ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་གཉིས་པ།
ཉིན་ཐོ།
ནག་དཔྲ་དཀོན་མཆོག་སྦྱིན་པ།
ཉི་མ བྱེའུ་ཆུང་གི་སྒལ་གཞུང་ལ་འགེལ་ནས
སྤྲིན་པ་ཡུག་གཅིག་དང་བཅས
སྒེའུ་ཁུང་གི་ངོགས་སུ་ལྡིང་བྱུང
མཆེ་སྡེར་བགྲད་པའི་མདངས་ནུབ་གི་རྨི་ལམ
དེ་རིང་གི་གཅིན་པ་འདྲ
ན་ཟུག་ཐེངས་གཅིག་གི་རྗེས་ལ་དྲན་ཡ་ཅི
སྟོན་གནམ་འགྱུར་མདོག་བཅོ་བརྒྱད
རྩྭ་ཐང་གི་ལུས་ཕུང་ན་རླུང་བུས་རལ་གྲི་གཏབས་བཞིན
གངས་ཀྱི་སྡུག་རྩུབ་ནམ་མཁའ་ན
ས་འོག་གི་གྲོག་མས་ངུ་འབོད་བྱེད་བཞིན
མིག་ཆུ་རྩྭ་རྐང་ལ་བཞག
གཉིད་མ་སད་པའི་ངོ་གདོང་འདི་དག
ཡང་བསྐྱར་གསང་བ་རེ་ཁྱེར་ནས
མིག་ཟུང་ལས་བདེ་བར་བོར་བའི་བརྡ་རེ་མངོན
འཇིགས་རུང་གི་རླངས་འཁོར་དང་འགྲུལ་བཞུད་པ
ཇེ་མང་ནས་ཇེ་མང
མང་དྲགས་རྐྱེན་རྩྭ་ཐང་གི་ཨ་བྲ་བཞིན
ངའི་སྐད་ཀྱི་གཏིང་དང་ཡི་གེའི་རྐང་དག་ཀྱང་འཇུབ་རིན
ལས་ཁང་ནི
མུན་པའི་དམྱལ་ཁམས་ལྟར
མི་འདི་ཚོ
ལས་མཁན་གླང་མགོ་དང་སྦྲུལ་མགོ་ཅན་ནང་བཞིན
ཡོད་ཚད་ལ་ནག་ཉེས་ཀྱི་ཐམ་ག་རྒྱོབ་ཟིན
ཉིན་གཞུང་འདིར
སྙན་ངག་འཁྱོག་པོ་རེས་རང་གི་གཟི་བརྗིད་དུ་བསྐྲུན་དུས
བདེན་དོན་ཞེས་པ་དེ
ཚིག་ལ་མ་བབས
དུས་ཚོད་འདི
ཏག་ཏག་དུས་ཚོད་གསུམ་པ་འདི
བྲན་གཡོག་མེད་པའི་བྲན་གཡོག་གི་དུས་ལ
ལུས་ཕུང་འདི
བསམ་བློ་དེ
སྨྱོ་ཆུ་མ་འཐུང་ཡང་དྲན་ཤེས་མེད་ཁུལ་དུ་བརྫུས
དགོང་མོར
འཇིགས་རུང་ཚོ་ཁག་གི་འགད་རྫས
ཨ་རི་པས་ཀོག་ཉན་གྱི་བྱ་སྤྱོད
ཉི་ཧོང་གི་བཙན་རྔམ་གྱི་མཆེ་སྡེར
དཔོན་ངན་ཚོས་ཧམ་བཟའ་ཧམ་འཐུང
འཇིག་རྟེན་འདི
ཡང་ཤི་བསྐྱར་ཤི་རུ་གཏོང་འདུག
དེ་རིང་གི་ཉིན་མ
རླུང་བུ་འཚུབ།ཉི་མ་ཤར།ཁ་བ་བབས།
ཡོད་ཚད་ངའི་སེམས་ཁམས་འདྲ
ཉོག་ཅིང་འཁྲུགས
གསལ་ཅིང་རུབ
བདེན་པའི་གནས་ལུགས།
དབྱངས་སྲས།
ཁྱད་ཆོས་ལྡན་པས་རང་ཚུགས་ཟིན་ཅིང་ཡར་རྒྱས་འགྲོ།
ལད་ཟློས་ཁོ་ནས་རང་སྲོལ་ཉམས་ཤིང་རྗེས་ལུས་འགྱུར།
བློ་བསྐྱེད་ལེགས་པའི་འགྲན་བསྡུར་ནི་སྔོན་ཐོན་གྱི་སྔོན་འགྲོ།
ཆགས་སྡང་ཙམ་གྱི་འགྲན་རྩོད་ནི་ཆགས་སྒོ་ཡོང་པའི་སྒོ་མོ་རེད།
དགྲ་བོ་གྲོགས་སུ་མཐོང་པའི་མིག་རྒྱང་བླ་ན་མེད་མོད།
སྤུན་ཟླ་དགྲ་རུ་འཛིན་པའི་ཀུན་སློང་ལྟས་ངན་མ་ཡིན་ནམ།
སྟོན་པ་གཅིག་པའི་ནང་པ་དང་རིགས་རུས་མཚུངས་པའི་སྤུན་ཟླ་ཚོ།
སྟོབས་ལྡན་གྱི་སེངྒེ་ཤི་རྐྱེན།
ནང་རྐྱེན་ལས་ཕྱི་རྐྱེན་མིན་པ་ནམ་ཡང་ཤེས་དགོས།
སྤྲིན་ནག་གིས་ཉི་འོད་སྒྲིབ་པའི་ཟུར་ཁ་ནས།
འདི་ཕྱི་གཉིས་ཀ་ཆུ་ལ་གཡུག་མཁན།
སྤྲེའུ་ལ་གྱུར་པའི་མི་འདི་ཚོའི་ཁར།
མི་པགས་གྱོན་པའི་སྤྱང་ཀི་འདི་ཚོ་མ་ཡིན་ནམ།
བསིལ་ལྗོངས་ཀྱི་དུས་བཞི།
གངས་སྨྱུག
དཔྱིད།
ལྕུག་ཕྲན་སྡོང་པོ་གསར་རྙིང་ཡལ་ག་འབུས།།
བསེར་བུ་བྲལ་བས་ཁོར་ཡུག་ལྷིང་ཞིང་འཇགས།།
འདབ་ཆགས་དབྱངས་རྟ་སྙན་མོ་བྲག་ཅར་འཁོར།།
དྲི་བཞོན་འཇམ་པོས་སེམས་ལ་སྤྲོ་སྣང་སྟེར།།
དབྱར།
རི་དང་ཐང་ལ་སྨུག་པ་ཨ་ལོང་འཁྱིལ།།
ཆུ་ཁུར་ཕྲེང་བའི་གསེབ་ནས་སྦྲང་ཆར་བྱོ།།
ན་བུན་འཁྲིགས་པའི་རི་ཚོགས་བརླན་ཞིང་གཤེར།།
སྐྱེ་དངོས་རིགས་ལ་ལང་ཚོའི་གསོན་ཤུགས་འཕེལ།།
སྟོན།
སྡོང་པོ་གསེར་གྱི་ལོ་མ་འཕྱང་འཕྲུལ་ཅན།།
འབྲས་བུས་ཡལ་ག་དུད་པའི་ངོས་ནས་དཔྱངས།།
ས་འཛིན་གཡུ་ཡི་རང་མདོག་ཡལ་བ་ཡིས།།
སྟོན་གྱི་མགྲོན་པོ་བསླེབས་པའི་རྣམ་འགྱུར་མངོན།།
དགུན།
ལྷགས་རླུང་ཁྲོད་ན་ཁ་བའི་མེ་ཏོག་བཞད།།
གནམ་སའི་མཚམས་སུ་དངུལ་དཀར་ཡོན་ཆབ་བཤམས།།
ལྷ་ལ་ཞལ་ཟས་ཕུལ་འདྲའི་གངས་རི་སོགས།།
མཐོ་སྒང་ཡུལ་བཀོད་རང་བྱུང་མཆོད་པ་ཡིན།།
2019/2/15
ཟམ་པ།
གངས་མེ་སྟག
ད་ནི་གཙང་པོ་འདིའང་རེ་ཞིག་རྒས་ཟིན་འདུག
ངས་ཡུན་རིང་ལ་གྲ་སྒྲིག་བྱས་པའི་ཤིང་གི་ཟམ་པ་དམར་པོ་དེའང་བཙུགས་ཚར།
དེའི་སྟེང་དུ་ཚོར་བས་མནན་མ་ཐུབ་པའི་སྙན་ངག་གི་དར་ལྕོག་ཅིག་སྒྲེང་ཡོད་ལ།
འཁྲེང་ཞེན་གྱི་ཐ་སྙད་གང་མང་ཡང་ཁྲུང་ཁྲུང་གི་བསྟར་ཕྲེང་ཇི་བཞིན་བསྒྲིགས་ཡོད།
ཁྱོད་ཀྱིས་མུན་ནག་གི་ཤམ་ལྭ་ཕུད་དེ་ཕེབས་ཤོག
ཁྱོད་ཀྱིས་གྱེས་གདུང་གི་ན་ཟུག་བསྐྱུར་ནས་ཕེབས་ཤོག
ཁྱོད་ཀྱིས་བར་ཐག་གི་སྐྱོ་ངལ་སྦས་ནས་ཕེབས་ཤོག
ཟམ་པ་འདི་ནི་རྒྱང་རིང་གི་ཁྱོད་ཀྱི་ཆེད་དུ་འཛུགས་པ་ཡིན།
ཟམ་པ་འདི་ལ་བཙན་འཛུལ་མེད་ཅིང་སོ་བ་མེད།
ཟམ་པ་འདི་ལ་འཐབ་འཛིང་མེད་ཅིང་མུན་ནག་མེད།
ཁྱོད་རང་དལ་གྱིས་ཕེབས་ཤོག
བློ་སེམས་བདེ་མོ་བྱས་ནས་ཕེབས་ཤོག
རྣམ་ཤེས་ས་ཡ་མང་པོས་ཁྱོད་ལ་བསུ་མ་བྱས་ཡོད།
རྣམ་ཀུན་ཟམ་འོག་འདིའི་གཙང་པོའི་རླབས་སྒྲ་ཆལ་ཆིལ་དུ་གཡོ་བ་བཞིན།
དུས་ཚིགས་ཀྱི་འཇམ་ཐིང་ཁྲོད་ནས་ངས་ཁྱེད་རང་དྲན་ནས་ལོ་མང་འགོར།
ཁྱེད་ཀྱིས་ང་ཡི་ངོ་གདོང་མཐོང་སམ།
སེམས་ཀྱི་མི། ཡིད་ཀྱི་ལྷ་ལགས།
གཙང་པོ་ཕ་རོལ་གྱི་ནམ་ཟླ་ཧ་ཅང་གྲང་གིན་འདུག་གམ
གཙང་པོའི་ཚུ་རོལ་ལའང་དྲོད་འཇམ་ཆེས་ཆེར་མེད་ཀྱང་།
ཁྱེད་རང་དལ་གྱིས་ཕེབས་རོགས་གནོངས་དང་།
ངས་གཙང་པོ་འདིའི་རྨི་ལམ་ལ་བལྟས་ནས་ཁྱེད་རང་སྒུག་ཡོད།
ངས་གཙང་པོའི་འདིའི་འཕྱོ་འཇགས་ལ་ཅེར་ནས་ཁྱོད་རང་སྒུག་ཡོད།
ད་ལྟ་གཙང་པོ་འདིའང་རྒས་གཉེར་གྱིས་ཁེངས་ཀྱང་།
གཙང་བོ་འོག་གི་རྡོ་བ་དག་ཀྱང་ཚ་གདུང་གིས་གཙེས་ཀྱང་།
ངས་སྔར་བཞིན་འཁང་ར་དང་འཁོན་སེམས་ཅི་ཡང་མེད་པར་ཁྱོད་རང་སྒུག་ཡོད།
ཁྱོད་རང་དང་འཛོམ་པའི་དུས་ཤིག་ཡོད་ན།
ཚེ་གཅིག་ལུས་གཅིག་སྒུག་ཀྱང་།
སྐད་ཅིག་ཉིད་ལའང་སྒུག་པའི་བློ་ཞིག་མི་འདུག
དོན་ངོ་མ་བཤད་ན།
ཁྱོད་རང་ལ་སྒུག་པའི་ལོ་ཟླ་རེ་རེ་ནི་བདེ་སྐྱིད་ཅིག་རེད་འདུག
བྱང་ཁོག་སྟོད་ཀྱི་མི། སྤྱི་གཙུག་སྟེང་གི་ལྷ།
ཁྱོད་རང་ཟམ་པའི་འདིའི་སྟེང་ནས་ཕེབས་རོགས་གནོངས་དང་།
ཁྱོད་རང་དགའ་བའི་མེ་ལོང་གྲ་སྒྲིག་བྱས་ཟིན།
ཁྱོད་རང་དགའ་བའི་སྒྲོན་མེ་མེ་རུ་སྦར་ཡོད།
ཁྱོད་རང་དགའ་བའི་རྩྭ་ཐང་རྟག་ཏུ་སྲུང་ཡོད།
ཁྱོད་རང་དགའ་བའི་ཡུལ་མི་རུག་རུག་བྱས་ཡོད།
ཁྱོད་རང་དགའ་བའི་དཔེ་ཆ་ཡང་བླུས་ཡོད།
ད་ནི་ཁྱོད་ཕེབས་པར་ཁོ་ན་སྟོང་བ་ཡིན།
གངས་ཀྱི་མི། གནམ་གྱི་ལྷ།
ཟམ་པ་འདི་ནི་འུ་གཉིས་ཁོ་ན་དབང་བའི་ལམ་བུ་ཡིན།
གཙང་བོ་འདི་ནི་འུ་གཉིས་གཅིག་པུས་ཤེས་པའི་བཞུར་རྒྱུན་ཡིན།
ཁྱེད་རང་དལ་མོ་ཕེབས་ཤོག
ཟམ་པ་འདིའི་སྟེང་དུ།
ངའི་རུས་པ་དཀར་པ་ལྷག་ཡོད།
ངའི་སྐྲ་ལོ་ཉག་མ་ལུས་ཡོད།
ངའི་བརྩེ་དུང་གི་འཁྲེང་ཞེན་དྭངས་མ་བརྐོས་ཡོད།
ད་ནི་ཁྱེད་ཀྱི་རྐང་རྗེས་གཞག་རྒྱུ་ཙམ་ལས་ཅི་ཡང་མ་ལྷག་པར་གྲ་སྒྲིག་བྱས་ཟིན།
ཁྱོད་རང་དལ་གྱིས་ཕེབས་རོགས་གནོངས་དང་།
ང་ཚོ་མཉམ་དུ་གླུ་གཞས་ཤིག་གཏོང་ཆོག་རེད།
མཐོ་ནས་མཐོ་མཐོ་རུ་བཀུག་པའི་གླུ་ངག་ཅིག་རྒོད་པའི་གཤོག་ཟུང་དང་བསྡེབས་ནས།
རང་དབང་གི་ནམ་འཕང་བསྟོད་ཆོག་རེད།
དེ་བས།
ཁྱོད་རང་ཅིས་ཀྱང་ཟམ་པ་འདིའི་སྟེང་ནས་དལ་གྱིས་ཕེབས་ཤོག
ངས་ནམ་ཡང་སྒུག་ཡོད།
བེའུ་ལུག་ལོ་སར།
རྫ་ཁའི་ཡུ་མོ།
ཟླ་འོད་དབེན་པའི་མཚན་ལྗོངས་འདིར།
ནམ་མཁར་བཞད་པའི་འབར་རྫས་ཀྱི་མེ་ཏོག་དག
པིར་རྩེ་ནས་སོན་པའི་རི་མོ་བཞིན།
ལོ་སར་ཞེས་པའི་ཐ་སྙད་དེའི་མཚོན་རྟགས་འབའ་ཞིག
ལོ་སར་ཞེས་པའི་མིང་ཚིག་ལྕི་མོ་འདི་ནི།
གཉིད་དང་གཏི་མུག་གིས་གཡོག་པའི་མིག་ཟུང་གིས།
མཐའ་ཤན་རྒྱབ་པའི།
མུན་པས་བཅོམ་པའི་བྱིས་དུས་ཀྱི་སེམས་ཚོར་ཙམ།
བེའུ་དང་ལུ་གུ་ནི་དགུན་གྱི་འཇའ་ཚོན་ཡིན་ལ།
དེར་དབང་བའི་ལོ་སར་ནི།
ཉིན་དཀར་གྱི་སྐར་མ་ལ་རྣ་རྒྱན་སྤྲས་པའི།
ཆུ་ནང་གི་གཟུགས་བརྙན་ཁོ་ནའོ།
༢༠༡༩-༡-༦ཉིན།
སེ་ལན། ཁྱོད་རང་གང་ན་ཡོད།
འབུམ་གངས་སྨྱུག
དོ་ནུབ་གྲོང་འདིར་ཁ་བ་ཐར་ཐོར་འབབ།།
ལག་རྡང་སྦྲེལ་བའི་ལམ་འགྲོ་ཕོ་མོ་མང་།།
ང་རང་རྒྱབ་གཟུགས་དག་ལ་ཧད་དེ་ལུས།།
རྒྱང་དང་རྨི་ལམ་ནང་གི་སེ་ལན་ལགས།།
ཁྱོད་རང་འཛམ་གླིང་ས་ཕྱོགས་གང་ན་ཡོད།།
སྲོད་ཀྱི་མཚམས་སྤྲིན་ག་ལེར་ག་ལེར་བཞུད།།
ཉི་མའི་ངོགས་ཀྱི་བྱ་ཁྱུ་ལྷོད་ཀྱིས་འཕུར།།
ང་ཡིས་རྒྱང་གི་རྒྱང་ལ་མིག་ཟུང་ཅེར།།
དྲན་དང་སྣང་བའི་ཀློང་གི་སེ་ལན་ལགས།།
ཁྱོད་རང་ད་ལྟ་གང་གི་ཕྱོགས་སུ་ཡོད།།
དུས་ཀྱི་འགྱུར་བག་གློག་དམར་འཚུབ་འཚུབ་རེད།།
དྲན་པའི་ནམ་མཁའ་མག་མོག་རབ་རིབ་རེད།།
གྲོང་འདིར་རྣམ་ཤེས་རྒུད་པའི་སྐྱོ་གཞས་ཁྱབ།།
ང་ཡིས་རྫི་གླུས་བཀྲུས་པའི་རི་སྒང་དྲན།།
ཡིད་དང་བརྩེ་བའི་མཐའ་ཡི་སེ་ལན་ལགས།།
ཁྱོད་རང་ད་ལྟ་གང་དང་གང་ན་ཡོད།།
གླུ་དབྱངས་ནང་གི་སེ་ལན་སེ་ལན་ལགས།།
ཁྱེད་རང་ཕྱིར་ཡོང་མེད་པ་ཅི་ཕྱིར་ཡིན།།
ཁ་བ་མེད་པའི་དགུན་གཞུང་ཨེ་དྲན་ལགས།།
རྣམ་ཤེས་རྒུད་པའི་དུས་རབས་ཨེ་ཚོར་ལགས།།
ད་ནི་འཛམ་གླིང་ཕལ་ཆེར་འཕྲུལ་གྱིས་བཟུང་།།
ཁྱོད་རང་གོ་རིག་མེད་པར་གང་ན་ཡོད།།
*སེ་ལན་ནི་བོད་ཀྱི་ནད་པ་རོལ་ཚོགས་ཀྱིས་བླངས་པའི་གཞས་ཤིག་ཡིན།
ལམ་བུ།
རྩམ་པ།
སེམས་པ་བརྩེ་བས་བསྙལ་བའི་ལོ་ཟླ་དེ།།
ད་ལྟ་སླར་ཡང་དྲན་ན་སྐྱོ་ཞིང་ངལ།།
ལས་དབང་རི་མོ་འཁྱོག་པའི་མི་ཡི་ཡུལ།།
དྲན་ཞིང་སླར་ཡང་བསམ་ན་སྐྱོ་བའི་རྒྱུ།།
མ་བྲིས་ཡིག་ཆུང་བཀྲ་བའི་དབྱངས་ཀྱི་རྒྱུད།།
ཚེ་གང་མིག་ཆུས་གྲུབ་པ་སུ་ཡིས་ལན།།
སྙན་པའི་དབྱངས་ལ་འཁྲི་བའི་ཁོ་བོའི་ཡིད།།
འོ་མའི་མཚོ་ལས་གྲུབ་པ་སུ་ཡི་ཆེད།།
2019/1/12 ཉིན་ཁྲིན་ཏུའུ་རུ།
ཚོར་བའི་མདངས།
ནགས་ལོ།
དྲན་པའི་མཁར་རྫོང་ན།
མི་ཞིག་ཁ་བ་བཞིན་འབབ་ཡོང་དུས།
རྒྱ་མཚོ་ཆེན་པོའི་འགྲམ་རྒྱུད་ན་མེ་ཏོག་གི་རོལ་དབྱངས་འབར།
སེམས་ཀྱི་ཟོལ་བ་འདྲ་བའི་གྲོང་ཁྱེར་གྱི་ཁང་བརྩེགས་མཐོ་ནའང་།
ཆར་པ་ཟམ་ཟིམ་གྱི་དབྱངས་འགྲོས་འདྲ་བའི་སྙན་ངག་དྲན།
ཞེན་ཆགས་ཀྱི་རྡོག་སྣེ་རྒྱང་རིང་ལ་འཐེན་དུས།
མཛེས་མའི་སྐེད་པ་པར་མིག་དུ་ཚུད།
གྲོང་ཁྱེར་ནང་གི་སེམས་པ་དམར་པོས།
ཁྱོད་དྲན་གྱིན་ཡོད།
ནམ་མཁའ་དང་རླུང་བུ་གཡུགས་སྟངས་ཤིག་གིས
ངས་ཁྱོད་ལ་ཨ་ལན་བྱེད་ཐབས་བྲལ།
དྲན་བཞིན་པའི་ལྷ་ཀླུ་གཉན་གསུམ་ལ་ཀུ་རེ་རྩེ་བཞིན།
ཚེ་སྲོག་གི་རྒུད་ཤུགས་ལ་བྱིལ་བྱིལ་ཡང་ཡང་བྱེད།
སྐྱེལ་མ། (ཞར་བཀོད་གཅིག)
གུ་དཔལ་ཤིས།
ང་ཡི་རྨི་ལམ་དུ་གངས་རི་རྩིག་པའི་ཁྱོད
གཙང་བོ་ལྟར་དྭངས་གཙང་གིས་དོན་ལྔ་སྣོད་དྲུག་ཏུ་བཞུར་སོང
མིག་འོད་ལ་འཛུམ་ཆུང་དོད་པའི་དབྱངས་དང་གསལ་བྱེད
སྐྱེ་བ་འདིའི་དྲན་གདུང་ནང་གི་མུན་ནག་ཆེས་སྙན་ཤོས་དེ་ཡིན་ནམ
ཁྲུང་ཁྲུང་གི་གཤོག་གདང་ལ་བཏེག་པའི་གྲིབ་མ
འགྲུལ་བཞུད་ཀྱི་ཞེ་ཡི་རྒྱ་མཚོ་རྒལ་བཞིན་ཡོད་དམ
ཞེ་དྲོད་མཆིས་སའི་གནས་ལམ་དེར་འབྱོར་བཞིན་ཡོད་དམ
ཡང་ན བྱིས་དུས་ཀྱི་ལྷད་མ་འདྲེས་པའི་དུངས་སེམས་ཀྱི་གཞིས་ཀར་ལོག་བཞིན་ཡོད་དམ
སེམས་པའི་ལྷམ་ཆུང་གོམ་པ་རྒྱག་སྟེ་གྱེས་བྲལ་གྱི་ན་ཟུག་སྔོག་པར་འདོད་རུང
གཞིས་ཀ་དེར་ཅ་ཅོ་སྒྲོགས་པའི་བྱ་བྱིའུ་མང་དྲགས་པས
ལོག་ཕེབས་ཀྱི་རེ་སྒུག་ཅིག་ལས་ཅི་ཡང་འཁྱོངས་མ་སོང
༢༠༡༩ ༡ ༦
གསོང་བོར་གློད་ན།
ངས་རང་གི་མིག་ཟུང་སྤྱད་དེ་དྲང་ཚུགས་ཀྱིས་ཁྱོད་ལ་ལྟ་ཐེབ་ཀྱིན་མི་འདུག
བསླུ་བྲིད་ཀྱིས་ཟིན་པའི་མིག་ཟུང་ཁྱོད་ལ་བསྟན་འདོད་མི་འདུག
ངས་རང་གི་ལག་པས་ཁྱོད་ཀྱི་སྐྲ་ལོ་བྱིལ་བྱིལ་ཕོད་ཀྱིན་མི་འདུག
འབགས་བརྩོག་གིས་སྦགས་པའི་དྲི་བག་ཁྱོད་ལ་དགོས་འདོད་མི་འདུག
ངས་ཤ་ཁྲག་གིས་གྲུབ་པའི་སྡུག་ཕུང་འདི་ཁྱོད་ལ་འབུལ་འདོད་མི་འདུག
འབྱུང་བཞི་འཁྲུག་པའི་བེམ་ཀོག་འདིས་ཅི་ཞིག་འཇོན་གྱིན་མི་འདུག
ངས་རྒྱང་རིང་ན་རྨི་ལམ་ཡོད་ཅེས་ཁ་ཤོམ་རྒྱག་ཐུབ་ཀྱིན་མི་འདུག
སྒྱིད་ལུག་ཀྱིས་ཟིན་པའི་གོམས་གཤིས་སྒྱུར་ཐབས་མི་འདུག
འོན་ཏང་དྲན་གདུང་ནང་གི་ན་ཟུག
ནམ་ཡང་འཇགས་དུས་ཤིག་མ་རེད
༢༠༡༩ ༡ ༢༦ ཟི་ལིང་ནས
དེ་རིང་ང་རང་ཕ་ཡུལ་དུ་ཡོད།
ཀླད་ཁུ།
ངས་ཡུན་རིང་པོ་ཞིག་ལ་བསམ་བློ་བཏང་མཐར
ངས་དུས་ཚོད་མང་པོ་ཞིག་ལ་ཁྱོད་རང་མ་མཐོང་པས
ང་ཁྱོད་ཀྱི་པང་ལ་བསྡད་ནས་ཞིབ་ལྟ་བྱས་མ་མྱོང
ངའི་ལང་ཚོ་ལྟར་ཟད་བཞིན་པའི་ཁྱོད་ཀྱི་ངོ་གདོང
ངའི་རྒྱང་རིང་ནས་རྙེད་པའི་གདུང་བ་དང
ཐག་ཉེ་ས་ནས་རྙེད་པའི་རྨི་ལམ་ཞིག་རེད
ངས་དུས་ཡུན་ཅི་ཙམ་ལ་བལྟས་ན་ཡང
ཁྱོད་ཀྱི་མཛེས་སྡུག་ལ་ཉམས་པ་མི་འདུག
ངའི་སེམས་ཀྱི་ན་ཟུག་གིས་དཀྲོལ་བའི་མིག་ཟུང་ལ
ལམ་ཐག་དུ་མ་ཞིག་གི་མདུད་པ་བརྒྱག་ཡོང
ང་རང་འཆི་བ་ལ་ཐོན་ན་ཡང
རླུང་བུ་འདིའི་ནང་གི་གཟེར་ཟུག་དེས
ངའི་སེམས་ཀྱི་ཐལ་མདོག་རྙེད་དཀའ
ངའི་ལང་ཚོ་ཟད་པའི་རྒས་ཁོག་གི་མི་སྡུག་པ་རྙེད་དཀའ
རྒྱུ་མཚན་ང་རང་བྱིས་པ་ཡིན་དུས་ཕ་ཡུལ་ངོ་ཤེས་པ་ཡིན
ང་རང་བྱིས་པ་ཡིན་པ་ཇི་བཞིན
ང་རང་ཕ་ཡུལ་གྱི་གནས་ལ་བཅར་ཡོང་ན
ང་རང་ཅི་ཡང་མི་ཤེས་པའི་བྱིས་པ་དང
དྭངས་གཙང་གི་སེམས་ཁམས་ཤིག་ལ
མི་ཚེ་ཟད་འགྲོ་བའི་སྙན་ངག་པ་ཐབས་ཆག་ཅིག་རེད་འདུག
ང་རང་ཕ་ཡུལ་དང་བྲལ་དུས
ང་རང་བྱིས་པ་བསམ་དཀར་ཞིག་ཡིན
ང་རང་ཕ་ཡུལ་དུ་ལོག་དུས
ང་རང་སྙན་ངག་པ་བསམ་ནག་ཅིག་རེད
རང་ཉིད་འཆི་བར་དགའ་མོས་བྱེད་པའི
སྙན་ངག་པ་བསམ་ནག་ཅིག་རེད།
རྩོམ་སྒྲིག་པ། འཕགས་ཆེན།