའི་བུ་མོ་ཞིག་ལ་མི་ལོ་བཅོ་བརྒྱད་ལ་སྒུག


བརླན་ཤིག་ཤིག་གི་ཡལ་ག་ནག་པོའི་སྟེང་གི

མེ་ཏོག་གི་འདབ་མ་རེ་རེ་ཁྱོད་ཀྱི་སྙིང་ཁར་ཟུག་ སླར་ཡང་སྙན་ངག་རྐང་ཐུར་རེ་རེ་ཁྱོད་ཀྱིས་དུ་བ་བཞིན་རྔུབ


དེ་ལྟར་ནའང་སྐྱོ་གདུང་མཚོན་བྱེད་ནི་

མིག་ཆུ་དང་མིག་ཆུ་མཚོན་བྱེད་ནི

ཁེར་རྐྱང་གི་གཞིས་ཀ་འདི་ལས་མེད་པ་

ཁྱོད་ཀྱིས་རྟོགས་ཐབས་བྲལ།


             མཚན་ཕྱེད་ཅིག་ལ་བྲིས།


རང་ཉིད་བོར་བའི་གོ་རིམ།


ཤིང་གི་ལྷ་མོ།

     ༡


རླུང་བུ་བསིལ་ས་ཞིག་ནས། གྲང་ལྷགས་རྒོད་ས་ཞིག་ནས། 

གྱད་མི་ཞིག་ལྟར་ཨུ་ཚུགས་ཀྱིས་རི་སྒང་དུ་འགྲེང་ནས། 

བར་ཐག་ཧ་ཅང་རིང་བའི་ནང་སེམས་ཀྱི་ཕྱི་ནང་ཉུལ་དུས།

ང་རང་ཧད་དེ་ལུས། 

ཨ་ཙི། འཇིགས་སུ་རུང་བའི་ནམ་ཟླ་ལགས།

ང་ཁྱེད་ཀྱིས་དེ་ལྟར་ཁྱུར་མིད་གཏོང་སོང་།


ཟུག་གཟེར་དང་གདུང་འབོད་མེད་པར།

རུས་པའི་རྐང་དང་ཤ་གསེང་གི་ཚིལ་ཡང་མ་ལུས་པར།

རང་གི་ཁ་དོག་ཀྱང་མི་སྣང་བར་ཁྱུར་མིད་དུ་བཏང་ཟིན་པས།

མདང་ནུབ། རླུང་བུ་ཤུལ་ཤུལ་དུ་ལྡང་བའི་ས་སྒང་དེར། 

ང་རང་མཐའ་ཡས་པའི་མཚན་མོའི་འཇིངས་སུ་ནུབ་ཏེ།

སྣང་བ་སྐྲ་རྩེར་འཕྱོ་བའི་ང་ཡི་དུས་རབས་དེ་རྫོགས་སོང་།


       ༢


གནའ་སྔ་མོ་ཞིག་ལ།

ང་རང་ལོ་ན་ཧ་ཅང་ཕྲ་དུས།

ང་ལ་ཕུགས་བསམ་རྒྱབ་རི་འདྲ་བོ་ཞིག་ཡོད།

གནའ་སྔ་མོ་ཞིག་ལ།

ད་དུང་རང་གི་གདོང་ལ་ཐལ་ལྕག་གཞུ་བའི་དཔའ་དང་ངར་ཡོད།

 


དཀོན་མཆོག་མཁྱེན།ཅུང་མིན་ན།

རྣམ་ཤེས་ཁོ་ན་ཐེག་པའི་ཁྱི་ལྡོམ་གྱི་མཆེ་བར་དུ།

ངའི་སྐྱེ་བ་གཅིག་གི་སྙིང་པོ་ཤོར།


སྟབས་ལེགས་པ་ཞིག་ལ།

སེམས་པ་འདི་ཕ་ཡུལ་གྱི་དགུན་ཟླ་འབྲིང་པོའི་གཞུང་ཆུ་ལ་སྒྲེ་ཐེངས་རེ།

ད་གཟོད་ཚོར་བ་དང་འདུ་ཤེས་བསླངས་ཐུབ་པས།

ཚིལ་དྲི་འཐུལ་བའི་གཞུང་ཆུ་ཧུབ་གང་འཐུང་ཐེངས་རེར།

ང་ལ་སྡོད་མི་ཚུགས་པའི་ཞེ་སྡང་དང་ན་ཟུག་བསྩལ།



     ༣

ལོ་ཟླའི་རྒས་གཉེར་གྱི་རབ་ཁ་རེ་རེར་ངལ་དུབ་ཀྱི་བ་མོ་ཆགས་དུས།

ཆ་རྒྱུས་ཆེ་ལ་མག་མོག་ནས་མག་མོག་ཏུ་ཡལ་བའི་ངོ་གདོང་དེ་ཚོས།

ནང་སེམས་ལ་ཁ་བ་བབས་པའི་དབྱར་མགོ་ཐོག་མ་དེ་དྲན་དུ་བཅུག་ཀྱང་།

ངའི་མིག་ཆུ་སྔ་མོ་ནས་ལོ་ཟླའི་རྒས་གཉེར་དུ་སིམ།


༢༠༡༨ ༡༢ ༢༥ ལོར།

      

སེམས་པ་སྨྲེང་བའི་མདུན་རྒྱང་།

                                                   

སྦྲ་ཆོན།



གཙང་བོའི་བཞུར་སྒྲ་མི་ཚོགས་ཀྱི་འུར་སྒྲར་ཐིམ་རྗེས།

མི་རེ་རེའི་དགོད་སྒྲ་དང་སྨྲེང་ངག་ཟམ་ཁར་འགོས་འགྲོ

ལམ་འགྲམ་གྱི་སྡོང་རྒན་དག་བྱིས་པ་བོར་བའི་ཕ་མ་བཞིན།

བྲེལ་འཚུབ་ཀྱི་འཐོར་བའི་ལོ་མར་གཅེར་བ་ཐེངས་གཅིག་མིན།

རླུང་བུ་ལྡོམ་པོ་ཕྱོགས་བཞི་ངེས་མེད་དུ་རྒྱུ་བས་མི་ཚོགས་སུ་ཁྱབ་ཀྱང་།

སུས་ཀྱང་གཏམ་མ་མྱོང་བ་བཞིན་དུ་དུས་ཀྱི་ངོས་སུ་ཡིབ།

མི་ཚོགས་ཀྱི་འུར་སྒྲ་དང་མཁའ་དབུགས་མཚམས་ནས།

ཁུ་སིམ་མེར་གྱི་ཁོར་ཡུག་སྐྱ་ཡན་དེ།

སྨྲེང་ངག་དང་སེམས་པ་གཏད་སའི་ཕོ་བྲང་དཀར་པོ།

ཡུལ་གྱར་བའི་སེམས་ཀྱི་རྟེན་གཞི།


ནམ་མཁའ་ནས་དཔྱངས་པའི་སྤྲིན་གྱི་ཕང་ཕུང་།

ཁེར་རྐྱང་གི་སེམས་པའི་འཆར་རྟོགས་དང་འདྲེས་བཞིན།

ཁ་བ་དང་བུ་ཡུག་ནི་མི་ཡུལ་ལ་གནང་བའི་ལེགས་སྐྱེས་དཀར་པོ།

སུས་ཀྱང་གནོན་མི་ཐུབ་པའི་སེམས་ཀྱི་འཆར་ཡན་རུ།

ངུ་མ་དགོད་ཀྱི་གཏམ་རྒྱུད་དཀྱུས་མ་འགའ་ལང་ལོང་དུ་རྒྱུ་ཡོང་ལ།

ཁོག་འདར་དང་མིག་ཆུས་གཞའ་བའི་སེམས་ཀྱི་གྲིབ་གཟུགས་འདར་ཡོང་།

དེ་བས་སེམས་པ་རྩྭ་ཐང་ལ་ཕྲེང་།       

རྩི་ཤིང་ལ་སྨྲེང་།

  

དགུན་ཉི་བདག་པོ། (ཞར་བཀོད་གཉིས)

                                                   

ཆེན་པོ།  



ཀྱེ་མ་སོང་ནས་ཚར་རྒྱུ་མེད་པ་དགུན་ཁའི་ཟླ།།

རི་སྒང་སེམས་པ་ཆུ་གཏིང་ལྷུང་འདྲའི་འཁྱག་དུས་འདི།།

དྲོད་ཁོལ་མེད་ཀྱང་ཡོད་ཡོད་འདྲ་བའི་དགུན་ཉི་ཞིག།

ཤར་རི་ཉག་ཁར་གབ་ནས་འགྲོ་ཞིང་གསེག་སྟེ་འཕྲོ།།



འབུ་སྲིན་ཚོགས་ཀྱང་གོས་དཀར་སྦུབས་སུ་དྲན་མེད་རྒྱལ།།

ཆུ་ཡི་ལང་ཚོ་དཀར་མོའི་སྒྲུང་གི་ལྷ་མོ་བཞིན།།

ཤམ་ལྭ་འདར་ཙམ་སྒོམ་ཞིང་བརླིང་བའི་ཚུགས་ཀ་མངོན།།

དགུན་ཉི་སེར་པོས་གཟུགས་མེད་བྲང་ལ་བྱིལ་བྱིལ་གཏོང་།།



སྐྱ་མདོག་མངོན་པའི་རི་གྲོང་ཆུང་ཆུང་རླུང་གིས་བསྒུལ།།

བྱིས་པའི་ཁ་ལག་ཨར་ཁང་གྲུ་བཞིར་གྲང་བས་བཤུམ།།

ཞོགས་པའི་ཉི་རྩེར་བགྲེས་མོ་ལག་པའི་སྔུན་རྒྱབ་བསྲོ།།

བྱིས་པ་མ་རྩེད་དགུན་ཁའི་ཉི་མར་བདག་པོ་ཡོད།།



འཚུབ་མའི་འཁོར་ལོས་ས་རྡོ་གཉིས་ཀ་བསྐོར་བའི་མཐར།།

ཉི་ཐིག་ཕྲ་མོ་སྤྲིན་པའི་ཕག་ཏུ་བཅིལ་ལ་ཉེ།།

བྱིས་པ་རྣམས་ཀྱིས་ནུབ་རིར་བལྟས་ནས་གསོལ་འདེབས་བྱེད།།

ང་ནི་བྱིས་པའི་རྒྱུབ་གཟུགས་ཅེར་ཏེ་བློ་མ་བདེ།།



2019,1,26,ཉིན་རི་གྲོང་ཆུང་ཆུང་ཞིག་ཏུ་བྲིས།



    རྒྱ་ཡི་སྙན་ངག་ཅིག་གི་ལྷན་ཐབས་སུ།


                                    

ཆུ་ཁོལ་དབུས་སུ་མེ་ཏོག་པདྨོ་འཛུམ།།

མཛེས་པ་ཚོད་ཅིག་མེད་དོ་བྱིས་པའི་ཚོཊ།།

རྒྱ་ཡིག་དམར་པོས་མགྲོན་གྱི་ཞྭ་མོ་ཕུད།།

ཕག་ཤ་བཙོས་པའི་ཚ་རླབས་རླུང་དང་རྡེབ།།



མིག་ཤེལ་རྒྱབ་ཏུ་རྒས་པའི་གསང་བ་སྦས།།

ནུབ་ལྭ་ལྗང་གུས་རྒུད་པའི་དེ་ཉིད་གསང་།།

རྒྱ་གྲོང་གསར་པ་རྟིང་ཙོག་རྣོ་པོས་བརྐོ།།

སྦྱར་བྱུང་དྲི་མས་དགུན་ཁ་ཕར་ཙམ་བཀྱེད།།



བཅོས་མའི་ནགས་ཀྱིས་ཁྲིམས་ཡིག་བློ་རུ་ཆུད།།

སྲ་མོ་རྡོ་ཡང་ཡིག་འཁྱོག་འགའ་ཡི་ཆེད།།

ཉིན་རྒྱབ་མཚན་ལ་འགྲེང་བའི་སྲིད་ལུགས་འདི།།

སྐར་མའི་སྟེང་གི་རྒྱབ་རབས་རྙིང་པའི་དྲིན།།


     ཞོགས་པ།



ཉི་འོད་ཟིལ་བས་མཛེས་དུས་ཀྱི།།

རྩ་རྩེ་བད་ཀྱིས་མནན་དུས་ཀྱི།།

ཐལ་རྡུལ་གར་ཡང་མེད་དུས་ཀྱི།།

སྣང་བ་ཟེར་དུས་འཇའ་གུར་འཁྱིལ།།



དྲ་མའི་ཕྱི་རོལ་སྐྱ་སང་སང་།།

མེ་ཐབ་ཁུད་དུ་དྲོད་ལང་ལང་།།

དགུན་ཉི་འཇམ་པོ་སེར་ལམ་ལམ།།

དགུན་གྱི་རི་གྲོང་ཁུ་སིམ་སིམ།།



ལས་ཀྱི་རི་མོ་སྣ་ཚོགས་ཀྱིས།།

སྐྲ་ལོའི་འདབས་ཀ་ར་རུ་ཡིས།།

སེམས་ཅན་མོས་པའི་ཁ་རླངས་ཀྱིས།།

ཞོགས་པའི་རླུང་ལ་རྟག་བརྟན་བྲལ།།

 

019、1、27,ཉིན་བྲིས།


རྩོམ་སྒྲིག་པ། འཕགས་ཆེན།


文章有问题?点此查看未经处理的缓存