前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་གསུམ་པ།

杷青 杷青 Pagchen 2022-07-26

 སྐད་ཆ་ཞིག


མཁས་དབང་ནམ་མཁའི་ནོར་བུ་སྐུ་གཤེགས་པ་ཐོས་ཕྲལ།

 

གངས་རྩེན།


ཁྱེད་ཀྱིས་ནམ་མཁའ་འདིའི་མཁའ་མཐའ་རྙེད་ཅིང་། 

ཁ་དོག་སྣ་ལྔའི་བསྣོལ་མཚམས་ཕྱེས་བས། 

ལོ་རྒྱུས་ལས་བན་བོན་གྱི་ཐ་སྙད་སྒྲོག་ལས་བཀྲོལ།


ཁྱེད་ཀྱིས་རང་ས་འདི་ལག་མཐིལ་གྱི་རི་མོ་ལྟར་བྲིས་ཤིང་།

གོ་ལའི་སྤྱི་བོར་དར་ལྕོག་བཞིན་སྒྲོན་པས།

ལོ་རྒྱུས་ཀྱི་གས་ཁ་སླར་ཡང་གསོས། 


ཁྱེད་ཀྱིས་དབྱངས་གསལ་སོ་བཞི་ལུག་ཁྱུ་ལྟར་སྲུང་ཞིང་།

ཁྱིམ་གཞིས་དྲོན་མོ་ཐབ་མེ་བཞིན་སྦར་བས། 

གངས་རིའི་ཆེས་མཐའ་མའི་སྐུ་སྲུང་དེ་ཡིན་ནོ། 


ཁྱེད་ལ་སྐུ་ཡི་མཇལ་ཁ་ཙམ་མ་རྙེད་ཀྱང་། 

གསུང་གི་བདུད་རྩི་ལ་ལན་གྱིས་མཆོད་པས། 

ཐུགས་ཀྱི་གསང་བ་རེ་རེ་ཀ་ཁའི་བར་ནས་གལ་ལེར་འབུར། 

                               2018.9.28ཉིན། 



  ལོ་ཐོ།


 གཡའ་སེལ།


དང་པོའི་ལས་དབང་གནམ་གྱིས་བྱས་སམ་མེ་དང་ཆུ་དང་རླུང་གིས་བྱས།།

ས་མཐའི་འཚོ་བ་ཞེ་ལ་བྲིས་པ་ང་ཡིས་ལན་ནམ་ཁྱོད་ཀྱིས་ལན།།

ཧྲིལ་ལོ་དུ་མའི་འགྲུལ་བཞུད་དེ་ལ་ད་ནི་རྩིས་ཤིག་མ་བརྒྱབ་ན།།

དུས་ཚོད་རེ་རེའི་ཤོག་དཀར་ངོས་ཀྱི་དྲན་པའི་ལོ་རབས་སུ་ལ་ཞུ།།

སེམས་ཆུང་ཁ་བ་ས་ལ་མ་བབས་ཉི་ཤུ་དགུ་ཡི་སྙིང་ལ་བབས།།

ཁ་པར་ནང་གི་སྐད་གདངས་གཉོམ་པོས་ང་ཡི་ལྷིང་འཇགས་ཆུ་ལ་བཏབ།།

དྲན་པ་གཉིས་ཀྱི་མཐུད་མཚམས་དེ་རུ་ཁྲོ་ཡི་སྒོ་མོ་མེད་པ་ན།།

ངས་ཀྱང་ཁྱོད་ལ་གྱེས་ཕྱག་ཞུས་ཏེ་སྒོ་མཐའི་མཚམས་སུ་བསྐྱལ་ན་ཆོག །

ལན་ཆགས་ཤིག་གི་ན་ཟུག་བསམ་ན་བྱང་ཁོག་འདི་ཡང་འདར་ཡོམ་ཡོམ།།

དྲན་གདུང་རི་མོ་ཞེ་ལ་བརྐོས་པའི་ཁྱེད་ལ་སྤྱོས་ན་མི་མཛའ་ཡང་།།

ངས་ཀྱང་ཉི་མ་སེམས་ཀྱིས་བརྩིས་ཏེ་སྙན་ངག་བྲིས་ཀྱིན་བྲིས་ཀྱིན་དུ།།

དབྱར་དགུན་ལ་བ་ད་དུང་མ་བརྗེས་ཕོ་རབས་ཤིག་གི་ས་ལ་ཡོད།།

དྲན་པའི་རྟེན་དུ་གནང་བ་དེ་ནི་མྱིག་གིས་འཚོས་ཤིང་ལག་གིས་བཟུང་།།

དམ་བཅའི་ཚིག་གིས་མནའ་ནག་བསྐྱལ་བ་ཉིན་ལ་བཟླས་ཤིང་མཚན་ལ་རྨིས།།

འཇིག་རྟེན་ཁ་ངོ་ཉིན་བཞིན་འགྱུར་ཡང་ང་ཡི་རེ་བ་མ་འགྱུར་བ།།

ཐོག་མའི་གོམ་ཁ་ཁྱོད་ལ་ཤོར་བ་སྐྱེས་པ་ཕོ་ཡི་ཆེ་བ་ཡིན།།

ལེ་ཁག་ཅེས་པ་ཁ་ལ་ཁྱེར་ཏེ་ང་ཡི་ལྷ་ཁང་གཏོར་མ་འགྲོ །

ང་ནི་དབང་ཆ་གཞན་ལ་ཤོར་བའི་ལྕགས་ཐག་ཅན་གྱི་སྐོར་ཁྱི་ཡིན།།

ཕྱི་ཐག་ཅེས་པ་ཐོད་ལ་ཕྱར་ཏེ་ང་ལ་འཐབ་རྩོད་མ་བྱེད་རོགས།།

ལས་དབང་དེ་ཡི་བཀོལ་སྤྱོད་འོག་ནས་མི་ལོ་འགའ་ཞིག་ཤོར་སོང་རིག །

ངོས་ལྐོག་མེད་ཅེས་ང་ལ་བསྡིག་ཀྱང་དེ་ལ་དཀར་འདོན་གང་ཡང་མེད།།

འབྲེལ་བ་ཉུང་ཞེས་ཚིག་གིས་བྲབ་ཀྱང་དེ་ཡང་དེ་ཡི་གྲས་ལ་འཇོག།

ཕོ་སེམས་ཕྲོགས་པའི་དམྱལ་བ་དེ་ནི་ང་རང་གཅིག་པུས་མྱངས་པ་ལས།།

བློ་འདྲི་ཙམ་ཡང་བྱེད་ས་མེད་པ་ང་ཡི་མུན་པ་མུན་ནག་ཡིན།།

ཕར་ལ་བསམ་པ་འོ་མའི་མངར་ཡིན་ཁ་དོག་བཤད་ན་དེ་ལས་དཀར།

ཚུར་ལ་དྲན་པ་དམར་མོ་མེ་ཡིན་གྲངས་ཀ་བཤད་ན་དེ་ལས་མང་།།

འོན་ཀྱང་འཚོ་བའི་གྲུ་ཟུར་གཉིས་ནས་གོ་མེད་ཚོར་མེད་གྱུར་པ་ནི།།

ཐོད་པའི་ཁ་ཡིག་རླུང་གིས་ཁུར་བས་འགྲེལ་བཤད་བྱས་ཀྱང་ཤེས་ས་མེད།།

ཀུ་རེ་རྩེས་ཏེ་ཁ་མཚར་བཤད་སའི་ནང་གྲོགས་འགའ་ཞིག་སྔར་ཡང་ཡོད།།

ངོ་གཉིས་བསྟན་ཏེ་རྨི་ལམ་བརྗོད་སའི་གཞུང་བཟང་འགའ་ཡང་ད་དུང་ཡོད།།

སེམས་ཀྱི་འབུལ་བ་སྔུན་ལ་བཞག་སྟེ་ཡོད་ཚད་ལག་ཏུ་ཤོར་བ་ནི།།

ས་སྟེང་འདི་ན་ཁྱེད་ལས་གཞན་མེད་གོ་འམ་ཐོས་སམ་ཁྲག་གི་མྱི།།

ཁྱོད་ཀྱིས་བསམ་ན་ང་ནི་ཁྲེལ་མེད་རྣམ་གཞག་མེད་པའི་ཁྲམ་པ་དང་།།

ཁྱོད་ཀྱིས་བཤད་ན་ང་ནི་དགེ་མེད་རྩ་དོན་བོར་བའི་མི་ངན་ཏེ།།

ཇག་ཚོགས་ལས་ཀྱང་ཉེས་པ་ལྕི་བའི་ཁྲིམས་བཤད་དལ་བ་རིང་མོ་ལ།།

གསལ་བཤད་བྱས་ཀྱང་ངོ་སོ་ཉུང་བས་ད་ལྟའི་བར་དུ་ལྐུག་པར་བྱས།།

མི་ཡི་ཁ་ནས་ང་ལ་མ་ཉན་དེ་ལ་གསར་འགྱུར་སྣ་ཚོགས་ཡོད།།

རི་ཡི་རྒྱབ་ནས་ང་ལ་མ་ལྟ་དེ་ལ་སོ་སྲུང་དུ་འབའ་ཡོད།།

ངོ་གདོང་གཉིས་ཀྱི་བར་ལ་སྦས་པའི་སྐད་ཆ་ཁ་ཡིས་ཤོད་ཤོག་དང་།།

འཁྲབ་གཞུང་ཞིག་གི་མཇུག་ལས་རིང་བའི་གནས་ལུགས་ང་ལ་བཤད་རྒྱུ་ཡོད།།

ལོ་ངོ་དུ་མའི་སྐྱོ་བ་ཡོད་ཚད་ཁྱོད་ལ་ཞུས་ཀྱང་དགོས་པ་མེད།།

ཉིན་ཞག་དུ་མའི་དྲན་གདུང་ཡོད་ཚད་ད་ནི་ཞེ་ལ་སྦ་བར་བྱ།།

རྩིས་ཁྲ་མེད་ཅིང་ཉེས་པའང་མེད་པའི་རྒྱབ་རྩ་མེད་པའི་བཙོན་པ་བཞིན།།

ང་ཡི་མཆི་མ་ཞེ་ལ་བསྐྱིལ་ཏེ་རང་གི་ས་རུ་འགྲོ་ཆགས་ཡིན།།

དགོངས་དག་ཅེས་པའི་ཡིག་འབྲུ་དེ་ནི་ཟླ་བ་འགའ་ལས་འཕྱི་སོང་ཐལ།།

ཡིད་ཆེས་ཞེས་པའི་ཁ་ཡག་དེ་ཡང་ལོ་ངོ་གཅིག་ལས་དལ་སོང་ཐལ།།

མི་དང་མི་ཡི་བརྩེ་འདང་སྨུག་པོ་ས་ལ་བསྲེས་པ་སུ་ཡིས་བྱས།།

ང་ནི་རི་ཁྲོད་སྒོམ་ལ་ཞུགས་པའི་དྲང་སྲོང་ཞིག་དང་གཉིས་སུ་མེད།།

དབྱར་ཀའི་རི་ལ་སྨུག་པ་འཁྲིགས་དུས་ང་ཡི་རང་གཤིས་དྲན་མྱོང་ཟེར།།

སོས་ཀའི་འབྲུག་གིས་ངར་སྒྲ་བསྒྲགས་དུས་ང་ཡི་འབྲོང་སྐད་དྲན་མྱོང་ཟེར།།

མི་ཚོགས་འདུ་བའི་ཡོ་ལང་ཁྲོད་ནས་ང་ཡི་ཁ་ལྕེ་དྲན་མྱོང་ཟེར།།

དྲན་རབས་བཤད་ན་དེ་ལས་རིང་བའི་ང་ལ་པོ་ཏི་བཅུ་གཉིས་ཡོད།།

ཉིན་གྱི་ཟས་ལ་བྲོ་བ་མེད་ན་ཁ་ནད་ཁོག་ལ་ཕོག་རྟགས་རེད།།

མཚན་གྱི་གཉིད་ལ་རེ་བ་མེད་ན་སྙིང་ཚད་སེམས་ལ་བརྒྱབ་རྟགས་རེད།།

དྲན་གདུང་ཟེར་བ་དུག་ཅིག་ཡིན་ན་ཁ་ལ་སོང་ན་འཆི་རབས་གདའ།།

ཕྱིར་དྲན་ཟེར་བ་འདྲེ་ཞིག་ཡིན་ན་སེམས་ལ་ཞུགས་ན་སྨྱོ་རབས་གདའ།།

མདུང་སོ་ཡིན་ན་ཤ་ཡིས་མི་ཕན་རུས་ལ་ཐུག་ན་ཚ་གཟེར་ཆེ།།

མྱིག་ཆུ་དྲོན་མོ་དེ་ལས་སྡུག་ན་ང་ཡི་སྔུན་ལ་མ་འཕོ་རོགས།།

ཁྱོད་ལ་མ་ཎི་པདྨེ་འདོན་ཡོང་ཤ་འཁོན་ལན་ཆགས་དེ་ཡིས་སོད།།

ང་ཡི་ཚེ་མཇུག་བདེ་ཞིང་སྐྱིད་པའི་སྨོན་ལམ་དེ་ཡང་ཁྱོད་ཀྱིས་ཐོབས།།

འདྲ་པར་ངོས་ཀྱི་འཛུམ་ཀོང་དེ་ལ་མཆོད་པ་ད་དུང་ཕུལ་ན་ཆོག །

བརྩེ་འཕྲིན་ཡོད་ཚད་ལག་ཏུ་ཉར་ནས་སྐབས་དང་སྐབས་སུ་བལྟས་ན་ཆོག །

སྐད་གཞུག་འདར་བའི་ཁྱོད་ཀྱི་ངུ་སྐད་ད་དུང་སྒྲ་མཛོད་ནང་དུ་ཡོད།།

མི་ཚེ་འདི་ཡི་དྲན་ཤིང་བཅོལ་ས་དེ་དག་བྱས་ན་ཆོག་རྒྱུ་གྱིས།།

སྨོན་ལམ་བཏབ་ན་ཨེ་འགྲུབ་ཅི་ཤེས་ང་ལ་བདེན་ཚིག་ཡོད་ལེ་མིན།།

བདེ་མོར་བརྗོད་ན་ཨེ་དགའ་མི་ཤེས་ཁྱོད་ནི་ཨུ་ཚུགས་ཅན་ཞིག་རེད།།

མ་འོངས་པ་ལ་ཁྱོད་ཉིད་དར་དགོས་ད་དུང་ཁྱོད་རང་ཚེ་རིང་དགོས།།

ཁྱོད་ཀྱི་ངོ་ལ་མེ་ཏོག་སྐྱེ་དགོས་དེ་ལ་འབྲས་བཟང་སྨིན་རོགས་དགོས།།

༢༠༡༨/༡༠/༡༠


དབྱངས་ཅན་མགྲིན་པར་འཁྱུད་པའི་ངག་དུམ།

 

--སྒོམ་སྡེ་ནང་ཆེན་པའི་ཕྱི་ནང་གསང་གསུམ་ཅུང་ཟད་བརྗོད་པ། 


ལྗང་གཞོན།

     

དུང་མདོག་ས་འཛིན་བསྟར་བའི་ཕྲེང་བ་དབྱིག་འཛིན་རྐེད་པར་དམ་འཁྱུད་ཅིང་།།

བརྟན་གཡོའི་དགེ་བས་སིལ་བུར་གཏམས་པ་སྟོང་ཆེན་ཛམ་བུའི་རྒྱལ་མཚན་ཞེས།། 

མ་རྙིང་གྲགས་པའི་བ་དན་སར་བ་ཕྱོགས་ཀྱི་རིངས་པར་བསྒྲེངས་པ་ཡི།།

སྐོར་གསུམ་རུ་བཞི་སྒང་དྲུག་མངའ་རིས་ལྷོད་མེར་ཆགས་པའི་དཀྱིལ་འཁོར་ན།།


མཆེད་དྲུག་ཁྱེ་འུས་རྩེད་འཇོའི་རྐང་སྟེགས་གངས་ཀྱི་ལྟོངས་སུ་བཅས་པ་ལས།།

དུམ་བུར་ཆད་པ་ཆེ་བཞི་རུས་ལས་བབས་པའི་རིགས་ཆབ་དྭངས་མའི་རྒྱུན།།

ཤ་ཁྲག་རྐང་གི་ཁོང་ནས་ཁོལ་ཞིང་རྟུལ་ཕོད་དཔུང་པ་བརྟན་པའི་རྩལ།།

ལྷུ་དྲུག་གཟུགས་བཞིའི་བག་ནས་བརྟས་པའི་ཚོམ་བུ་སྙིང་སྟོབས་འདི་ན་རྒོད།།


ལྷོ་ཕྱོགས་མཛོད་ཆེན་སྦས་པའི་སྒོ་བརྒྱ་རྟེན་འབྲེལ་གསང་གིས་གྲོལ་པ་ལས།།

གདོང་དྲུག་མི་བུའི་སྐལ་དུ་བརྡོལ་ཞིང་དོན་གཉིས་ལང་ཚོ་དར་བ་ཡིས།།

འཛིན་མའི་གཤོངས་ཆེན་ཁྱོན་ཡངས་འགེངས་པའི་གཙུག་ལག་རིན་ཆེན་ནོར་གྱི་དཔྱ།།

ཐོས་བརྩོན་སྙིམ་པའི་མཐིལ་དུ་གཉོར་བ་སྲིད་པའི་གངས་ཆེན་ཟེ་བར་བཏེགས།།


ས་ཡི་ལྷུན་པོ་དབྱིངས་སུ་དགྱེས་པས་ཉི་ཟླ་ཡོན་པོར་རྒྱུ་བྱེད་ཅིང་།།

སྣ་བརྒྱ་མེ་ཏོག་ཐིག་ལེར་བགོས་པའི་སྔོ་ལྗང་སྤང་ཐང་ཡངས་པོའི་ནེམ།།

ཡང་ན་དབྱངས་ཅན་བཞད་སྒྲར་འཁུ་བའི་གངས་ཀྱི་མྱོས་བུམ་རལ་པ་ལས།།

ལེགས་པར་བརྡོལ་བའི་ཡན་ལག་བརྒྱད་ལྡན་གཙང་ཆབ་རིང་མོའི་འགྲོས་ལ་བསྙེགས།།


བྱེད་པོའི་ཕྱག་གི་བརྟན་པ་ཤོར་ལས་འདོད་དགུ་ཤུགས་འབྱུང་གྲོལ་བ་འམ།།

བསོད་ནམས་པིར་གྱི་སོ་ནས་ལུད་པའི་བཟོ་རྩལ་རེ་ཁའི་མཛེས་པ་ཅི།།

གང་གང་ཀུན་རྟོག་རྒྱུ་བ་འགོག་པའི་ས་ཡི་བདེ་ལྡན་གཉིས་པ་ཞེས།།

ཕྱོགས་ཀྱི་བུ་མོའི་སྒྲོས་པད་ངལ་བའི་དོན་ལྡན་བསྔགས་པ་རྙིང་མ་གྱུར།།


ལུགས་གཉིས་ཁྲི་ལ་བདག་གིར་བཞེངས་པའི་དཔལ་ལྡན་ས་ཡི་ཚངས་པའི་བརྒྱུད།།

རིམ་པར་གཤེགས་ལ་ཆོས་རིག་ནོར་གྱི་སྲིད་ཞུའི་འདུ་བྱེད་བཀའ་ཡི་ཁུར།།

དུས་མཐར་འདེགས་ལ་ངལ་བས་ཡོངས་བཏང་མི་འཇིགས་ཞོ་འཐུང་རུས་པའི་དཔའ།།

སྙིང་དུ་བརྟས་པའི་མཛངས་པའི་བུ་རབས་རྒྱུ་སྐར་བྱེ་བའི་གྲངས་ལ་འཁུ།། 


དབྱར་གསུམ་ཆར་ཆུ་པང་དུ་བླངས་ཤིང་གཡའ་སྤང་བསྣོལ་མའི་ཁུད་དུ་འཕྱན།།

དགུན་གསུམ་དུང་མདོག་གོས་སུ་བྱས་ཤིང་ཙག་སེར་རླུང་བུར་མཛའ་བསྡབས་པའི།།

འདི་སྣང་སྒྱུ་མའི་རྙི་ལས་ཤོར་བའི་སྒྲུབ་བརྩོན་རི་སྐྱེས་རི་དྭགས་ཁྱུ།།

ཐོས་གྲོལ་ཆོས་ཀྱི་ཛབ་དབྱངས་ཀློང་ནས་མཉམ་རྗེས་རེས་མོས་གཟས་ལ་ཡན།།


ཐུབ་གསུང་རྙོག་མེད་མདོ་སྔགས་ཆུ་གཏེར་དད་བརྩོན་ཡུར་བར་ལེགས་དྲངས་ཤིང་།།

ལྟ་ངན་བདུད་སྡེའི་དཔུང་པའི་དབུས་ན་ཚུལ་གསུམ་སྦྱོར་བའི་གོ་ཆ་བརྟན།།

གང་ཞིག་མཐོང་དང་དྲན་པ་ཙམ་གྱིས་སྲིད་ཞིའི་ཡིད་ཅན་སྙིང་ཁ་རུ།།

དད་པའི་འདབ་སྟོང་ལྷུག་པོར་གྲོལ་བའི་དམར་སེར་འདུས་པས་ས་ཆེན་ཁྱབ།།


དྲུག་གསུམ་ལང་ཚོ་སར་བའི་ཆུན་པོ་དུས་ཀྱི་གཡོན་མས་མ་བསླུས་ཤིང་།།

བློ་གྲོས་མཁའ་ལམ་ཡངས་པའི་ངོས་སུ་རྨོངས་པའི་ར་རི་རྩད་ནས་དག།

ཆོས་རིག་གཙུག་ལག་རིན་ཆེན་མཛོད་ལ་འདོད་པའི་སྤར་མོ་བསྲིངས་བ་ཡི།།

སར་བཞད་གཞོན་སྐྱེས་ཨུཏྤལ་འདབ་སྟོང་གངས་ལྡན་འཛིན་མའི་རྒྱན་དུ་བཀྲ།།


དེ་ལྟར་སྣོད་བཅུད་དགེ་བའི་ཡོ་ལངས་གཅིག་ཏུ་འཕྱུར་བའི་ས་ཡི་ཆ།།

སྒྲུབ་བརྩོན་སྒོམ་པའི་སྡེ་ཡི་སྙན་པ་ཕྱོགས་ཀྱི་རྣ་བར་ལྷུང་བ་ཡི།།

སྣ་ཚོགས་མཛེས་པ་བརྗོད་པའི་ལས་ལ་ངག་གི་འདུ་བྱེད་ངལ་གྱུར་བས།།

ཆུ་གཏེར་ཆེ་ལས་ཟིལ་བའི་ཕྱེད་མར་རིག་བྱེད་རྩེ་མོས་བླངས་ཏེ་བཏབ།།


ཚོར་བའི་མགྱོགས་བྲིས་ཤིག

                                                   ཕུར་བསྟན། 


ཆེས་མཐོ་ས་ཆེན་གྱི་ཡང་རྩེར་གྲུབ་ཅིང་། །

ས་མཐོ་རི་གཙང་གི་ཐ་སྙད་ཁུར་བའི། །

ཁ་བ་གངས་ཅན་གྱི་སྣོད་བཅུད་འདི་ལ། །

དེང་སང་ལེ་བདའ་དང་འཁང་ར་ཤོར་སོང་། །


གནམ་སྔོན་ལྟོ་བ་རུ་ཀྲོང་ངེར་འགྱིང་རུང་། །

མགོ་བོ་བཙན་པོའི་རྡོག་འོག་ལས་མ་འཕགས། །

ཉི་མ་པང་ཐོག་ཏུ་བླངས་ཞེས་བསྙད་ཀྱང་། །

ཁ་བའི་གྲང་ངར་ལ་ཅུང་ཙམ་མ་ཕན། །


ས་མཐོ་རི་གཟར་གྱིས་མགོ་བོ་མ་ཐེག །

ཉི་མའི་ཚ་དྲོད་ཀྱིས་ཁ་བ་མ་ཞུ།  །

ཁངས་རླུང་ཤུར་ཤུར་གྱི་གངས་ལྗོངས་འདི་ན། །

ལས་དབང་སྐྱོ་མོ་ཡི་ཁ་བ་ལྷབ་ལྷུབ། །


ས་མཐོའི་ནོར་ནག་གི་བེམ་རོའི་ཁྲོད་ན། །

ཨ་ཁུ་འབྲོག་པ་ཡི་ཧུ་ཤུ་ནར་ནར། །

གནའ་རྒོ་ཤྭ་ཁྱུ་ཡི་དུར་ས་རེ་ན། །

གཟན་སྐྱེལ་ཟས་སྦྱིན་གྱི་བརྙན་མིག་ལུང་གང་། །


གཞུང་ལམ་ཀྱག་ཀྱོག་གི་གཡས་གཡོན་ཡར་མར། །

འགྲིམ་འགྲུལ་འགལ་རྐྱེན་གྱི་ཆག་སྒོའི་ཁྲོད་ན། །

སེམས་འཚབ་ཐབས་བྲལ་གྱི་རིགས་གཅིག་ཕུ་ནུའི། །

རེ་དོགས་གདོང་པ་ལ་སྙིང་རྗེའི་ཉམས་ཤིག །


ས་མཐོའི་གནམ་གཤིས་འདི་ཅི་ཡིན་མི་ཤེས། །

མི་རིགས་ཉམ་ཆུང་འདི་ཆག་སྒོ་མང་བ། །

ལོ་འདིའི་ངོ་གདོང་ལ་བལྟས་ཀྱིན་བལྟས་ན། །

ངུ་དགོད་སྤེལ་མ་ཡི་སྐྱོ་བས་བཙིར་འོང་། །

                         ༢༠༡༩/༢/༢༧

གྱེས་གདུང་མཆི་མའི་ཐིགས་པ།


——ཐག་རིང་སློབ་གྲྭར་བསྐྱོད་པའི་བུ་མོར་བྲིས་པ།

 

ཁ་བའི་སྲས་མོ།


ཨ་མའི་སྙིང་གི་ལོ་ལོ།།

སློབ་རར་སྐྱོ་བ་མ་གནང་།།

ངུ་འབོད་རླུང་ཞགས་དམར་པོས།།

ཨ་མའི་གོམ་ཁ་མ་འགོག །

 

བུ་མོའི་མིག་ཆུ་རེ་རེ།།

ལྕགས་ཀྱི་འཛེར་མ་མིན་ཡང་།།

མ་ངའི་ཡ་ཆུང་ཁོག་ལ།།

གསོ་དཀའི་རྨ་ཁ་བཞག་འོང་།།

 

ཁ་པར་སྐད་ལམ་ངོགས་ནས།།

ངུ་འབོད་ཐོས་ཐེངས་རེ་ལ།།

མ་ངའི་སེམས་ཀྱི་ལོ་མ།།

གྲོ་ག་བཞིན་དུ་གཅུས་འགྲོ།།

 

མ་འོངས་མདུན་ལམ་ཆེད་དུ།།

རྒྱང་རིང་སློབ་གྲྭར་བསྐྱལ་ཡང་།།

བུ་མོའི་ལོ་ན་བསམས་ཚེ།།

སྙིང་ནས་བསྐྱུར་བར་མི་ཕོད།།

 

བུ་མོར་སྙིང་ཕུར་གདབ་ཕྱིར།།

ངོ་འཛུམ་གནག་ཁུལ་བྱས་ཀྱང་།།

གོམ་གསུམ་ཚུར་ལ་སྤོ་དུས།།

མཆི་མ་སེམས་ལ་ལྷུང་སོང་།།

 

གཅེས་མར་ཡོན་ཏན་འབྱོར་སླད།།

ཤེས་རིག་གླིང་ལ་བཙུད་ཀྱང་།།

གྱེས་ཁའི་བདེ་མོ་འཇོག་རྒྱུ།།

མ་ངའི་བློ་ཡིས་མི་ཐོངས།།

 

ལུས་ཀྱི་ཚེས་རིས་འཁྱོག་པོ།།

ཕ་ཡུལ་ཕྱོགས་ལ་འཁོར་ཡང་།།

སེམས་ཀྱི་རི་བོང་ཆུང་ཆུང་།།

བུ་མོའི་གམ་ལ་ཤོར་འགྲོ།།

 

བུ་མོ་ཁྲིད་ན་ཞེ་ཕངས།།

བུ་མོ་བསྐྱུར་ན་སྙིང་རྗེ།།

གནམ་འོག་ཕ་མའི་བརྩེ་བ།།

གསེར་གྱི་རི་བོས་མི་ཐེག །

 

བུ་མོ་སྲུང་འཁོར་ཡིན་ན།།

རྟག་ཏུ་བྲང་ལ་བསྣམས་ཆོག །

མ་ང་མཁའ་དབུགས་ཡིན་ན།།

ཉིན་མཚན་འབྲལ་མེད་གནས་ཆོག །

 

བུ་མོ་སྙིང་གི་མེ་ཏོག །

འབྲལ་ཁའི་མཆི་མའི་ངོ་རིས།།

ང་ཡི་མདུན་ལ་མ་སྟོན།།

མ་ངའི་གོམ་ཁ་འཁྱོར་ཡོང་།།

 

སློབ་གླིང་སྐྱིད་ཀྱི་དགའ་ཚལ།།

ཁྱིམ་གྱི་མོས་པ་བཞག་སྟེ།།

བྱམས་ལྡན་དྲིན་ཆེན་དགེ་རྒན།།

མ་ཡི་ངོ་བོར་བསྒོམ་དགོས།།

 

ན་མཉམ་སློབ་གྲོགས་ཕོ་མོར།།

ཕུ་ནུའི་འདང་བརྩེ་བཅངས་ཏེ།།

ཨ་མ་དྲན་ཐེངས་རེ་ལ།།

དཔེ་དེབ་སྙིང་ལ་ཆོངས་དང་།།

 

དགུང་གི་ཉི་ཟླ་ཆ་གཅིག །

མ་ངའི་མིག་ཟུང་ཡིན་པས།།

ཉིན་དང་མཚན་གྱི་བར་ནས།།

ཁྱོད་ཀྱི་ཕྱོགས་ལ་བལྟས་ཡོད།།

 

སྤྲིན་དཀར་ལེབ་མོ་རེ་རེ།།

མ་ངའི་བརྩེ་བ་ཡིན་ཞིང་།།

བསིལ་འཇམ་རླུང་བུའི་ཕོ་ཉ།།

མ་ངའི་དྲན་སེམས་ཡིན་ནོ།།

 

གཅེས་མ་སྙིང་གི་དུམ་བུ།།

རེ་ཞིག་ས་མཐར་ལྷུང་ཡང་།།

རིག་པའི་མཆོང་སྟོབས་སློབས་དང་།།

སྟག་མོ་འཛུམ་དྲུག་རྒྱས་ཡོང་།།

 

ནམ་མཁའི་བླ་མ་དཀོན་མཆོག །

མ་བུའི་སྡུག་བསྔལ་གཟིགས་ཏེ།།

ཁེར་རྐྱང་བུ་མོའི་ལས་ལ།།

མགོན་སྐྱབས་གཡེལ་མེད་མཛོད་ཅིག །


སེམས་པ་རྨས་པའི་རྨི་ལམ།


གངས་ཆུ་མིག


སྣང་བ་མུན་པས་སྒྲིབ་པའི་མཚན་དཀྱིལ་དུ།།

ཞི་འཇགས་རྨི་ལམ་ཁྲོད་ནས་རྦ་རླབས་འཕྱོ།།

ཁུ་སིམ་བྱ་ཚོགས་ཚང་ནས་གཉིད་ལས་སད།།

ཚོར་བའི་མ་མ་འཚོལ་བར་རྒྱང་འཕུར་བྱས།།

 

རང་སེམས་རླུང་བུས་ལྡེབ་པའི་དར་ལྕོག་གན།།

ཞེན་བའི་མཚོ་མོ་ངོས་ནས་དངན་པས་བརླན།།

དགའ་ཞེན་རིམ་བརྩེཊ་བྱས་པའི་གྲུ་ཁ་འདིས།།

སྐར་མའི་ཚོགས་ཀྱང་སྐྱོ་བས་རྨས་བཤུད་བྱས།།

 

མིག་མཐོང་ལག་ཟིན་མེད་པའི་སྣང་ཚུལ་ཞིག།

མཚན་མོ་ཁྲོད་དུ་འཐིམ་པའི་ངང་ཚུལ་འདིས།།

རོལ་དབྱངས་དཀྲོལ་ལ་དགའ་བའི་སྤྲེའུ་ཡིས།།

སྙིང་རྩ་རེར་བཞིན་དཀྲོལ་ནས་ངུ་ཤུམ་འཐེན།།

 

ཆག་འཇིག་རི་མོ་དོད་པའི་མཚན་མུན་ངོས།།

འཚོ་བའི་རྔུལ་ཆུས་བཀྲུས་པའི་རྨི་ལམ་རེས།།

དགའ་སྐྱོ་སྣ་ཚོགས་འདྲེས་པའི་མེ་ལོང་ཞིག།

སྙིང་གི་དཀྱིལ་དུ་བཞག་ནས་རང་ཉིད་བྲིས།།

 

སྙིང་ལ་མངར་སྐྱུར་འདྲེས་པའི་ཚོར་བ་ཡིས།།

ཡུན་ཐུང་རྨི་ལམ་ཞིག་གི་གསང་བའི་སྒྲོམ།།

སྣང་བའི་མེ་ཏོག་གཏོར་ནས་ལམ་ལ་ཞུགས།།

རང་སྙིང་མེ་ལོང་འདི་ཡང་སིལ་མར་ཆག།

 

སྣང་བ་རྐྱང་དུ་ལུས་པའི་རོལ་དབྱངས་ཤིག།

མུན་པའི་གཙང་བོ་ངོགས་སུ་བཏང་བའི་ཚེ།།

དགའ་སྡུག་རེས་མོས་འཁོར་བའི་སྤུ་གྲི་ཡིས།།

ཚོར་བའི་མེ་ཏོག་གཏུབ་ནས་རླུང་ལ་བསྐུར།།

 

གཞོན་པའི་ང་རོ་འདེགས་པའི་རྨི་ལམ་གྱིས།།

ཚོར་བའི་འཕར་ཤ་མ་ནོན་ཤེད་ཀྱིས་ལངས།།

ཨུ་ཚུགས་སེམས་སུ་སྦས་པའི་ཚོར་འདུ་དག།

སྙིང་གི་སྒེའུ་ཁུང་གཏོར་ནས་རྒྱང་ལ་འཕུར།།

 

ཡིད་ཆེད་ཕྱི་རུ་འཆར་བའི་རྒྱུ་རྐྱེན་འགའ།།

ཚོར་བའི་བྱ་ཁྱུ་གཏོང་ནས་ཞིབ་རྒུམ་བྱས།།

སེམས་པའི་རུམ་ནང་ཉལ་བའི་ཐ་སྙད་ལྷན།།

ཚོར་བའི་གཙང་བོ་ངོས་སུ་འཕུར་ལྡིང་བྱས།།

 

ཟླ་བ་མུན་པས་བརྐུས་པའི་མཚན་སྨག་ཁྲོད།།

དྲན་པ་སྙིང་ལ་བཙུགས་པའི་ཡིག་འབྲུ་འགས།།

སེམས་འདིས་གང་ཞིག་བོར་བ་མ་ངེས་ཀྱང་།།

ཅི་ཞིག་འཚོལ་བར་འདོད་པའི་ལམ་ལ་ཞུགས།།

 

དོ་ནུབ་སྙིང་ལ་བཏབ་པའི་གཟུགས་རིས་ཤིག།

སྣང་བའི་ཁྲོད་དུ་འཁྲབ་པའི་གར་ཆུང་དངོས།།

རྔུལ་ཆུས་རྒྱུན་མར་འཁྲུད་པའི་ཐ་སྙད་འགས།།

སེམས་འདི་ཅུང་ཙམ་ཞི་བའི་གནས་སུ་བསྐྱལ།།


  མཚན་མོའི་ཁེར་ལབ།


 མཚན་མོ་ནི་ལྷ་ཡི་རྨ་ཁ་ཡིན།

 ཁྱོད་ནི་ང་ཡི་རྨ་ཁ་ཡིན།

           ——ཧེ་ཙིའི།《ཁ་བྱང་གིས་འབྲེལ།》


མགར་སྨྱུག་རྩེ།


མཚན་མོའི་ལྷིང་འཇགས་སུ་ཕྱིན་དུས།

སྙན་ངག་པའི་བསམ་གཞིག་གི་གར་སྟེགས་རེད།


བསམ་གཞིག་དེའི་ནང་རོལ་ཏུ།

གར་སྟེགས་ནི་ན་ཟུག་ཤིག་རེད།

ཁྲག་དྲོན་གྱི་མེ་རོ་སེམས་ནས་སྦར་ཞིང་།

མཚན་ནུབ་ཀྱི་གློག་འོད་ལྟ་དུས།

འདུ་འཛི་དང་བག་ཏུ་འཁུམ་པའི་མི་ཚོགས་ནི།

སྔར་ལས་ལྷིང་འཇགས་སུ་ཕྱིན་དུས།

ངས་སྙན་ངག་པའི་སྙིང་སྟོབས་དང་ཁེར་རྐྱང་མཐོང་ཐུབ།


དོ་ནུབ།  

མུན་པ་སྒྲིབ་པའི་དཀྱིལ་དབུས་ན་མེ་ལྕེ་མཆེད་དུས།

སེམས་ཁམས་འདིའི་སྐྱོ་སྣང་ཆེ་ཤོས་རེད།


དོ་ནུབ།  

ས་ཆེན་གྱི་ཕང་བ་རུ་ལམ་ཆེན་གྱི་འོད་སྣང་བཙལ་ནས།

མེས་པོའི་བཞུད་ལམ་གྱི་མེ་ལོང་མཐའ་དག་ཀྱང་།

སྙན་ངག་པའི་རུས་རྐང་དུ་ཟུག 


དོ་ནུབ།  ང་ནི་ཞི་འཇམ་གྱི་སྙིང་ཁ་རུ།

ཐ་སྙད་ཀྱི་རྫ་བུམ་བླུག་ནས།

སྨྱུ་གུ་དང་ལྷན་དུ་རྩེད་འཇོ་རོལད།

མེས་པོའི་ཟུངས་ཁྲག་གི་གླེགས་བམ་རྒྱུད་ནས།

འུ་ཅག་ཕུན་ཚུན་ཁ་གཏད་དུ་འགྲེང་ཏེ།

ཞག་སྒྲོན་གྱི་མེ་ལྕེ་སྦར་ནས་རང་རང་གི་རྨ་ཁ་བཙལ།

སྐྱོ་སྣང་གི་ལྟ་ཚུལ་བཟུང་ནས་ཕ་ཡུལ་གྱི་གནས་བབ་གླེང་།


སྨག་གཏིབས་པའི་མཚན་མོ་ནི།

སྙན་ངག་པའི་མཚན་མོ་ཡིན་དུ་ཆུག


   མཚན་ཕྱེད་ཅིག་ལ་གནའ་མཁར་ཟི་ལིང་ནས་བྲིས།


བར་ཐག་དང་ཁ་བ་འབབ་པ། ཞར་བཀོད་གཅིག

             

ཨ་ཀྲད།


གྲང་ངར་དང་བཅས་རླུང་རྣམས་རབ་ཏུ་ལྡང་།།

ཕྱི་ནང་གཉིས་ཀའི་ཡིད་སེམས་འཁྱག་པས་མནན།།

སྒེའུ་ཁུང་འགྲམ་ནས་ཐད་ཀར་བལྟས་པ་ན།།

ཕྱི་རོལ་ཡུལ་གྱི་ཁྱོད་རང་འདུག་ས་དེར།།

མེ་ཏོག་ལྟ་བུའི་ཁ་བ་ཉུང་ཉུང་བབས།།

ང་ཡི་སེམས་ལ་འབབ་པ་མ་བྱུང་ཡང་།།

ང་ཡི་སེམས་འདི་རྩུབ་པ་ོརྩུབ་པོར་གྱུར།།


དགུན་དུས་འདི་ཡི་ཟླ་བའི་སྔ་རྗེས་སུ།།

གྲོང་ཁྱེར་མང་ཤོས་འཁྱག་པས་ནན་གྱིས་བཟུང་།།

ཁྱོད་ལུས་གྲང་བས་ཅུང་ཙམ་བཅུན་ན་ཡང་།།

ང་ཡི་སེམས་དང་བར་ཐག་ཉེ་བར་མཆིས།།

ཁ་བ་འདི་དག་ཕྱི་ལ་འབབ་ནས་བཟུང་།།

ང་ཡི་སེམས་ལ་འབབ་པ་མ་བྱུང་ཡང་།།

ང་ཡི་སེམས་འདི་རྩུབ་པ་ོརྩུབ་པོར་གྱུར།།


 སྐྱིད་ཆུ་འགྲམ་གྱི་སྨོན་ལམ་ཆུ་བུར་མ།


དོ་ཞག་ང་རང་སླར་ཡང་སྔོན་ཆད་ལྟར།།

སྐྱིད་ཆུ་འགྲམ་གྱི་ཁ་བ་མཐོང་ཕྱིར་དུ།།

གྲོག་རོང་མཚོན་པའི་བུད་མེད་གཉིས་ཀྱི་ངོར།།

སྨུག་པ་དང་བཅས་གངས་རི་ཞིག་ཏུ་སྤྲུལ།།

འཁྱག་པས་སྦྲིད་པའི་ལྷུ་ལག་ཡོད་ཚད་ཀྱང་།།

མིག་དང་སྣ་རུ་ཁ་བ་ལྟར་བབས་པའི།།

སེམས་གཏིང་ཞིག་ནས་རླུང་བུ་དག་ཀྱང་ལྡང་།།


གྲིབ་གཟུགས་ཁོ་ནས་ཕན་ཚུན་མཚམས་སྦྱོར་བྱེད།།

བྱེའུ་ཞིག་ཀྱང་དེ་རུ་ལོངས་སུ་སྤྱོད།།

བུད་མེད་གཉིས་ཀྱི་ངོ་གདོང་ཡང་པོ་འང་།།

ས་ཚིགས་ཤིག་ལྟར་མི་རྣམས་འཚོ་བར་ཆོག།

ང་རང་གཉིས་ཀྱང་སྐྱེ་བ་འདི་ཡི་མཐར།།

རྨི་ལམ་བཏབ་པའི་གྲོང་དེར་སྐྱེ་བར་ཤོག།

སྐྱིད་ཆུའི་འགྲམ་གྱི་ཁ་བ་མཐོང་བར་ཤོག།

      

སྨོན་ལམ་ལན་གཅིག་བརྒྱབ་ཡོད།

             

འཕགས་ཆེན། 


དུས་ཚོད་ཀྱིས་ཟ་བཞིན་པའི་སྐབས་སུ

ང་ཚོ་ནི་སྦལ་བ་ལྟར་འཕུར་བཞིན་ཡོད

གཤོག་པ་བསྐུམས་ནས་འཕུར་བཞིན་ཡོད

འཕུར་ཤོག་ཟེར་ན་ང་ཚོ་འཕུར་ཐུབ་པ་ཞིག་མ་རེད

འོན་ཀྱང་ཡོད་ཚད་འཕུར་ན་འདོད


མཚན་མོའི་སྙིང་ཆུ་འཐུང་བའི་ཁ་བ་བཞིན

འོད་གསལ་འདྲེས་མའི་འབབ་ཕྱོགས་དེས

ངོ་ནས་ངོ་དང     སེམས་ནས་སེམས་སུ

རླུང་གི་ལམ་བུ་ཞིག་གཏོད་ཀྱིན་ཡོད

ང་ཚོ་འགྲོ་འདོད་དུས་འགྲོ་ས་ཞིག་བརྙེེད་སོང་ན



ཆུ་ལ་ཆུ་བཞིན་སྨོན།



2019/2/20ཉིན་ཁྲིན་ཏུའུ་ནས་བྲིས།


རྩོམ་སྒྲིག་པ། འཕགས་ཆེན། 


ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་དང་པོ།

ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་གཉིས་པ།

文章有问题?点此查看未经处理的缓存