前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་སློབ་མའི་རྩོམ་ཡིག་ཆེད་བསྒྲིགས།

杷青 杷青 Pagchen 2022-07-26

རང་མོས་སྙན་ངག

2019

ཨུཏྤལ་དབྱངས་མཛེས།

དངོས་མིང་ལ་དབྱངས་མཛེས་དང་། སྨྱུག་མིང་ལ་ཨཏྤལ་ཟེར། ང་ནི་སྤྱི་ལོ་༢༠༠༠ལོའི་ཟླ་༣པའི་ཚེས༤ཉིན་ཕ་ཡུལ་ནང་ཆེན་དུ་སྐྱེས་ཤིང་། སྤྱི་ལོ༢༠༡༨ལོར་གྲོགས་མོ་བྱང་ཆུབ་བཟང་མོ་དང་མཉམ་དུ་སྙན་དེབ་ཆེས་ཐོག་མ(དབྱངས)ཞེས་པ་དེ་མི་ཡུལ་དུ་བཀྲམ་པ་ཡིན། ད་སྐབས་ཁུལ་མི་རིགས་སློབ་འབྲིང་ནས་སློབ་སྦྱོང་བྱེད་བཞིན་ཡོད་དོ།།

བཟི་མེད་ཚེ།


         ཨུཏྤལ།  (ནང་ཆེན)


ཁྱོད་དང་ལྷན་དུ།

བྱིས་དུས་ཀྱི་འཚོ་བར་མཛེས་སྡུག་གི་དགོད་སྒྲ་བསྐྲུན་མྱོང་མེད་ཀྱང་།

ངས་ཁྱོད་ལ་འདི་ལྟར་གཅེས་དོན་ཅི།


ཁྱོད་དང་ལྷན་དུ།

བརྗོད་ཀྱིས་མི་ལང་བའི་སྐྱིད་སྡུག་གི

གཏམ་རྒྱུད་རིང་མོ་ཞིག་གྲུབ་མྱོང་མེད་ཀྱང་།

ངས་ཁྱེད་ཉིད་འདི་ལྟར་དྲན་དོན་ཅི།


ཁྱོད་དང་ལྷན་དུ།

ནར་སོན་གྱི་ཤེས་རིག་གླིང་ནས།

ཕོ་མོ་བཟའ་བ་ཟུང་ལྟར་འདྲིས་མྱོང་མེད་ཀྱང་།

ང་ཁྱོད་ལ་འདི་ལྟར་འཕྲད་འདོད་དོན་ཅི།


ངོ་མ་བཤད་ན།

ང་རང་བཟི་ཚར་འདུག

བཟི་མེད་ཚེ་ངས་འདྲིས་ཆ་མེད་པའི།

མྱི་ཞིག་གི་དོན་དུ་དྲན་ཚོར་གྱི་ཚོར་བ་གཞན་ལ་བཤད་མི་སྲིད།

བཟི་མེད་ན་ངས་འབྲེལ་བ་མེད་པའི་མྱི་ཞིག་གི་ཆེད་དུ།

དྲན་གདུང་གི་དབུགས་རིང་ཤུགས་ཀྱིས་འདོན་མི་སྲིད།

བཟི་མེད་ཚེ་འགྲུབ་ཐབས་མེད་པའི་སྟོང་བསམ་མང་པོ་ཞིག་ཤོག་ཐོག་ཏུ་བཀོད་མི་སྲིད།

བཟི་མེད་ན་འཁྲིག་སྤྱོད་ལ་འཇུག་པའི་བུད་མེད་ཞིག་ལྟར།

ཆད་རྒྱུ་མེད་པའི་འཁུན་སྒྲ་ཞིག་གཏན་ནས་བཏོན་མི་སྲིད་དོ།།


གུང་སྲིན་འབུ།


    དངོས་མིང་ལ་དཔལ་ཆེན་རྣམ་རྒྱལ་དང་སྨྱུག་མིང་ལ་གུང་སྲིན་བུ་ཟེར། སྤྱི་ལོ་༡༩༩༨ལོར་ཟླ་༡༢པའི་ཚེས་༩ཉིན་ཕ་ཡུལ་ཟུར་ཆུང་ལུང་བ་རུ་སྐྱེས་ཤིང་། དྲིན་ཆེན་ཕ་མ་གཉིས་ཀྱི་བཀའ་དྲིན་འོག་ནས་སློབ་གྲྭ་ཆུང་འབྲིང་རིམ་བཞིན་འགྲིམས་ཏེ། ད་སྐབས་ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་ཀྱིན་ཡོད།

ཟླ་བའི་ལྷ་མོ།


གུང་སྲིན་འབུ། (ཡུལ་ཤུལ་རྫོང)

              

གོ་ཐོས་སུ

ཁྱོད་ནི་བསིལ་འཇམ་དང་རླུང་བུ་ཡིས་གྲུབ་པའི།

འཛུམ་མདངས་ཆ་གཅིག་ཡིན་སྐད་གདའ།

ངས་ཁྱེད་རང་ངོ་ཤེས་ནས་བཟུང་སྟེ།

ང་ལ་ཟླ་བ་ཞེས་པའི་མིང་ཐོགས་ཤིང་།

ཁྱོད་ལ་ཟླ་བའི་ལྷ་མོ་ཞེས་པའི་མྱིང་ཆགས།

ངའི་སྙན་ཚིག་དང་གླུ་ངག་གི་སྒྲ་དབྱངས་འཐེན་ས།

ངའི་དམ་ཚིག་དང་དགོད་སྒྲ་ཡི་ངུ་ཤུམ་འདོན་ས།

རྩྭ་ཐང་འདིའི་སྤྲིན་དཀར་ལ་དབང་བའི་ཟླ་བའི་ལྷ་མོ།

ཁྱོད་རང་སུ་ཞིག་གི་སླད་དུ།

ཉམ་ཐག་པའི་མཚན་གཞུང་འདི་ཡུན་གྱིས་བསྐྱལ་བ་ཡིན།

ཁྱོད་རང་གང་ཞིག་གི་དོན་དུ་རི་གྲོང་འདིའི་སྐར་ཚོགས་ལ།

སྙན་སང་སིང་གི་རྫི་གཞས་ཞིག་བླངས་བ་ཡིན།

ཟླ་བའི་ལྷ་མོ།


བསྟན་འཛིན་ཕུན་ཚོགས།


  ང་རང་སྤྱི་ལོ་༡༩༩༩ལོར་ཟླ་༡༠པའི་ཚེས་༡ཉིན་ལ་གནས་ཆེན་རྒྱམ་རྒྱལ་རྡོ་ཏིའི་སྐུ་མདུན་ནས་ཧོར་ཚང་གདུང་རིགས་ནས་དལ་འབྱོར་མི་ལུས་ཀྱི་མྱུ་གུ་ཐོག་མ་དེ་འབུད།  སློབ་གྲྭར་འདོན་པའི་ལོ་ཚད་ལོན་རྗེས་ཕ་མ་གཉིས་ཀྱིས་ང་ལ་རེ་བ་དང་སྨོན་ལམ་ཡོད་ཚད་བཅོལ་ཏེ་ཡུལ་ཤུལ་ཁུལ་ཆ་ཚང་སློབ་ཆུང་གཉིས་པ་རུ་མངགས་གཏོང་མཛད་དེ་སློབ་གྲྭ་ཆུང་འབྲིང་རིམ་གསུམ་ལ་དལ་གྱིས་འགྲིམས་ཏེ་ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་སྦྱོང་བྱེད་ཀྱིན་ཡོད།  བརྩམས་ཆོས་ཁ་ཤས་དུས་དེབ《པད་དཀར་མཆོད་སྤྲིན།》《དྲི་ཟའི་གླིང་བུ།》《ཞག་སྒྲོན།》《སྙེ་མ།》《ལུ་གུ་མེ་ཏོག》《རྡོ་ཏི།》《ནང་ཆེན།》བཅས་སུ་བཀོད་ཡོད།


ཁ་བ་ལྷ་མོ།(ཞར་བཀོད་བཞི།)


      ཧོར་ཚང་བསྟན་འཛིན་ཕུན་ཚོགས། (ཡུལ་ཤུལ་རྫོང)


༡ དྲན་གདུང་།


ཁ་བ་དཀར་བོང་བོང་གིས་ཆགས་འདུག

ཁ་བའི་མདུན་རྒྱབ་གཉིས་སུ།

ངོ་མི་ཐུག་པའི་བརྩེ་རོགས་གཉིས་འཛུམ་ཙམ་བྱེད།

ཉི་འོད་སེར་ལམ་ལམ་གྱིས་འཕྲོ་དུས།

རྩམ་སྐྱ་ལྟ་བུའི་ཁ་བའི་འདབ་མ་རེ་རེ་ནི།

མིག་ཀོང་ལས་གྲང་ཤུར་ཤུར་ངང་མེ་སྟག་བཞིན་འཚུབ།

                   

༢བྱིའུ།


ལོ་མ་ཐ་ཐོར་ལས་མེད་པའི་སྡོང་རྒན་གྱི་ཡལ་ག་རུ།

པྲ་ཆལ་ཅན་གྱི་བྱིའུ་གཉིས་ཀྱིས།

རྩྭ་ལྡུམ་གྱི་ཚང་མལ་དྲོན་མོ་ནས།

མགྲིན་པ་ཀྱོག་ཀྱོག་གིས་བླངས་པའི་གླུ་དབྱངས་ནི།

ཁོ་བོ་ལ་ཕུལ་བའི་སྐྱོ་སངས་ཀྱི་སྙན་གླུ་མིན་ནམ་སྙམ།


༣གངས་མི།


ངས་ལུག་བལ་ལྟ་བུའི་ཁ་བའི་འདབ་མ་རེ་རེས།

ཁ་མི་གྲག་པའི་གངས་མི་གཅིག་བསླེས་ཏེ།

ཁ་བ་ལྷ་མོ་ཞེས་གཅེས་མིང་བཏགས་པ་ཡིན།


༤ཟླ་འོད།


ཟླ་འོད་ནི་ཁ་བའི་གྲོགས་བཟང་ཡིན་ངེས་པས།

འོད་ཀྱི་ཟེགས་མ་རེ་རེ་ཁ་བའི་ངོས་སུ།

འོད་ལམ་ལམ་གྱིས་འཚེར་དུས།

ང་དང་ཁ་བ་ལྷ་མོའི་སྙིང་གཏམ་དམར་པོ།

དྲང་བདེན་གྱི་ཐིག་ཤིང་བཀོལ་ནས།

ཟླ་འོད་དང་ཁ་བའི་མདུན་རྒྱབ་གཉིས་སུ།

ལྷད་མེད་དྭངས་གཙང་ངང་ཕབ་རྒྱུ་ཡིན།


༥མནལ་དྲོ།


ཁ་བ་ལྷ་མོ་ལགས།

ཁྱེད་ནི་འདུ་འཛི་ཡི་གྲོང་ཁྱེར་དཀར་དམར་ལས།

ཆེས་མཛེས་སྡུག་ལྡན་པའི་གངས་མི་ཡིན་ངེས་པས།

ཁོ་བོའི་སྙིང་གི་ཨ་ལོང་ཡང་ལོང་དུ།

དཀར་བོང་བོང་གིས་གཟིམ་པར་ཞུ།


གཟའ་སྨྱོན།


   ངའི་མྱིང་ལ་ཀརྨ་ཀུན་ཁྱབ་ཟེར། དེ་ནི་ཆུང་དུས་སུ་ཕ་མ་གཉིས་ཀྱིས་ཧ་ལས་དད་སའི་བཀའ་རྒྱུད་པའི་བླ་མ་གཙོ་ཆེན་ཞིག་གིས་བཏགས་ཡོད་ཚོད་རེད། འོན་ཏང་དུས་རྒྱུན་གྲོགས་དག་གིས་བླ་མས་ང་ལ་བཏགས་པའི་མྱིང་དེ་མི་འབོད་ནས་ང་ལ་མོ་དགའ་དང་། གཟའ་སྨྱོན་ཟེར་ནས་འབོད་ཡོང་རེད། དེའི་རྐྱེན་ངའི་སྐད་འཕྲིན་མྱིང་ལའང་གཟའ་སྨྱོན་ཟེར་ནས་བཏགས་བཞག་པ་ཡིན། ད་སྐབས་ངའི་ངོ་ཤེས་ཡོད་ཚད་ཀྱིས་ང་ལ་གཟའ་སྨྱོན་ཟེར་ནས་འབོད་ཀྱིན་ཡོད། ང་རྡོ་ནང་ལྐོག་འགག་ནས་ཡིན། ༢༠༠༢ལོར་ཕ་རྒན་བཀྲ་སྡིས་དང་མ་རྒན་ཚེ་སྐྱིད་ལྷ་མོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ༢༠༡༠ལོ་ནས་འགོ་བཟུང་སྟེ་ད་བར་སློབ་གྲྭ་ཏག་ཏག་ལ་སོང་ནས་མྱི་ཚེ་ཟད་པ་ཡིན་ཀྱང་། བྱང་ཆུབ་པའི་སྦྱོང་བྱ་འདི་ཡོད་ཟེར་རྒྱུ་ཞིག་མེད། ཡིན་ནའང་དགའ་ཕྱོགས་ཤིག་གི་དབང་གིས་ད་དུང་སློབ་གྲྭར་འགྲོ་རྒྱུ་ཡིན། དཔེ་ཆར་བལྟ་རྒྱུ་ཡིན། ཚིག་ཉོག་འབྲི་རྒྱུ་ཡིན་ཟེར་ནས་རང་ཉིད་ཀྱིས་རང་ཉིད་ལ་ཁེར་ལབ་ཞོར་རང་ཉིད་ཀྱིས་རང་ཉིད་ཁས་ལེན་བྱེད་ཀྱིན་ཡོད།

༡ དམྱལ་བ་མ   

འུ་གཉིས་འབྲོག་ལ་འགྲོ་ཨེ་རེད


གཟའ་སྨྱོན།  (ཡུལ་ཤུལ་རྫོང)


དམྱལ་བ་མ   

འུ་གཉིས་འབྲོག་ལ་འགྲོ་ཨེ་རེད

རྩིད་པ་ཐག་ནས་སྦྲ་གུར་ལས་ཨེ་རེད

ཤིང་ཆ་བཏུས་ནས་སྣོད་ཁྲི་བཟོ་ཨེ་རེད

ས་གྱང་བརྐོས་ནས་ཐབ་ཀ་གསོ་ཨེ་རེད

སུར་རུ་བཏུས་ནས་ཉལ་འོག་འཇོག་ཨེ་རེད

མར་ཆུར་རྩམ་གསུམ་ཟས་སུ་བསྟེན་ཨེ་རེད

ཆོན་ཐག་འོག་ནས་གྲིབ་བསིལ་བྱེད་ཨེ་རེད

ཤོ་མང་བཏོགས་ནས་མེ་རུ་བསྲེག་ཨེ་རེད

རི་བོང་བཟུང་ནས་ཁྱིམ་དུ་གསོ་ཨེ་རེད

བྱ་ཁྱུ་འཕུར་སྟངས་ལ་མཉམ་དུ་བལྟ་ཨེ་རེད

བེའུ་ལུག་འཚོ་ཨེ་རེད

མེ་ཏོག་གི་སྐེ་རྒྱན་སླ་ཨེ་རེད

གླིང་བུ་དང་བསྡེབས་ནས་མཛའ་གཞས་ལེན་ཨེ་རེད

འོ་ཇ་འཐུང་ནས་མ་འོངས་པ་གླེང་ཨེ་རེད

ཕན་ཚུན་ངོ་རུ་ཅེར་ནས་དགོད་ཨེ་རེད

སོ་སོའི་ཕ་མ་དྲན་ནས་ངུ་ཨེ་རེད

རི་མགོ་རུ་འཛེག་ནས་སྙན་ངག་འབྲི་ཨེ་རེད

དཔྱད་གླེང་པ་ཐོག་མ་ཁྱོས་གྱིས་ཨེ་རེད

པར་ཆས་ཁུར་ནས་རྩྭ་ཐང་གི་ལུག་ཁྱུ་ལེན་ཨེ་རེད

དབྱར་དུས་ཆུ་འགྲམ་ནས་རྩེ་ཨེ་རེད

མཚན་དུས་མུན་འོག་ནས་སྒྲུང་གཏམ་བཤད་ཨེ་རེད

བྱིས་པ་མང་པོ་སྐྱེད་གསོ་བྱེད་ཨེ་རེད

བྱིས་པ་ལ་ཕ་སྐད་མ་ཡིག་ཁྲིད་ཨེ་རེད

རང་རང་གི་དགའ་ཕྱོགས་ལྟར་འཚོ་བ་རོལ་ཨེ་རེད


༢ དམྱལ་བ་མ

འུ་གཉིས་འབྲོག་ལ་འགྲོ་ཨེ་རེད


དམྱལ་བ་མ

འུ་གཉིས་སློབ་གྲྭར་མི་འགྲོ་ཨེ་རེད


དམྱལ་བ་མ

འུ་གཉིས་སློབ་གྲྭར་མི་འགྲོ་ཨེ་རེད

དགེ་རྒན་ཁ་ནག་ཚོའི་ངོ་ལ་མི་བལྟ་ཨེ་རེད

རྒྱབ་ཁུག་ལྗིད་ཆེན་དེ་མི་ཁུར་ཨེ་རེད

ལས་བྱ་རི་ཆེན་འདྲ་བོ་དེ་སྔུན་དུ་མི་སྤུང་ཨེ་རེད

སྦྱོང་མི་འདོད་པ་དག་བཙན་གྱིས་མི་སློབ་ཨེ་རེད

ཞི་ལུ་ཚོའི་འཛིང་རྩོད་བྱེད་ས་ལ་མི་བལྟ་ཨེ་རེད

ཞི་མོ་ཚོའི་ཁ་རྩོད་སློང་ས་ལ་མི་གཡེང་ཨེ་རེད

འབྲིང་རྒྱུགས་དང་མཐོ་རྒྱུགས་ཨེ་འཕྲོད་བསམ་ནས་སེམས་ཁུར་མི་བྱེད་ཨེ་རེད

སྐར་གྲངས་མཐོ་དམའ་ལ་དོ་སྣང་མི་བྱ་ཨེ་རེད

ཕྱོགས་བཞིའི་གློག་མྱིག་གིས་མཐོང་བར་དོཊ་ནས་མི་སྐྲག་ཨེ་རེད

སྔ་མོ་ཉལ་ཨེ་རེད

འཕྱི་མོ་ལངས་ཨེ་རེད

གང་དགའ་གང་སྐྱིད་བྱེད་ཨེ་བྱེད


དམྱལ་བ་མ

འུ་གཉིས་སློབ་གྲྭར་མི་འགྲོ་ཨེ་རེད

བྱང་ཆུབ་བཟང་མོ།


  སྨྱུག་མིང་དབྱངས་ལྷ་མོ། སྤྱི་ལོ་༡༩༩༩ལོར་ཟླ་༩ཚེས་༩ཉིན་ཕ་ཡུལ་རྫ་སྟོད་དུ་སྐྱེས་ཤིང་། ཆུང་དུས་ནས་ཡབ་ཡུམ་གཉིས་ཀྱི་སྐུ་དྲིན་ལ་བརྟེན་ནས་ཤེས་རིག་གི་ཐང་ཆེན་ཡངས་པོ་ན་ཤེས་བྱ་ཡི་འབྲི་ཀློག་སྦྱང་བའི་སྐལ་བ་ལྡན། ད་ལྟ་ཁུལ་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་མཆིས།

གཏན་ཁེལ་མེད་པའི་བརྩེ་བ།


དབྱངས་ལྷ་མོ།  (རྫ་སྟོད)


ཁྱེད་རང་སུ་ཞིག་གི་སླད་དུ་འཚོ་བཞིན་ཡོད།

ཁྱེད་རང་སུ་ཞིག་གི་ཆེད་དུ་དུང་བཞིན་ཡོད།

ཁྱེད་རང་སུ་ཞིག་གི་ཆེད་དུ་བརྩེ་བཞིན་ཡོད།

དོན་ངོ་མར།

ཁྱེད་རང་སུ་ཞིག་ཡིན།

ཁྱེད་ལ་དགོས་པ་དེ་ཅི་རེད།

སྔོན་ནས་ད་བར་དུ་ངས་དྲི་མྱོང་མེད།

འཁྲབ་སྟོན་གྱི་གཏམ་རྒྱུད་དེ་ཡིན་ནམ།

ཡང་ན།

ལྷད་མེད་རིན་བྲལ་གྱི་བརྩེ་བ་དེ་ཡིན།

དོན་ངོ་མར་བརྗོད་ན།

ཁྱེད་ཀྱིས་འུ་གཉིས་ཀྱི་བརྩེ་དུང་དེ་ལ་བརྩི་མཐོང་ག་ཙམ་ཡོད།

“འུ་གཉིས་ཀྱི་མ་འོངས་པ”ཞེས་ཁེར་ལབ་བྱེད་ཨེ་མྱོང་།

“ཁྱེད་དང་ང་།   ང་དང་ཁྱེད།”ཞེས་བསམ་གཞིག་མཛད་ཨེ་མྱོང་།

མ་མཐའ་ཡང་སྟོང་བསམ་ཙམ་བྱེད་ཨེ་མྱོང་།

ཉིན་དང་མཚན།

ལོ་དང་ཟླ།

དུས་ཚོད་རེ་རེ་དང་བསྟུན་ནས་ངས་བརྩེ་དུང་གི་རླབས་ཕྲེང་དེ་ཁྱེད་ཕྱོགས་སུ་འཕྱོར་བར་བྱས།

འདི་ལྟར།

ང་ཁྱེད་དང་བར་ཐག་ཇེ་ཉེ་རུ་སོང་།

ང་ཁྱེད་དང་དུང་བ་ཇེ་ཟབ་ཏུ་གྱུར།

འདི་ལྟར།

གཏན་ཁེལ་མེད་པའི"མ་འོངས་པ"ཞིག་ཧ་ཅང་ཉམ་ཐག་ངང་རེ་སྒུག་བྱས་ཡོད་པ་འདྲ།

          ༢༠༡༩-༢-༡༡ཉིན་དོན་དེ་ལ་ཕྱིར་འདང་རྒྱག་དུས།



ང་ཚོ་འདི་ལྟར་འཆི་མི་རུང་།

                              

ང་ཚོ་ལ་སྙིང་རུས་ཡོད།

ང་ཚོ་ལ་སྤུར་རྒྱལ་གྱི་སྙིང་རུས་ཡོད།

ང་ཚོ་ལ་སྤོབས་པའི་གོ་ཆ་ཡོད།

ང་ཚོ་ནི་ཕ་བཟང་གི་རྒྱུད་འཛིན་དང་།

ཡུལ་བཟང་ཚང་གི་བདག་པོ་ཡིན།

ཡབ་མེས་ཀྱི་ཐུགས་དྲོད་མ་ཡལ་བའི་ཟུངས་ཁྲག་དྲོན་མོ་རེ།

ང་ཚོའི་སེམས་ཁོང་དུ་འཁྱིལ་ཡོད།

ནང་སྤུན་རྣམས་ཀྱི་རེ་བ་གསོན་པོ་དེའང་ང་ཚོའི་སེམས་ཁོང་ན་མེ་བཞིན་འབར།

བརྗེད་ག་ལ་ཕོད།

དོར་ག་ལ་སྲིད།

བརྩོན་པའི་སྙིང་རུས་བསྐྱེད།

རྫི་གླུའི་འགྱུར་ཁུགས་ཀློང་།

སྐད་ཡིག་གིས་མི་རིགས་བླ་སྲོག་བསྐྲུན།

ཡུལ་སྲོལ་གྱིས་རང་རིགས་ཁྱད་ཆོས་ངོམ།

ང་ཚོས་བདེ་སྐྱིད་ཉག་གཅིག་གི་ཆེད་དུ་ན་གཞོན་གྱི་ལང་ཚོ་ཕུལ།

ང་ཚོས་དགོད་སྒྲ་ཐེངས་གཅིག་གི་སླད་དུ་ལུས་ཟུངས་ཀྱི་ཁྲག་དྲོན་སྤྱོད།

ང་ཚོ་ནམ་ཡིན་ཡང་འཆི་མི་རུང་།

ནང་སྤུན་མང་པོ་ཞིག་གི་རེ་བ་ལྟར་རྟག་ཏུ་གསོན་དགོས།

འཆི་མི་རུང་།

གསོན་ཤུགས་ལྷག་ཏུ་རྒྱས་ནས་གངས་ཅན་ལྗོངས་ལ་རྐང་རྗེས་འཇོག་དགོས།

ཚིགས་བཅད།

2019

ཚེ་རིང་བདེ་སྐྱིད། 


    ངའི་མྱིང་ལ་ཚེ་རིང་བདེ་སྐྱིད་ཟེར། དགའ་ཕྱོགས་སྙན་ངག་གྱེར་རྒྱུ་དང་མདོ་འཛིན་པ་བྱེད་རྒྱུ་དེ་ཡིན། ད་སྐབས་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཆེད་ལས་བོད་རིག་པའི་རྩོམ་རིག་ལ་སློབ་གཉེར་བྱེད་ཀྱིན་ཡོད། 

སླར་ཡང་མཇལ་བར་སྨོན།


                  ཚེ་རིང་བདེ་སྐྱིད། (ཁྲི་འདུ)


ལྡོག་མེད་ལས་དབང་བཙན་པོ་ཞིག་གི་དབང་།།

འུ་ཅག་སློབ་ཁང་གཅིག་ཏུ་འཛོམས་པ་ན།།

རིག་གནས་བཅུ་བོ་འཛིན་སྐྱོང་དར་སྤེལ་ཏེ།།

འོད་ལྡན་ཕུགས་བསམ་འདི་ནས་བསྩལ་གྱུར་ཅིག།

ཤེས་རིག་མཚོ་མོར་འཁྱིལ་བའི་ལྡིང་ཁང་གི།

ཀ་བ་གདུང་ལྕམ་མེད་པའི་ཁང་བཟང་ནས།།

གཏམ་དང་ཀུ་རེ་རྩེད་མོས་དགོད་སྒྲའི་ཁྲོད།།

སྐད་ཅིག་སློབ་འབྲིང་འཚོ་བ་མཇུག་སྒྲིལ་ཡང་།།

འཛོམས་ནས་བྲལ་བ་འཇིག་རྟེན་ཆོས་ཉིད་རེད།།

འདུ་བྲལ་རྒྱུས་མེད་ཡུལ་ཀུན་ཕྱིན་ན་ཡང་།།

ལེ་ལོ་རྣམ་གཡེང་དབང་དུ་མི་འགྲོ་བར།།

རིག་པའི་གནས་ལ་བརྩོན་རྒྱུ་མ་བརྗེད་ཅིག།

མ་འོངས་ཕ་ས་སྒ་ཡུལ་ལུང་པ་འདི།།

གསར་བྱུང་རིག་གནས་དཔྱིད་དཔལ་བསུ་མི་བསུ།།

སྣོད་ལྡན་སློབ་བུ་ང་ཚོར་རག་ལས་པས།།

ནམ་ཡང་སེམས་ནས་མ་བོར་སློབ་གྲོགས་ཚོ།།


ལྷུག་རྩོམ།

2019


བཙན་སྨྱུག


   དངོས་མིང་ལ་ཀརྨ་ཡོན་ཏན་དང་སྨྱུག་མིང་ལ་དབལ་བཙན་སྨྱུག་ཟེར། སྤྱི་ལོ་༡༩༩༩ལོར་ཟླ་༡༡པའི་ཚེས་༡ཉིན་སྐྱེས་ཤིང་། དྲིན་ཆེན་ཕ་མ་གཉིས་ཀྱི་བཀའ་དྲིན་འོག་ནས་སློབ་གྲྭ་ཆུང་འབྲིང་རིམ་བཞིན་འགྲིམས་ཏེ། ད་སྐབས་ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་ཀྱིན་ཡོད།  


"ལས"ངན་པའི་ང་ཚོ།

                    

                         དབལ་བཙན་སྨྱུག (ཡུལ་ཤུལ་རྫོང)


       སློབ་གསོའི་དམིགས་ཡུལ་ཡ་བྲལ་དུ་གྱུར་ཞིང་། ལང་ཚོའི་གསོན་ཤུགས་སྐོམ་ཧྲལ་དུ་གྱུར་པའི་ཁོར་ཡུག་འདི་ནས། ལོ་གྲངས་གང་མང་རྒྱབ་ཏུ་གཡུགས།  ནམ་ཟླ་གང་མང་རུམ་དུ་བཅུག སྟོང་འདོད་ཆེན་པོའི་རྨི་ལམ་རྨིས་ཏེ། སློབ་གྲྭ་ཞེས་པའི་ལུས་སེམས་ཀྱི་འཐབ་ར་དེ་ནས། རྒྱུགས་སྐར་གྱི་ཆེད་དུ། གོ་གནས་ཀྱི་ཆེད་དུ་རང་ཉིད་ངོ་མ་དེ་ཚོང་རྫས་སུ་བསྒྱུར་དུས། དོན་ངོ་མར། འུ་ཚོས་རིག་གཞུང་གི་ལྡེ་མིག་རྙེད་ཡོད་དམ། རང་ནུས་ཀྱི་གཤོག་རྩལ་བྱང་ཡོད་དམ།  མི་རིགས་ཀྱི་ཤི་གསོན་ཤེས་ཡོད་དམ། 


         གསར་གཏོད་ཀྱི་སྙིང་སྟོབས། མཛེས་རྟོག་གི་སྤྱན་མིག ལང་ཚོ་ཡི་གསོན་ཤུགས། མདུན་སྐྱོད་ཀྱི་སྤོབས་པ་སོགས་རྩ་བ་ནས་མེད་པར་གཏོང་བའི "སློབ་གསོ་བ" དང "རིག་གནས་པ" དག་ལ་འུ་ཅག་གི་ཁོར་ཡུག་འདི་ནས་འདི་འདྲའི་དགའ་བསུ་ཞིག་ཐོབ་བཞིན་པ་ཅི་ཞིག་གི་མཚོན་རྟགས་ཡིན་ནམ། དུས་དེང་སྐབས། བྱིས་པ་དག་སློབ་གྲྭར་སྐྱེལ་བ་ནི་གཡང་གཟར་གྱི་རྫ་རི་ལས་སྐྱུར་བ་དང་གཉིས་སུ་མེད་ལ། ན་ཆུང་བྱིས་པ་ཚོའི་ཆེས་དག་གཙང་གི་རྣམ་དཔྱོད་དུ་གཡོ་འཁྱོག་གི་བསམ་བློ་འཇོག་མགོ་ཚུགས་དུས། མི་རིགས་ཤིག་གི་སྲོག་གི་རྩ་བ། དབུགས་ཀྱི་འབྱིན་རྔུབ། ལུས་ཀྱི་རྣམ་ཤེས་བོར་མགོ་ཚུགས་པ་མ་རེད་དམ།


         "ལས" ངན་པའི་ང་ཚོས་ད་དུང་ཅི་ཞིག་ལ་འགྲམ་ཆུ་ཤོར་བཞིན་ཡོད། མཐོ་སློབ་འབྲིང་སློབ་ཀྱི་སློབ་མ་ཚོས་རང་གི་ཕ་སྐད་ཀྱི་ ལམ་ནས་མིང་འབྲི་མི་ཤེས་ལ། རང་གི་ཕ་སྐད་ཀྱང་དག་མ་ཞིག་བཤད་མི་ཤེས་པའི་ས་མཚམས་འདི་ནས་ང་ཚོས་སུ་ཞིག་ལ་ལེ་བདའ་བྱེད། ང་ཚོས་སུ་ཞིག་ལ་རེ་བ་བཅོལ། རང་སྐྱོབས་ཀྱང་མི་ཐུབ་པའི་མི་ཞིག་གིས་འགྲོ་བ་དང་སེམས་ཅན་ཇི་ལྟར་གླེང་། རང་ལམ་ཡང་ཆོད་ཐབས་དཀའ་བའི་མི་ཞིག་གིས་འགྲོ་དྲུག་གི་སྡུག་བསྔལ་ཇི་ལྟར་སེལ། ས་ཁུག་དང་ལུང་ཁུག་རེ་ནས་རང་མགོ་ཡང་ཐོན་དཀའ་བའི་མི་ཞིག་གིས་འཛམ་གླིང་གི་ཆབ་སྲིད་ཇི་ལྟར་གླེང་། མི་རིགས་ཀྱི་མ་འོངས་ཇི་ལྟར་སྨྲ།


        ང་ཚོས་སྔ་མོ་ཞིག་ནས་ཕུགས་བསམ་དང་མ་འོངས་ཟེར་བཞིན་ས་མཐའ་དང་གཞན་ཡུལ་དུ་ལྡོམ་ཡང་། ཕྱིར་ཕ་ཡུལ་དུ་ཁ་ཕྱོགས་དུས་ང་ཚོས་ཅི་ཞིག་ཁྱེར་ནས་ཡོང་ཡོད། གད་སྙིགས་ཀྱི་བསམ་བློ། འབག་ལྷད་ཀྱི་རིག་གནས། ཐ་ཤལ་གྱི་སྤྱོད་ལམ། བག་འཁུམ་གྱི་བློ་སྒོ  འདི་དག་ནི་ང་ཚོས་ཕྱིར་ཕ་ཡུལ་དུ་ཁྱེར་ཡོང་བའི་ལེགས་སྐྱེས་མ་ཡིན་ནམ། ད་དུང་དེ་ལས་ཀྱང་འུ་ཅག་གི་རང་གཤིས།  འུ་ཅག་གི་འདུ་ཤེས་རྩ་བ་ནས་བོར་ཏེ། དབང་བསྒྱུར་པའི་ལག་ཆ་ལ་བརྫུས་ཤིང་། ཕྱིར་ཉམ་ཐག་གི་ནང་མིའི་སྟེང་དུ་རྫིག་ཉམས་སྟོན་དུས། མི་རིགས་འདིའི་རེ་བ་རྫོགས་སོང་བ་མ་ཡིན་ནམ།


སྨྱུག་བཙན། 


  སྙུག་མྱིང་ལ་སྨྱུག་བཙན་དང་དངོས་མྱིང་ཨ་སྒྲུང་ཟེར། 2001ལོར་ནང་ཆེན་ལྕི་ཆུ་སྔོན་མོའི་འདབས་རོལ་དུ་ངུ་ངག་ཐོག་མར་སྦྱར་ཏེ། 2007ལོར་སློབ་གྲྭ་འདོན་པའི་སྐལ་བ་ལྡན་ཞིང་། སྔ་རྗེས་སུ《 ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།》དང《 གངས་རྒྱན་ན་ཆུང་ཚགས་པར།》《གཞིས་རྩེའི་ཚགས་པར》སོགས་ཀྱི་སྟེང་དུ་རྩོམ་ཁ་ཤས་སྤེལ་མྱོང་ལ། དམའ་འབྲིང་མཐར་ཕྱིན་ཁར《ལང་ཚོའི་སྨྱུ་གུ》ཞེས་པའི་དཔེ་དེབ་ཆུང་ཆུང་ཞིག་ཀྱང་པར་སྐྲུན་བྱེད་མྱོང་ཡོད།

ཨ་མ། མཐར་ཐུག་གི་གནས་མལ།

                                  

                            སྨྱུག་བཙན། (ནང་ཆེན)


    

   དུས་ཚོད་ཀྱི་ཆུ་མོའི་བཞུར་རྒྱུན་འོག་ནས།  ཤ་པགས་འཇམ་མཉེན་དཀར་ལ་དམར་བའི་གདོང་ལ་བཙའ་ཆགས་ཏེ་གཉེར་མ་ཕབ་རུང་། ངེད་ཅག་དང་བྲལ་མ་མྱོང་བའི་ལྷ་མོ་ཞིག


     ང་ནི་ཁྱེད་ལ་ལས་དབང་གིས་བགོ་སྐལ་ཐོབ་པའི་པྲ་ཆལ་གྱི་བུ་ཕྲུག་ཐབས་སྡུག་དེ་ཡིན། ཁྱེད་ནི་བདག་ལ་སྔོན་བསགས་ཀྱི་བསོད་ནམས་ལས་གནང་བའི་རླབས་ཆེན་གྱི་མ་མ་དེ་ཡིན། ཁྱེད་ཀྱིས་ལེ་བདའ་དང་འཁང་ར་ཏིལ་འབྲུ་ཙམ་ཡང་མེད་པར་ང་དང་ང་ལྟ་བུའི་བགོ་སྐལ་འདི་དག་ལག་ཆགས་སུ་བཅུག་ཡོད་ལ། དེ་དག་གི་ཆེད་དུ་ཁྱེད་ཀྱི་དཔྲལ་བ་རུ་ལོ་ཟླའི་ཙག་རླུང་གི་རི་མོ་བྲིས་ཤིང་། འཚོ་བའི་དགོས་ཆེད་ཀྱིས་གས་པའི་ལག་ཟུང་ལ་ངལ་བའི་རྩུབ་ཧྲལ་ཕབ་ཡོད།


    ཨ་མ་ནི་ནམ་མཁའི་དབྱིངས་ནས་འཕྲོས་པའི་དྲོད་འཇམ་གྱི་འོད་ཐིགས་ཤིག་ཡིན་ལ། རང་དབང་གི་ཁྲོད་དུ་བསྐྲུན་པའི་བདེ་སྐྱིད་ཀྱི་གནས་མལ་ཞིག་ཡིན། གནས་མལ་འདིའི་སྔུན་ནས་ཁྱོད་ཀྱིས་སུ་ཞིག་ལའང་བཅོས་མའི་འཛུམ་དཀར་གདོང་དུ་གོན་ཏེ།སོ་དཀར་དཀར་ཕྱི་རུ་འབུད་ལ་ཁད་བྱེད་མི་དགོས་ཤིང་། མགོ་སྒུར་སྒུར་བྱས་ཏེ་ངོ་ཚ་ཉོ་མི་དགོས། གང་ཞིག་བསྒྲུབ་ནོར་དང་ཅི་ཞིག་བཤད་ནོར་ཡོང་བ་ལ་ཡིད་འཇོག་བྱེད་མི་དགོས་པར། གང་འདོད་འདོད་དང་ཅི་ཡིན་ཡིན་ཚང་མ་གནས་མལ་འདིའི་པང་ཁུག་ཏུ་སྔས་ཏེ་སོས་དལ་བག་ཕེབས་ཀྱིས་བཤད་ཆོག  


 

  ད་དུང་སྐབས་ལན་རེར་ཁྱོད་ཀྱིས་པང་ཁུག་འདི་ནས་ནང་སེམས་སུ་སྦས་པའི་བྱིས་བློ་དེ་དག་ཕྱིར་སློག་སྟེ་རང་ཚུགས་ངོ་མ་དེ་སྟོན་པ་འཛེམ་དོགས་ཀྱང་བྱ་མི་དགོས། གནས་མལ་འདི་རུ་སླེབས་རྗེས་ཁྱོད་ཀྱིས་བདེ་སྐྱིད་ཟེར་བའི་ཐ་སྙད་དེའི་འགྲེལ་བཤད་ངོ་མ་དེ་མཐོང་ཐུབ་ལ། དལ་ལྷོད་ཞེས་པའི་འོ་ཇ་མངར་མོ་ཞིག་ལའང་ཉམས་སུ་རོལ་ཆོག


  ཡུལ་ནས་ཆས་ཐེངས་རེར། ཁྱེད་ཀྱིས་ཞེ་སྨྲེང་བའི་སྐད་ཆ་གང་མང་ཞིག་ཡང་དུ་བསྐྱར་དུ་བཟློས་ཏེ་ངེད་ཅག་ལ་སྐུར་ཞིང་། ཁྱེད་ཀྱིས་དྲེག་པས་སྦགས་པའི་སྒོར་ཁུག་དེ་ཚུར་བླངས་ཏེ་རང་ཉིད་ཀྱིས་སེར་སྣ་བྱས་ནས་བསགས་པའི་སྒོར་མོ་ཕྲན་བུ་རེའང་ངེད་ཅག་ལ་བློས་བཏང་སྟེ། ལམ་བར་ནས་རྒྱགས་དྲོ་ཉོ་བྱེད་དང་ཟ་མ་ཟ་སྤྱད་གྱིས་ཟེར་ནས་རྒྱས་སྤྲོས་ཀྱིས་ལག་ཏུ་འཇོག་ཡོང་གིན་འདུག ངེད་ཅག་ཚོ་རླངས་འཁོར་དུ་འཛུལ་རྗེས་ཁྱེད་ཀྱིས་སྨོན་ལམ་སྣུམ་པོ་ཞིག་བརྒྱག་གིན་ཞིམ་མངར་གྱི་ཤུག་དྲི་ཐུལ་བའི་བདུག་པ་ཞིག་བདུགས་ཏེ་རླངས་འཁོར་ལ་གཡས་སྐོར་ཞིག་རྒྱག་པ་ནི་ཐེངས་གཅིག་གིས་ག་ལ་ཚད།


   ཡུལ་དང་གྱེས་པ་ནས་བཟུང་། ཁྱེད་ཀྱིས་སེམས་ཁྲལ་ལྷག་མ་ཞིག་རུམ་སྟེ་ངེད་ཅག་གི་ཆེས་རྒྱུན་ལྡན་གྱི་འཚོ་བ་དེ་དག་ཐུགས་ཁུར་བྱ་བཞིན་ཡོད། ཁྱེད་ཀྱིས་རང་ཉིད་ཀྱི་ཁ་པར་སྤྱོད་མི་ཤེས་ནའང་གཞན་དང་བརྒྱུད་དེ་ངེད་ཅག་གི་འཚོ་བ་རུ་འཛུལ་བ་ནི་གོམ་གཤིས་ཤིག་གམ་རྒྱུན་ལྡན་ཞིག་ཏུ་ཆགས་ཡོད། ངེད་ཅག་ལ་ནམ་ནམ་ཞར་ཞར་ལ་ཁྱིམ་ལས་ལས་ཞོར་དུ། ལྕི་བ་བླུགས་ཞོར་དུ་བར་བསམ་སྒྲོལ་གསུམ་གྱིས་སྨོན་ལམ་རྒྱག་གིན་ཡོད་པའང་རྩིས་ཀྱིས་མི་ལང་།


     ཡུལ་ལ་སླེབས་དུས། སྒོ་ཁ་ནས་འཛུལ་མ་ཐག ཁྱོད་ཀྱིས་ངོ་གདོང་ལ་ཞིབ་ཏུ་ལྟས་ཏེ་ཤ་ཞན་ཡོད་མེད་ལ་སེམས་ཁུར་བྱེད་མཁན་ནི་ཨ་མ་ཡིན་ལ། གསོལ་ཇ་ཚ་མོ་ཕོར་བ་གང་གིས་བསུ་མ་བྱེད་མཁན་ཡང་ཨ་མ་ཡིན། ལྕགས་ཐབ་ཀྱི་ཉེ་ས་ཞིག་ཏུ་རྐུབ་སྟེགས་བཞག་སྟེ“འཁྱག་ཨེ་སོང་། འདི་རུ་སྡོད་དང”ཟེར་མཁན་ཡང་ཨ་མ་ལས་གཞན་སུ། 



    ཁྱེད་ཀྱིས་མཐར་གཏུགས་དུས་རང་ཉིད་ཀྱིས་ལོ་ཟླའི་གདུག་རྩུབ་ཀྱིས་ཙག་རླུང་དང་ཁ་ཆར་ལ་འགྲོགས་ཏེ་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་གཉོར་སྐྱོང་བྱས་པའི་བགོ་སྐལ་འདི་དག་ལ་རྔུལ་ཆུ་འདྲེས་མའི་བརྫངས་པ་རེ་སྟེར་བཞིན་སྐྱེལ་མ་བྱེད་དགོས་རུང་། འགྱོད་གཏམ་དང་འཁང་ར་ཅི་ཡང་བརྗོད་མ་མྱོང་། ད་དུང་ཕྱིར་ཡུལ་དུ་ལོག་ཐེངས་རེར་འཛུམ་མདངས་ལྷག་མ་ཞིག་མངོན་བཞིན་ངེད་ཅག་ལ་བསུ་མ་བྱེད་ཡོང་གིན་འདུག

       

     ཨ་མ་ནི་འཇིག་རྟེན་གྱི་ཁང་བཟང་གི་གནས་མལ་དེ་མིན་རུང་། ཆེས་ལྷིང་འཇགས་དང་ཞི་འཇམ་གྱིས་ཁེངས་ཤིང་གཉིས་སུ་མེད་པའི་གནས་མལ་དེ་ཡིན། གནས་མལ་འདི་རུ་ཁྱོད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཕྱིར་དྲན་བསྙལ་ཡོད་ཅིང་། འབྱུང་འགྱུར་གོམ་ཕྱོགས་ཀྱི་འཆར་གཞི་རུམ་ཡོད།


    དེ་བས། ཁྱོད་ཀྱིས་དཀའ་སྡུག་དང་འཁྱགས་ལྟོགས་ཀྱི་སྐབས་སུ་མ་གཏོགས་ཡིད་ལ་འཆར་མ་མྱོང་བའི་ལྷ་མོ་འདི།  ཀུན་ལ་ཡོད་རུང་ཁྱོད་ལས་མེད་པའི་གནས་མལ་འདི་ཁྱོད་དང་ཡུན་ནས་མི་བྲལ་བའི་སྨོན་འདུན་ཞུ།

སྨྱུག་ཞེན།


  ངག་དབང་ཀུན་དགའ་འམ་སྨྱུག་ཞེན།  སྤྱི་ལོ༢༠༠༢ནང་ཆེན་ལྕི་ཆུ་སྔོན་མོའི་འགྲམ་རྒྱུད།  རྒྱ་རོང་ཁུག་པ་བཅོ་བརྒྱད་ཀྱི་འདབས་རོལ་དུ་སྐྱེས་ཤིང་། ༢༠༠༧ སློབ་གྲྭ་ལ་འགྲོ་བའི་གོམ་པ་དང་པོ་སྤོས་པ་ཡིན། དེ་ནས་《སློབ་གྲྭའི་ཞོགས་གླུ་ཚགས་པར》་དང་།《 ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།》《 གངས་རྒྱན་ན་ཆུང་ཚགས་པར།》《གཞིས་རྩེ་ཚགས་པར》་སོགས་ཀྱི་སྟེང་དུ་རྩོམ་རེ་གཉིས་སྤེལ་མྱོང་ཡོད།

ངའི་བརྩེ་དུང་གི་གཏམ་རྒྱུད་ཐོག་མ།


སྨྱུག་ཞེན། (ནང་ཆེན)



      བརྩེ་དུང་ཟེར་བའི་ཐ་སྙད་དེའི་པང་ཁུག་ན་གསལ་ལ་མི་གསལ་བའི་འུ་གཉིས་ཀྱི་གཏམ་རྒྱུད་འདུས་ཤིང་། ལས་དབང་ཟེར་བའི་གཟུགས་མེད་ཀྱི་རྣམ་ཤེས་ཀློང་ན་སྐྱ་ཐིང་ཐིང་གི་ངེད་གཉིས་ཀྱི་ལོ་རྒྱུས་འཛུལ་ཡོད།

      

     ངས་ཁྱོད་ངོ་ཤེས་ནས་ཟླ་གཉིས་ཙམ་ལས་མ་འགོར་ཡང་། ངས་ཁྱོད་ལ་བཅངས་བའི་བརྩེ་བ་ནི་ཚེ་གཅིག་གི་འགྲོ་རོགས་ལས་ཀྱང་འགོངས་པ་འདྲ། སྔ་དྲོ་དང་ཕྱི་དྲོ། ཉིན་མོ་དང་མཚན་མོ། ཕྱི་ཚུལ་དང་ནང་ཚུལ། ཡོད་ཚད་ཀྱི་ཡོད་ཚད་ཁྱོད་ཀྱི་དོན་དུ་རྒྱུ་ཞིང་ཁྱོད་ཀྱི་དོན་དུ་ཉུལ། ཡིན་ཡང་། བརྩེ་དུང་ཟེར་བ་ནི་སྤྱིར་ནས་ཀྱང་དྲང་བདེན་དང་འདྲ་མཉམ་མིན་པའི་ལམ་ཕྱོགས་གཅིག་ཡིན་པས། ངས་བསྒྲུབས་པ་དང་བསམ་པ་ཐམས་ཅད་དོན་སྙིང་མེད་པའི་འཁྱམས་པོའི་འཆལ་གཏམ་ལྟར་གོ་མེད་ཚོར་མེད་ཀྱི་གནས་མལ་དབྱུགས་སོང་། འོན་ཀྱང་། ང་ནི་ཨུ་ཚུགས་ལ་དགའ་དྲག་པས་ད་དུང་ཡང་གཅེས་གཅེས་དུང་དུང་གི་ཚུལ་དུ་དྲ་ལམ་དང་འཕྲིན་ལམ་བརྒྱུད་དེ་སྐད་ཆ་དང་འཕྲིན་ཡིག་མང་པོ་སྐུར་གྱིན་ཡོད། ཡིན་ཡང་། ཁྱོད་ཀྱིས་སྔར་བཞིན་ཐེ་ཚོམ་དང་བསམ་གཞིག་ཅི་ཡང་མེད་པར་ཧུ་ཧུ“呵呵”ཞེས་པའི་སྣང་མེད་ཀྱི་ཐ་སྙད་སྐམ་པོ་དེས་ང་རང་ཁུ་སིམ་དུ་གཏོང་ཡོང་།

       

   ངས་ཐེངས་བཞི་ཙམ་ལ་ཁྱོད་དང་གོ་གསེད(表白)བྱས་པ་ཡིན།  ཐེངས་རེའི་གོ་གསེད་བྱ་བའི་སྔོན་དུ་ཅི་ཞིག་བཤད་དགོས་པ་དང་ཇི་ལྟར་བཤད་དགོས་པ་སོགས་ཀྱི་ཐད་ལ་གསལ་ཆ་དག་མོའི་སྟ་གོན་གྱི་རི་མོ་བཀོད་རུང་། འོན་ཏང་། དངོས་ཀྱི་གོ་གསེད་བྱེད་པའི་གོ་རིམ་ཁྲོད་ནས་ཡོད་ཚད་བརྗེད་ངས་རྐུན་པོས་བརྐུས་ཏེ་ཅི་ཡང་མི་སྣང་བར་གྱུར་སོང་། སྙིང་གི་ཟབ་ས་ན་འཚོ་བའི་པད་བཟང་། ངས་འདི་ལྟར་བསྐྱར་བཟློས་ཀྱིས་གོ་གསེད་བྱེད་དུས་ཁྱོད་སུན་གྱིན་ཡོད་པ་ཤེས་ཏེ། ང་ཁྱོད་ལ་དགའ་བ་ནི་རྒྱུན་ལྡན་མིན་པས་འདི་ལྟར་རང་དབང་མེད་པར་བཤད་དགོས་བྱུང་། "འཚོ་བ་ཟེར་བ་འདི་རང་བཞིན་གྱིས་ངོ་བོ་བོར་བའི་སྟོང་ཁམས་ཀྱི་འཇིག་རྟེན་ཞིག་གོ"ཟེར་བ་བདེན་ལ། སྤྱིར་ཡིན་ན་ངས་ཁྱོད་ལ་བཅངས་པའི་བརྩེ་བ་དང་ང་ཁྱོད་ལ་དགའ་བའི་ཚོར་བ་དེ་ལ་བརྩི་འཇོག་བྱས་ན་ལེགས་མོད། འོན་ཀྱང་། ཁྱོད་ཀྱིས་དེ་དག་ཡོད་ཚད་འགན་བབས་ཤིག་ལྟར་མཐོང་ནས་སེམས་འགུལ་དང་ཚོར་བ་ཅི་ཡང་མེད།

       

   ད་ངས་རྟོགས་སོང་། ང་ཁྱོད་ལ་དགའ་བ་དེ་ང་ལན་ཡོད་པ་ངས་རྟོགས་སོང་།ད་ངས་རྟོགས་སོང་། ལས་དབང་དང་བརྩེ་དུང་ཟེར་བའི་ཐ་སྙད་དེའི་དོན་རྟོགས་སོང་། ད་ངས་རྟོགས་སོང་། ཨུ་ཚུགས་ཀྱི་བརྩེ་དུང་ལ་སྙིང་བོ་མེད་པ་ངས་རྟོགས་སོང་།ངས་རྟོགས་སོང་། དྲན་དྲན་གདུང་གདུང་གིས་ཐ་མར་འུ་གཉིས་ཁ་ཁར་བྲལ་དགོས་པ་ངས་རྟོགས་སོང་། ངས་རྟོགས་སོང་། ཡོད་ཚད་ཀྱི་ཡོད་ཚད་རྫུན་གྱིས་གྲུབ་ཡོད་པ་ངས་རྟོགས་སོང་། རྟོགས་སོང་། ད་ངས་རྟོགས་སོང་ངོ་།།

ཀརྨ་བསྟན་འཛིན། 


  ངའི་མྱིང་ལ་ཀརྨ་བསྟན་འཛིན་ཟེར། ཕ་ཡུལ་ནང་ཆེན་ཟུར་མང་ནས་ཡིན། ད་ལྟ་མཚོ་སྔོན་ཉེན་རྟོག་སློབ་གླིང་དུ་ཁྲིམས་ལུགས་ལ་ཆེད་སྦྱོང་བྱ་བཞིན་མཆིས།

སྐད་ཡིག་དང་དེའི་ཉེ་འཁོར།


                    དུངས་བའི་མིག་གིས་བོད་ཀྱི་སྐད་ཡིག་ལ་བལྟས་པ།


                   ཀརྨ་བསྟན་འཛིན། (ནང་ཆེན)


     མིའི་རིགས་ཀྱི་ལོ་རྒྱུས་བྱུང་བ་དང་འཕེལ་རྒྱས་སུ་སོང་ནས་རིམ་བཞིན་ཉམས་རྒུད་དུ་འགྲོ་བའི་རྒྱུད་རིམ་ནི་སྐད་ཡིག་གི་བྱུང་བ་དང་འཕེལ་རྒྱས་ཉམས་རྒུད་སོགས་འགྱུར་ལྡོག་འགྲོ་བའི་མགོ་ཚུགས་པ་འདྲ།

      སྐད་ནི་ཐོག་མར་མི་རིགས་དེའི་ས་ཕྱོགས་སོ་སོ་ནས་འཚོ་གནས་གསར་སྐྲུན་དང་ཁྱིམ་གཞིས་གསར་འཛུགས།  ཞིང་ལས་ཚོང་ཁེ་སོགས་དངོས་ཐོག་ཀྱི་འཚོ་བའི་རྒྱུད་རིམ་ཁྲོད་ནས་རྡུལ་ཕྲན་གྱིས་རི་རབ་གྲུབ་པ་ལྟ་བུར་རིམ་བཞིན་འཕེལ་རྒྱས་སུ་སོང་ནས་ཕུན་སུམ་ཇེ་ཚོགས་སུ་བསྒྱུར་བའི་གོ་རིམ་ཞིག་དང་།  ཡི་གེ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཞེས་པ་ལྟར།  ས་གནས་དེའི་སྐད་ཀྱི་ཐོག་ལ་རིམ་བཞིན་མཁས་པ་དང་ཤེས་ལྡན་མི་སྣས་གསར་གཏོད་ལེགས་བཅོས་སོགས་འཐུས་སྒོ་ཇེ་ཚང་དུ་གཏོང་སྟེ་སྐད་ཀྱི་གདངས་དང་གཟུགས་སུ་འབྲི་ཆོག་པ་ཞིག་ལ་ཟེར། དེ་ནས་བོད་མི་རིགས་ཀྱི་སྐད་ཡིག་ཡང་དེ་ལས་མ་འདས་པར་ཐོག་མར་སྐད་བྱུང་བ་དང་དེ་ནས་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་བཞིན་སློབ་དཔོན་ཐོན་མི་སམ་བྷོ་ཊས་ཁོར་ཡུག་གི་ཚ་གྲང་དང་ལམ་གྱི་དཀའ་ངལ།འཚོ་བའི་ཆ་རྐྱེན་སོགས་གང་ལ་ཡང་མ་འཛེམས་པར་རྒྱ་གར་གྱི་ཡི་གེ་ལྔ་བཅུ་ཐམ་པ་དེ་དབྱངས་གསལ་སོ་བཞི་རུ་འདུས་པའི་བོད་ཀྱི་ཡི་གེ་འདི་ཉིད་གཏན་ལ་ཕབ་ནས་དུས་རབས་ཀྱི་སྐྱོད་མཚམས་ཁྲོད་ནས་རིམ་གྱིས་ཁྱབ་རྒྱ་ཇེ་ཆེ་རུ་སོང་ནས་ཞིང་འབྲོག་གཉིས་དང་དཔོན་འཁོར་ཡོངས་ཀྱི་བར་ནས་ཁྱད་མེད་དུ་སྤྱོད་པའི་མགོ་ཚུགས་པ་དེས་བོད་པ་ཟེར་བ་དེ་སྐད་ཡིག་ཟུང་དུ་འབྲེལ་བའི་དོན་དམ་པའི་མི་རིགས་ཤིག་ཏུ་གྱུར་འགོ་ཚུགས་པ་རེད།ལོ་རྒྱུས་ཀྱི་རྒྱུད་རིམ་ཆུ་མོ་བཞིན་ཀྱག་ཀྱོག་དང་བཅས་ཏེ་བཞུར་བ་བཞིན།བོད་ཀྱི་སྐད་ཡིག་ལ་ཡང་ཉམས་རྒུད་དང་གཏོར་སྐྱོན་མི་ཉུང་བ་བྱུང་ཡོད་པ་རེད། རྒྱལ་རབས་ཞེ་གཉིས་པའི་དུས་སུ་བོད་སིལ་བུ་འཐོར་ཏེ་དཔེ་མཚོན་དུ་གྱུར་པའི་ཐོན་མིས་མཛད་པའི་བསྟན་བཅོས་བརྒྱད་ཡོད་པ་ནས་སུམ་རྟགས་ལས་གཞན་པ་རྣམས་བོར་བརླག་ཐེབས་སོང་ཟེར་བ་ལྟ་བུ་དང་དགོན་སྡེ་དང་ལྷ་ཁང་ལ་གཏོར་སྐྱོན་དང་ཉམས་རྒུད་བྱུང་བ་ནི་བོད་མི་རིགས་ཀྱི་སྐད་ཡིག་ལ་གཏོར་སྐྱོན་དང་ཉམས་རྒུད་བྱུང་ཡོད་པ་སྨོན་མེད་རེད།  ཅིའི་ཕྱིར་ཞེ་ན།  སྐབས་དེ་དུས་བོད་ཀྱི་སྐད་ཡིག་ནི་དགོན་སྡེ་ཁྲོད་དུ་དར་ཁྱབ་ཆེ་ཞིང་སྲོག་རྩ་ལྟ་བུ་དེ་དགོན་སྡེའི་ཁྲོད་ནས་བཟུང་ཡོད་པས་ན།  དགོན་སྡེ་ལ་ཉམས་རྒུད་བྱུང་བར་བརྟེན་སྐད་ཡིག་ལ་དངོས་ཤུགས་རྒྱུད་གསུམ་གང་རུང་ནས་ཆགས་འཇིགས་བྱུང་གི་ཡོད་པ་རེད།   དེའི་རྗེས་རིག་གསར་གྱི་ལས་འགུལ་དེ་བོད་ཡུལ་ཐ་གྲུ་ཀུན་ཏུ་མེ་འབར་བ་ལྟར་ཁྱབ་པ་དེས་བོད་ཀྱི་སྐད་ཡིག་ལ་ཡང་ཐད་ཀར་གྱི་གནོད་ཤུགས་ཐེབས་ཡོད་མེད་ཚང་མས་ཤེས་གསལ་ལྟར་རེད།   དེ་དང་འདྲ་བར་དེང་གི་དུས་སུ་ལས་ཁུངས་ཁག་དང་སློབ་གྲྭའི་བསླབ་ཚན་ཁག་ལ་མི་རིགས་དེའི་སྐད་ཡིག་གི་སྤྱོད་སྒོ་ཆུང་བ་དེ་དག་ནི་ཕྱིའི་དབང་སྒྱུར་དང་བཙན་འཛུལ་གྱི་གོ་རིམ་ཞིག་ལས་མ་འདས།  

      དེ་ཚོ་ལས་ཀྱང་ཚབས་ཆེ་བའི་སྐད་ཡིག་གི་ཉམས་རྒུད་གཅིག་ནི་མི་རིགས་རང་ཉིད་ཀྱི་མི་དམངས་ཀྱིས་སྐད་ཡིག་དེ་ཉིད་ལ་བརྩི་ཐང་དང་རིན་ཐང་ཆུང་བ་དང་དེ་ལས་བརྒལ་ཏེ་དེ་ཉིད་ལ་ཐན་དུ་ལྟ་བའི་རྣམ་པ་ཞིག་ཤུགས་ཆུང་ཆུང་ནས་ཆེ་རུ་འགྱུར་གིན་ཡོད་པའི་གོ་རིམ་དེ་ནི་སུས་ཀྱང་བཅོས་ཐབས་བྲལ་བའི་ནད་གཞི་ཚབས་ཆེན་ཞིག་དང་ཅིའི་ཕྱིར་མི་འདྲ་སྟེ་མི་རིགས་རང་ཉིད་ཀྱིས་རང་གིས་སྐད་ཡིག་དོར་བ་ན་གཞན་པ་སུ་ཞིག་ཀྱང་ཚབ་ཏུ་མི་ཡོང་ཞིང་དེ་ཙམ་མིན་པར་འགའ་ཞིག་གིས་ཀྱང་དེའི་དུས་དེར་སྒུག་ཡོད་ན་ཟེར་མི་ཤེས། 


༼སློབ་གྲྭའི་བོད་སྐད་ཡིག་གི་གནས་སྟངས་ལ་བལྟས་པ།༽

ཕ་ཡུལ་ན་ཤི་མ་གསོན་གྱི་སྐད་ཡིག་གཅིག་ཡོད།  ཕ་ཡུལ་ན་ར་མ་ལུག་གི་བཤད་སྲོལ་གཅིག་ཡོད།  ཕ་ཡུལ་ན་སྐད་ཡིག་ཉམས་པའི་སྔ་ལྟས་གཅིག་ཡོད།  ཕ་ཡུལ་ན........

    ཡུལ་ཤུལ་ས་ཁུལ་ནི་བོད་མདོ་དབུས་ཁམས་གསུམ་གྱི་ནང་ཚུད་མདོ་སྟོད་མིའི་ཆོལ་ཁའི་ཁམས་གྱི་མདོ་ཆེན་གསུམ་གྱི་ཡ་གྱལ་དེ་ཡིན།  རྒྱུས་མེད་ཀྱི་མི་གཅིག་གིས་མིང་དེར་བལྟས་ན་བོད་མིའི་འདུ་སྡོད་བྱེད་སའི་ས་གནས་ཞིག་དང་བོད་སྐད་བཀོལ་སྤྱོད་བྱེད་པའི་མི་དམངས་དག་འཚོ་བ་རོལ་ཡོད་པར་ཚོད་དཔག་བྱེད་སྲིད།  དེ་ཡང་ཅི་ཕྱིར་མིན་ཏེ་མིང་དེ་ཧ་ཅང་སྙན་དྲག་པས་སོ།།  དེ་དང་འདྲ་བར་གྲོང་ཁྱེར་ནང་གི་སློབ་གྲྭ་སོ་སོའི་སྒོ་ཁར་སོང་ན་"ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་གྲྭ་དང་སློབ་འབྲིང"་ལ་སོགས་པའི་མིང་སྙན་ཞིང་ཡིད་དུ་འོང་བ་མང་པོ་བྲིས་པ་དག་ལ་བལྟས་ན་སློབ་གླིང་འདི་ནས་བོད་མི་རིགས་ཀྱི་མ་འོངས་པའི་བདག་པོ་དང་རིགས་གནས་ཀྱི་རྒྱུན་སྐྱོང་མཁན་སྐོར་ཞིག་སྐྱེད་བསྲིང་བྱེད་གི་ཡོད་པ་ཡང་ཚོད་དཔག་བྱེད་སྲིད། འོན་ཀྱང་ཁྱོད་ཉིད་ཉིན་གཅིག་ལ་སློབ་གྲྭའི་ཕྱི་ནང་བར་ནས་ལྷོད་ལྷོད་པོར་སོང་དང་ཁོ་ཚོ་ཕན་ཚུན་སྐད་ཆའི་ཁྲོད་ནས་གཞན་སྐད་དང་མ་སྦྲགས་པའི་སྐད་ཆ་ག་ཚོད་ཤོད་ཀྱིན་འདུག   ཡང་དེ་དང་འདྲ་བའི་བོད་སྐད་མ་བསྲེས་བའི་གཞན་སྐད་དག་དག་གི་ལམ་ནས་སྐད་ཆ་མགོ་རྔ་ཚང་བ་ཅི་ཙམ་ཤོད་ཐུབ་པ་སོགས་ཞིབ་ཏུ་ལྟོས་དང་ད་གཟོད་ཁྱོད་ཀྱིས་ཕལ་ཆེར་གྱི་གནས་སྟངས་ཤིག་ཤེས་སྲིད།   མ་ཚད་ནམ་རྒྱུན་གྱི་སློབ་སྦྱོང་གི་འཚོ་བའི་ཁྲོད་ནས་སྣ་ཁ་མི་གཅིག་པའི་བྱ་འགུལ་མང་ཙམ་སྤེལ་གྱིན་ཡོད་ན་ཡང་།  བྱ་འགུལ་གྱི་ཁ་བྱང་སྐད་གཉིས་ལམ་ནས་གོང་དུ་བཤམས་པ་ཙམ་ལས་བོད་སྐད་གཙང་མ་ཞིག་གིས་མདོ་འཛིན་བྱས་ནས་འཁྲབ་ཚན་སོགས་བོད་སྐད་ཀྱི་ལམ་ནས་མཇུག་བསྡུས་པ་ཧ་ཅང་ཉུང་ཞིང་ཕལ་ཆེར་མཐོང་མྱོང་མེད།   ང་ཚོའི་ས་གནས་ལ་རྩིས་ཚན་(理科)དང་རིག་ཚན་(文科)སོགས་བོད་སྐད་ཀྱི་ལམ་ནས་སློབ་པའི་ཆ་རྐྱེན་འཛོམས་མེད་ན་ཡང་བོད་ཡིག་སློབ་ཐུན་ལ་ཡང་དེ་ཙམ་རིན་ཐང་དབེན།   མི་ཆེན་སྐོར་ཞིག་གིས་བོད་ཀྱི་གླུ་གར་གཞས་གསུམ་ནི་བོད་མིའི་རིག་གནས་ཀྱི་ཉིང་བཅུད་ཡིན་པས་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་དེ་ཚོའི་ཐད་ལ་འབད་པ་ཆེན་པོ་བྱེད་གིན་ཡོད་པ་ལས་སྐད་ཡིག་གི་ཐོག་ཏུ་ནུས་ཤུགས་རྒྱག་གི་མེད་པ་དེ་ཁོང་རྣམ་པས་དོན་ངོ་མ་གླུ་གར་གཞས་གསུམ་དེ་བོད་མའི་རིག་གནས་ཀྱི་ཉིང་བཅུད་དུ་སྣང་གི་ཡོད་དམ། མ་ཡིན་པར་ཁོང་རྣམ་པར་དམིགས་ཕྱོགས་གཞན་ཞིག་ཡོད།  གལ་ཏེ་སློབ་གླིང་ནི་མིའི་ཐོག་མའི་འཚར་ལོངས་བྱུང་ས་དང་དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་བཟོ་སྐྲུན་པ་ཡིན་ན་དགེ་རྒན་གྱིས་སྐད་ཡིག་ལ་མཐོང་ཆེན་མ་བྱས་ན་སློབ་མས་དེ་ལ་མཐོང་ཆེན་བྱེད་སྲིད་དམ།  དེ་དང་དེ་འདྲ་བའི་སྤྱི་ཚོགས་འཚོ་བའི་ཁྲོད་ན་གནས་ཚུལ་མང་པོ་ཞིག་ཡོད་ན་ཡང་རང་ཉིད་སློབ་མ་ཞིག་གི་ངོས་ནས་ནམ་རྒྱུན་མཐོང་ཐོས་སུ་གྱུར་པའི་སློབ་གླིང་གི་སྐད་ཡིག་གི་གནས་སྟངས་དེ་རག་བསྡུས་ཞིག་ཡིག་ཐོག་ཏུ་ཕབ་པ་དེའོ།།


ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་དང་པོ།

ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་གཉིས་པ།

ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་གསུམ་པ།

文章有问题?点此查看未经处理的缓存