前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

ལོ་ཉིན་ཞང་ཡུས་སློབ་འབྲིང་གི་གཙང་གསུམ་སློབ་མའི་རྩོམ་ཡིག་ཆེད་སྒྲིག

杷青 杷青 Pagchen 2022-07-26

ལཱོ་ཉིན་ཞང་ཡུས་སློབ་འབྲིང་གི་གཙང་གསུམ་སློབ་མའི་རྩོམ་ཡིག་ཆེད་བསྒྲིགས།

 

   ལཱོ་ཉིན་ཧྲིན་ཡང་ནི་དབྱར་ལ་ཚ་བའི་མེ་སྟག་མཆེད་ཅིང་། དགུན་ལ་གྲང་ངར་གྱི་སྤུ་གྲི་འཕྱོ་བའི་རྒྱལ་ནང་གི་གྲོང་ཁྱེར་ཞིག་སྟེ།གནས་དེར་དར་ལ་བབ་པའི་ན་གཞོན་དག་གི་རྣམ་དཔྱོད་ལ་བརྩོན་འགྲུས་ཀྱི་ལྕག་གིས་བསྐུལ་སའི་ཤེས་རིག་གླིང་གི་གླིང་ག་མང་དུ་ཡོད་ཀྱང་། ཞང་ཡུས་སློབ་འབྲིང་ནི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་མངོན་པར་འཕགས་ཤིང་། དེ་ལྟ་བུའི་ཁྱད་འཕགས་ཀྱི་སློབ་གླིང་དུ། ལས་དང་རྐྱེན་གྱིས་ང་ཚོ་ཡུལ་ཤུལ་གྱི་མཐོ་འབྲིང་སློབ་མ་དང་དགེ་རྒན་མང་པོ་ཞིག་ཀ་མད་སུམ་ཅུའི་དབྱངས་རྟ་དང་ལྷན་དུ་མཇལ་ནས། ཀ་མད་སུམ་ཅུའི་དབྱངས་རྟ་དང་མཉམ་དུ་འབྱུང་འགྱུར་ལ་བརྩོན་ལེན་བྱེད་བཞིན་ཡོད།


   ཕྲན་གྱི་མིང་ལ་ངག་དབང་དགེ་ལེགས་ཟེར་ཞིང་། སློབ་སྦྱོང་གི་ཞོར་ནས་སྙན་ངག་རེ་འབྲི་བའི་སྐབས་སུ་ཁམས་རྨོངས་གྲོལ་ཞེས་པའི་པིར་མིང་བེད་སྤྱོད་བྱེད་བཞིན་ཡོད། ང་ནི་༢༠༠༠ ལོར་དགེ་རྒྱལ་རྫ་སྟོད་དུ་ནོར་འཛིན་སྒེག་མོས་གསེར་མདོག་གི་ལ་བ་མནབས་པའི་དུས་ཚིགས་སུ་ལང་ཚོའི་མྱུ་གུ་བཞད།ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་བཅུ་དགུ་པར་སློབ་སྦྱོང་བྱེད་བཞིན་ཡོད། གལ་ཏེ་ང་ནི་ནད་པ་ཞིག་ཡིན་ཚེ། སྙན་ངག་ནི་གསོ་སྨན་དེའོ། །གལ་ཏེ་སྨག་རུམ་གྱིས་སྒྲིབ་ཚེ། སྙན་ངག་ནི་འོད་ལྡན་གྱི་སྒྲོན་མེ་ཀོང་གཅིག་དེ་ཡིན། མ་ཟད་མི་ཚེ་འདིར་སྙན་ངག་ནི་རང་གི་མཛེས་པའི་རྒྱན་ཆར་འདོགས་འདོད། དཀར་འཇམ་གྱི་ཤོག་བུ་འདི་དང་འགྲོས་མགྱོགས་ཀྱི་སྨྱུ་གུ་འདི་ལ་འཛད་མཐའ་མེད་ན། ངའི་སྙན་ངག་ལ་ཡང་རྫོགས་མཐའ་མེད།

 

ཀ་བཤད་སེམས་ཀྱི་གདངས་དབྱངས།



ངག་དབང་དགེ་ལེགས། རྫ་སྟོད། 


 

ཀ་ཁ་སུམ་ཅུའི་གདངས་དབྱངས་གྱེར་པའི་རིགས་མཐུན་བློ་གསལ་གཞོན་ནུ་ཚོ།།

ཁ་ཞེ་མེད་པར་རྒན་ལ་བཀུར་ནས་རིག་པའི་གནས་ལྔ་དག་ལ་སྦྱོངས།།

ག་དུས་ཡིན་ཡང་ལེ་ལོར་མ་གཡེང་དུས་ཚོད་འཁོར་ལོས་ཁྱོད་མི་སྒུག།

ང་ཡིས་དོན་མེད་ལབ་གླེང་མ་ཡིན་མ་བཅོས་ལྷག་བསམ་མཚོན་བྱེད་ཡིན།།

 

ཅ་ལག་རྒྱན་གོས་འགྲན་སྡུར་མ་བྱེད་རང་གི་ལུས་ལ་འཚམ་པར་གྱོན།།

ཆ་ལུགས་བསྒྱུར་ནས་གཞན་རྗེས་མ་འབྲངས་མི་རིགས་ལ་རྒྱ་སེམས་ལ་ཟུང་།།

ཇ་ལྗང་ལོ་མའི་དྲི་མ་ཞིམ་ཡང་འཐུང་རྒྱུ་མང་ན་ཁྲག་ཤེད་རྒྱས།།

ཉ་རིགས་འདྲ་མིན་སྲོག་ཆགས་ཆུང་ངུའི་ཤ་ཁྲག་བོད་ཀྱིས་ཟ་སྲོལ་མེད།།

 

ཏ་ལེན་ཁུར་ནས་གཞན་ཡུལ་འགྲིམ་དོན་རང་རང་སོ་སོས་མ་བརྗེད་ཅིག།

ཐ་མག་རྐང་གཅིག་ཁ་ལ་བཞག་ནས་ཉི་མ་འགྲོ་ཐབས་མ་བྱེད་དང་།།

ད་ལྟ་བློ་རིག་རྣོ་དུས་ཡིན་པས་ཅི་ཞིག་བསླབས་ན་ཤེས་པར་འགྱུར།།

ན་ཚོད་རྫོགས་དུས་འབད་པར་འདོད་ཀྱང་ཚར་སྟོངབཏོན་ཀྱང་ཤེས་པར་དཀའ།།

 

པ་ཡག་གློ་ནད་སེལ་བའི་སྨན་བཞིན་ཤེས་རིག་རྨོངས་པ་རྟུལ་བའི་གྲི།།

ཕ་མས་བཞག་པའི་རྒྱུ་ནོར་དག་ནི་འཛད་རྒྱུ་ཡོད་ལ་བརྐུ་རྒྱུ་ཡོད།།

བ་མོའི་འོ་མ་དཀར་པོ་ཡིན་ཡང་འབྲི་མོའི་འོ་མ་དོ་མི་འགྱུར།།

མ་ལོའིི་བྱམས་བརྩེ་འགྱུར་བ་མེད་ཀྱང་བྲལ་བའི་དུས་ཤིག་ཡོད་ངེས་ཡིན།།

 

ཙ་གེ་ཙིག་གེའི་དོན་ལ་མ་གཡེང་རིག་པའི་གནས་ལ་འབོད་ཅིག་ཨང་།།

ཚ་དྲོད་སྙོམ་པའི་ཁང་བཟང་ནང་དུ་མ་འོངས་འཚོ་བ་སྐྱིད་པོ་དང་།།

ཛ་ཏཾ་རིན་ཆེན་ལུས་ལ་བརྒྱན་ནས་མི་སྟོང་ཚོགས་པའི་གྲལ་མགོ་ནས།།

ཝ་ཡེ་ཟེར་བཞིན་བློ་རྨོངས་དག་ལ་བླང་དོར་དབྱེ་བ་འཆད་འདོད་ན།།

 

ཞ་སྨྱུག་བཟུང་ནས་སློབ་ལ་བརྩོན་དང་མ་འོངས་བདེ་སྐྱིད་རང་ལ་དབང་།།

ཟ་མ་ཟ་བ་ཇི་ལྟ་བ་བཞིན་ཉིན་རེ་བཞིན་དུ་ཐ་སྙད་སོགས།།

འ་འུར་སྒྲ་ལ་རྣ་བ་མ་གཏོད་དཔེ་ཀློག་དབྱངས་རྟ་ཐེངས་གཅིག་གྱེར།།

ཡ་རབས་སྤྱོད་བཟང་རང་གི་རྒྱན་ཡིན་རྟག་ཏུ་སྤྱོད་པ་ལེགས་པོར་བགྱི།།

 

ར་མ་ལུག་གི་སྐད་ཆ་མ་བཤད་ཕ་སྐད་གཙང་མ་ངག་ནས་སྨྲ།།

ལ་རྒྱའི་དར་ཆ་མཐོ་རུ་སྒྲེང་བཞིན་མེས་པོའི་སྲོལ་བཟང་རྒྱུད་འཛིན་གྱིས།།

ཤ་རུས་གཅིག་པའི་ཕུ་ནུ་བར་ལ་མཐུན་སྒྲིལ་ཨ་ལོང་དུ་སྦྲེལ།།

ས་ཐག་རིང་ཐུང་གང་དུ་སོང་ཡང་བོད་མི་ཡིན་པ་སེམས་ལ་ཟུང་།།

 

ཧ་ལས་དགོས་པའི་ཚིག་རྒྱན་མེད་ཀྱང་རང་གི་ཚོད་ཀྱིས་བྲིས་པ་འདི།།

ཨ་ཕོའི་གངས་དཀར་སེམས་ནས་བྱུང་བའི་ལྷག་བསམ་དཀར་པོ་མཚོན་བྱེད་ཡིན།།

ཀ་ཁ་ག་ངའི་འཕྲེང་བར་བརྒྱུས་པའི་དྭངས་གཙང་མུ་ཏིག་འཕྲེང་བ་འདི།།

མ་འོངས་གངས་ལྗོངས་བདག་ཏུ་རེ་བའི་བློ་གསལ་གཞོན་ནུ་དག་ལ་འབུལ།།



  ཕྲན་གྱི་མིང་ལ་བདེ་ལེགས་རྒྱ་མཚོ་ཟེར། ༢༠༠༠ལོར་ཡུལ་ཤུལ་རག་སྨད་དུ་ཁ་བའི་མཛེས་སྡུག་གིས་རང་བྱུང་གི་འཇིག་རྟེན་བརྒྱན་པའི་དུས་ཚིགས་ཤིག་ལ་སྐྱེས། སློབ་ཆུང་དང་དམའ་འབྲིང་རིམ་གྱིས་མཇུག་གྲུབ་ནས། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་བཅུ་དགུ་པར་སློབ་སྦྱོང་བྱེད་བཞིན་ཡོད། སྙན་ངག་གིས་ཆར་བ་བབས་རྗེས་ཀྱི་ཉི་འོད་ལྟར། ཁྱེད་ལ་བརྗོད་ཐབས་བྲལ་བའི་སྤྲོ་སྣང་སྦྱིན་སྲིད། སྙན་ངག་གིས་ཁེར་རྐྱང་གི་མིག་ཆུ་མཚོན་ཐུབ་ལ། ཁྱེད་ཀྱི་དགའ་སྐྱོ་ཆགས་སྡང་གི་ལང་ཚོ་ཡང་བརྒྱན་སྲིད།

 

 ༈ གོ་སྐབས་ཤིག


བདེ་ལེགས་རྒྱ་མཚོ། ཡུལ་ཤུལ་རྫོང་།

 

གཡུལ་འགྱེད་ཀྱི་བྱེའུ་ཕྲུག་རྣམས། 

དམར་འཛིང་གི་གཤོག་རྩལ་རྒྱས་མ་ཐག 

ཁ་ཕྱོགས་མེད་པར་རང་རང་གི་མདུན་ལམ་བཙལ།

དེ་ནི་སུས་ཀྱང་རྟོགས་པར་དཀའ་བའི་ལས་དབང་ཞིག

 

ཁེར་རྐྱང་ལ་དབང་བའི་མཁའ་དབུགས་དེས། 

ངའི་གོ་མཚོན་མེད་པའི་ཕུང་པོ་འདི། 

ཡུན་རིང་ཞིག་ལ་བསྡམས། 

དེ་ནི་ང་ལ་མཚོན་ན། 

མདུན་སྐྱོད་ལ་སྐུལ་བའི་ཅོང་བརྡ་ཞིག 

 

 

འཁྱག་སིབ་སིབ་ཀྱི་མཁའ་དབུགས་དེས། 

ང་ལ་སྡང་བའི་མདའ་མོ་འཕངས། 

དེ་ནི་ང་ལ་མཚོན་ན། 

རང་ཉིད་བཞུ་སྦྱངས་བྱེད་པའི་གོ་སྐབས་ཤིག


 

    ཕྲན་གྱི་མིང་ལ་གཞན་ཕན་ལྷ་མཚོ་དང་། པིར་མིང་ལ་རིགས་ཞེན་བུ་མོ་ཟེར། ༢༠༠༠ ལོར་ནང་ཆེན་སྐྱོ་བྲག་ཏུ་གྲང་ལྷགས་ཀྱི་དབལ་ཁ་རྣོ་ཞིང་ཁ་བའི་འདབ་མ་འཕུར་བའི་དུས་ཚིགས་ཤིག་ལ་སྐྱེས། སློབ་ཆུང་དང་དམའ་འབྲིང་མཐར་ཕྱིན་ནས། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉི་ཤུ་པར་སློབ་སྦྱོང་བྱེད་བཞིན་ཡོད།

རེ་སྒུག་གི་མིག་ཆུ། 

 

གཞན་ཕན་ལྷ་མཚོ། ནང་ཆེན།

 

ཨ་ཕ་ལགས། 

ཁྱེད་ཀྱིས་ཆ་མེད་ཀྱི་གནས་ཡུལ་དེ་ནས་ང་རང་དྲན་བཞིན་ཡོད་དམ།

ཁྱེད་དང་བྲལ་ནས་ལོ་ངོ་བཅོ་བརྒྱད་འགོར་མོད།

ཉིན་འདི་དག་དང་ལོ་འདི་དག་གི་རིང་། 

ངས་རྟག་ཏུ་ཁྱེད་ཀྱི་ཞལ་ངོ་དང་གསུང་སྐད་བཅས་ལ་རེ་སྒུག་བྱས་ཡོད།

ཨ་ཕ་ལགས།

སེམས་འགྱུ་རབ་རིབ་ཀྱི་ཀློང་ནས་ཁ་སང་གི་ཉིན་ཐོ་ཀློག་བཞིན།

ངས་ཁྱེད་ཀྱི་ཁ་པར་ལ་ཡུན་རིང་སྒུག 

དོ་ནུབ་ངའི་རྣ་བ་ཁྱེད་ཀྱི་ཕྱོགས་སུ་བླགས་ཏེ།

ཉལ་ཁང་གི་ལྷིང་འཇགས་བརྟོལ་བའི་ཁ་པར་དེ་ཨེ་ཡོང་སྙམ།

དོ་ནུབ་ཨ་ཕ་ཁྱེད་ཀྱི་ཁ་པར་ལ་རེ་ཞིང་འཁྲེང་།

ཨ་ཕ། ངས་ཁྱེད་ལ་རེ་སྒུག་བྱས་ཡོད་པ་ཁྱེད་ཀྱིས་ཤེས་སམ།

 

ཨ་སྔོན་དབྱིངས་ནས་ཁ་བ་ལྷབ་ལྷུབ་ཏུ་འབབ་པ་ནི།

ངས་ཁྱེད་ཉིད་དྲན་པའི་འདུན་པ་མཚོན་པ་དང་།

ཁ་བ་ས་གཞི་ཡི་ངོས་སུ་ཆུ་རུ་འགྱུར་བ་ནི།

ང་ཁྱེད་ལ་དུང་བའི་རེ་སྒུག་གི་མིག་ཆུ་ཡིན།

ཨ་ཕ་ལགས། 



    བདག་གི་མིང་ལ་དཔལ་ཆེན་ལྷུན་འགྲུབ་དང་། པིར་མིང་ལ་གྲོགས་བཤེས་སུ་འབོད། ༡༩༩༨ ལོར་མི་དབང་ནང་ཆེན་རྒྱལ་པོའི་རྒྱལ་ས་གཉིས་པ་ལྕི་ཆུ་གསང་གཞུང་དུ་མེ་ཏོག་གི་མགོ་ལྕོག་ལྡེམ་ཞིང་ཁུ་བྱུག་གི་གསུང་སྐད་སྙན་པའི་དུས་ཚིགས་ཤིག་ལ་ལང་ཚོའི་མེ་ཏོག་གྲོལ། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉི་ཤུ་པར་སློབ་སྦྱོང་བྱེད་བཞིན་ཡོད། ང་ནི་མི་ཟད་གཞུང་ལུགས་ཀྱི་ཆུ་གཏེར་དུ་བསྐྱོད་པའི་གྲུ་གཟིངས་དེ་མིན་ཀྱང་། སྙན་ངག་གི་ཆུ་ཕྲན་དལ་གྱིས་རྐྱལ་བའི་ཉ་མོ་ཞིག་ཏུ་བརྫུས་ཏེ་སེམས་ཀྱི་འདུན་མ་ཡོད་ཚད་སྙན་ངག་ལ་རྗོད་བཞིན། རྒྱལ་ཁམས་ཀྱི་ལྟད་མོ་བལྟ་བར་ཆས་འདོད། 


ཁ་ཕྱོགས་མེད་པའི་ང་། 


དཔལ་ཆེན་ལྷུན་འགྲུབ། ནང་ཆེན།


མཐོ་རིམ་སློབ་གྲྭའི་གླིང་ནས། །

རིག་པའི་གནས་ལ་བརྩོན་དུས། །

ཤེས་བྱ་ངོ་མཚར་ཆེ་ཡང་། །

ཁ་ཕྱོགས་མེད་པ་ང་རེད། །

 

ནང་པ་སངས་རྒྱས་ཆོས་གཞུང་། །

བཅུ་ཕྲག་རིག་པའི་སྙིང་པོ། །

དམ་པའི་ཆོས་ཀྱི་ཕྱོགས་སུ། །

ཁ་ཕྱོགས་མེད་པ་ང་རེད། །

 

ཁ་བ་ཅན་གྱི་རིག་གཞུང་། །

འཛིན་སྐྱོང་ལས་ལ་བརྩོན་པའི། །

རིགས་ཞེན་གཞོན་ནུའི་ནང་ནས། །

ཁ་ཕྱོགས་མེད་པ་ང་རེད། །

 

ཚན་རྩལ་རིག་པའི་མཛངས་མ། །

མཛའ་བའི་གྲོགས་སུ་བསུ་བའི། །

ན་མཉམ་སློབ་གྲོགས་ཁྲོད་ནས། །

ཁ་ཕྱོགས་མེད་པ་ང་རེད། །

 

སྒྱུ་འཕྲུལ་སོར་མོའི་རྩལ་གྱིས། །

སྣོད་བཅུད་བརྙན་ལ་འབེབས་པའི། །

པིར་ཐོགས་མང་པོའི་གྲས་ནས། །

ཁ་ཕྱོགས་མེད་པ་ང་རེད། །

 

རང་དྲིན་རང་ཆེ་བྱས་ནས། །

ཕུགས་ཀྱི་འདུན་མ་འཚོལ་དུས། །

རང་སྐྱོང་བྱ་བའི་ཐད་ལ། །

ཁ་ཕྱོགས་མེད་པ་ང་རེད། །

 

གང་བསླབས་ཤེས་པར་དཀའ་ཡང་། །

སྣ་གཅིག་རང་དང་འཚམ་པའི། །

ཁ་ཕྱོགས་དམ་པོར་འཛིན་ཆེད། །

སྡུག་རུས་ཉིད་ཀྱིས་བགྲོད་འགྲོ། །



    བདག་གི་དངོས་མིང་ལ་ཐུབ་བསྟན་ནོར་བུ་ཟེར། ༢༠༠༡ ལོར་རྫ་ཆུ་སྔོན་མོ་བཞུར་བའི་འགྲམ་རྒྱུད་དུ་དབྱར་གྱི་དཔལ་མོའི་ལང་ཚོ་དང་ལྷན་དུ་ལྟེ་ཁྲག་འཐོར། བྱམས་ལྡན་ཕ་མའི་བཀའ་དྲིན་འོག་ཤེས་རིག་གི་ཟེའུ་འབྲུ་འཐུ་བའི་གོ་སྐབས་ཤར། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉི་ཤུ་པར་སློབ་སྦྱོང་བྱེད་བཞིན་ཡོད། སྙན་ངག་ནི་དྭངས་བསིལ་གྱི་རྫ་ཆབ་ཟིལ་མ་ཞིག་དང་འདྲ་བས། ང་ཚོའི་སྐམ་གྱོང་གི་སེམས་པ་དེ་བརླན་བཤེར་དུ་གཏོང་ངེས། ང་ཅག་བགྲང་ཡས་ཀྱི་བློ་གསལ་མང་པོ་ཞིག་གིས། ཁྱེད་ཀྱི་བྲོ་བ་ལ་རོལ་བཞིན་མཆིས། སྙན་ངག་ནི་ལོང་ཁྲིད་ཀྱི་དམིགས་བུ་ཞིག་དང་འདྲ་བས། ཚོར་མེད་དུ་གྱུར་པའི་ང་ཚོའི་གཟུགས་འཛིན་ལ་གསོན་ཤུགས་སྦྱིན་ངེས། ངེད་ཅག་ཤེས་རིག་གི་དམུས་ལོང་དུ་མ་ཞིག་གིས། ཁྱེད་ཀྱི་སེམས་སྒྲ་ལ་ཉོན་བཞིན་བདོག 

 

བཙན་པོའི་གདུང་རྒྱུད། 

 

ཐུབ་བསྟན་ནོར་བུ། ནང་ཆེན།

 

དུས་བཞིའི་ལས་ལ་བྲེལ་བའི་སོ་ནམ་པས། །

ཟླ་མེད་རྨད་བྱུང་ཐབས་ཀྱིས་ལས་ལ་འབད། །

འགོག་མེད་ཚ་བའི་གདུང་བ་ཡུད་རེ་ཙམ། །

སྙེ་མའི་ཁུར་ཆེན་སྤྱོད་པ་ཉམས་རེ་དགའ། །

 

ལག་འཁར་དམ་དུ་འཛིན་པའི་རྒན་པ་ཚོས། །

རང་དོན་མེ་ལྕེ་གཞན་ཕན་ཆུ་བོས་གཞིལ། །

གཞན་དོན་སྤང་ལ་མཛེས་པའི་མེ་ཏོག་བརྒྱན། །

གཞལ་མེད་འགྲོ་ཕན་ལེགས་པའི་ལས་ལ་བརྩོན། །

 

རིགས་ཞེན་མཛའ་གཅུགས་ཕུ་ནུ་བློ་གྲོས་མཆོག །

རབ་རྣོ་བློ་ཡི་རལ་གྲི་བརྩོན་པས་སྤུད། །

ཚན་རྩལ་དུས་རླབས་གཡོ་བའི་ད་ལྟའི་དུས། །

བརྩོན་པའི་ཆུ་བོ་བརྟན་པ་ཨེ་མ་རྨད། །

 

གནས་མཆོག་ཀེ་ལ་ཤ་ཡི་བཙན་པོའི་རྒྱུད། །

མཛངས་ལྡན་བློ་ཡི་ལྕགས་ཀྱུ་རྣོན་པོ་དེས། །

སྣ་མང་ཤེས་བྱའི་ཨ་ལོང་བཀུག་བྱས་ནས། །

བརྟན་བརླིང་གོམ་ཁ་མ་འོངས་ཕྱོགས་སུ་བསྒྱུར། །


   བུ་མོ་བདག་གི་མིང་ལ་སྒྲོལ་མ་ཆོས་འཛོམས་ཟེར། ༡༩༩༩ ལོར་དགེ་རྒྱལ་རྫ་སྟོད་དུ་ཚེ་སྲོག་གཉོམ་ཆུང་ཞིག་ཏུ་བརྫུས་ནས་མི་ཡུལ་དུ་མགྲོན་པོར་འབྱོར། སློབ་ཆུང་དང་དམའ་འབྲིང་རིམ་གྱིས་བརྒྱུད་ནས། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉི་ཤུ་པར་སློབ་སྦྱོང་བྱེད་བཞིན་ཡོད། སྙན་ངག་ནི་བཀྲེས་སྐོམ་གྱིས་མནར་བའི་ལུས་པོ་སྟོབས་ལྡན་དུ་གཏོང་བའི་རོ་བརྒྱ་ལྡན་པའི་ཟས་མཆོག་དང་འདྲ་བས། ང་སྙན་ངག་ལ་དགའ་ཞིང་སྙན་ངག་ལ་དུང་། སྙན་ངག་ནི་སྨག་རུམ་གྱི་མུན་པ་སེལ་བའི་རྟ་བདུན་དབང་པོ་དང་འདྲ་བས། ང་སྙན་ལ་རེ་ཞིང་སྙན་ངག་ལ་འཁྲེང་། 

 

དུས་བཞིའི་འཕོ་འགྱུར། 


སྒྲོལ་མ་ཆོས་འཛོམས། རྫ་སྟོད།

 

དཔྱིད། 

དུས་བཞིའི་དང་པོ་དཔྱིད་ཀྱི་ཕོ་ཉ་བསུ། །

རྩི་ཤིང་སྣ་ཚོགས་ཡལ་ག་རྒྱས་པའི་དུས། །

ཁྲ་ཚོམ་མེ་ཏོག་སྣ་བརྒྱ་བཞད་མགོ་ཚུགས། །

རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་མགོ་རྩོམ། །

དབྱར། 

གཞན་གསོས་བུ་མོས་སྙན་པའི་གླུ་དབྱངས་ལེན། །

སྦྲང་ཆར་འབབ་པས་ཆུ་ཕྲན་ལྷུང་ལྷུང་འཕྱོ། །

སྦྲ་ནག་གྲུ་བཞིར་དཀར་ཟས་མཚོ་མོ་འཁྱིལ། །

རོ་བཅུད་ལྡན་པའི་ཁ་ཟས་འདི་ནས་འབྱུང་། །

 

སྟོན། 

རྩི་ཤིང་རྣམས་ཀྱིས་གསེར་གྱི་ལྭ་གོས་གྱོན། །

ཤིང་སྡོང་ཐམས་ཅད་འདབ་མ་ས་ལ་ལྷུང་། །

ནས་ཞིང་གྲུ་བཞི་སྙེ་མའི་ཁུར་གྱིས་བརྒྱན། །

སོ་ནམ་པ་རྣམས་དགའ་བའི་དགོད་སྒྲས་ཁེངས། །

 

དགུན། 

ནོར་འཛིན་བུ་མོས་ཁ་བའི་ན་བཟའ་བཀླུབས། །

དྭངས་གཙང་ཆུ་མོ་དལ་གྱིས་འཁྱགས་པར་གྱུར། །

ཀུན་བཟོད་གྲང་བའི་ཁུར་གྱིས་ལྕི་ན་ཡང་། །

སཱ་ལའི་སྨན་ལྗོངས་དུས་འདིར་ཆེས་ཆེར་མཛེས། །

 

སྡོམ། 

 

དཔྱིད་ཀྱི་བསིལ་རླུང་ཕྱོགས་བཞི་ཀུན་ནས་ལྡང་། །

དབྱར་ཁའི་ཉི་མས་སྐྱེ་དགུ་ཚ་བས་གདུངས། །

སྟོན་གྱི་ལོ་འབྲས་བང་མཛོད་ལྟོ་བ་ལྡིར། །

དགུན་དུས་ཁ་བས་རི་ལུང་དར་གྱིས་གཡོགས། །



  བདག་གི་དངོས་མིང་ལ་རིག་འཛིན་རྒྱ་མཚོ་ཟེར་ཞིང་། ༢༠༠༠ ལོར་སྒོམ་སྡེ་ནང་ཆེན་དུ་ཚེ་སྲོག་གི་རི་མོ་གསར་དུ་བྲིས། ཤེས་བྱའི་དགའ་ཚལ་ནས་ཤེས་རིག་རྩི་བཅུད་ལ་རོལ་ནས་ལང་ཚོའི་གཉོམ་ལག་རྒྱས། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉི་ཤུ་པར་སློབ་སྦྱོང་བྱེད་བཞིན་ཡོད།


བརྩེ་བའི་ཨ་མ། 


རིག་འཛིན་རྒྱ་མཚོ། ནང་ཆེན།

 

མཛེས་པའི་ཞལ་ལ་བརྩེ་བའི་སྤྱན་རས་གཡོ། །

བུ་ལ་སྙིང་ལྟར་གཅེས་པའི་བྱམས་ལྡན་མ། །

ཟས་ནོར་རྒྱུ་ལ་འཇུངས་མེད་གཏོང་ཕོད་ཡངས། །

ལྷག་བསམ་ཟོལ་མེད་བྱང་ཆུབ་སེམས་དཔའ་བཞིན། །

 

འཚོ་བའི་དཀའ་ཚེགས་ལྕི་མོ་ཕྲག་ཏུ་ཁུར། །

ཟུངས་བཅུད་ནུ་ཞོ་མངར་མོ་ཕྲུ་གུར་བསྣུན། །

མི་གཙང་གཅིན་སྐྱག་ཕྱག་ལག་འཇམ་པོས་ཕྱི། །

བརྩེ་ཆེན་ཨ་མའི་བཀའ་དྲིན་བརྗོད་ལས་འདས། །

 

ཉིན་ལྟར་ཆད་མེད་ལས་ཀྱིས་ངལ་ན་ཡང་། །

འཛུམ་པའི་མདངས་ཀྱིས་བཟའ་མི་གང་བོ་བསུ། །

ཞལ་བརྡ་སྙན་མོས་ཐོས་འཛིན་སིམ་པར་བྱེད། །

ཁྱིམ་གཞིས་དྲོད་ཁོལ་སྐྱིལ་མཁན་ཨ་མ་ཡིན། །

 

གནག་སྣུམ་དབུ་སྐྲ་ཁ་བའི་མདངས་ཀྱིས་འཕྲོག །

པདྨའི་ཞལ་རས་གཉེར་མའི་རྒོལ་བས་ཐེབས། །

སྐུ་ལུས་སྨྱུག་མ་འཁྱོག་པོ་གཞུ་བཞིན་གུག །

རླབས་ཆེན་མ་ལོའི་བརྩེ་བ་ངོ་མཚར་ཆེ། །


  

    ཕྲན་གྱི་མིང་ལ་ཡེ་ཤེས་མཆོག་གྲུབ་བམ་གླིང་མཆོག་གྲུབ་ཟེར། ༢༠༠༡ ལོར་ནང་ཆེན་དུ་སྐྱེས། སློབ་ཆུང་དང་དམའ་འབྲིང་མཐར་ཕྱིན་རྗེས། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་བཅུ་དགུ་པར་སློབ་སྦྱོང་བྱེད་བཞིན་ཡོད། ང་ལ་མཚོན་ན་སྙན་ངག་ནི་མི་ཚེ་ཡི་གྲོགས་པོ་ཡིན་ལ། སློབ་གླིང་གི་འཚོ་བའི་ཁྲོད་ཀྱི་དགའ་སྡུག་གི་སེམས་ཀྱི་འགྱུར་ལྡོག་སོགས་བརྗོད་ས་ཁྱོད་ཡིན། བྱ་བ་དང་དཀའ་ཁག་ཅི་འདྲ་ཞིག་ལ་འཕྲད་ཀྱང་རང་ཉིད་ཀྱི་བསམ་ཚུལ་བརྗོད་ས་ཡང་ཁྱོད་རང་ཡིན། གྲོགས་པོ་ལགས། ང་རང་ནམ་ཡིན་ཡང་ཁྱོད་དང་ལྷན་དུ་འགྱུར་བ་མེད་པར་རྟག་བརྟན་དུ་གནས་རྒྱུ་ཡིན་ནོ། །

 

སེམས་པ་རྨས་པའི་ཁྲག་ཐིགས།


གླིང་མཆོག་གྲུབ། ནང་ཆེན།

 

ཆུ་མགོ་གཅིག་ནས་ཆད་ཀྱང་། །

རི་སྣ་གཅིག་གིས་བགོས་བྱུང་། །

མཐའ་མ་རྒྱ་མཚོ་གཅིག་ནང་། །

འཛོམས་པའི་རེ་བ་ལོས་ཡོད། །

ཆུང་ནས་འདྲིས་པའི་བྱམས་པ། །

ལས་དབང་ཞིག་གིས་གྱེས་སོང་། །

མ་འོངས་ཁྱིམ་གཞིས་གཅིག་ལ། །

འཛོམས་པའི་སྨོན་ལམ་བཏབ་ཡོད། །

ཆུ་མོ་ཡར་ཀླུང་གཙང་པོའི། །

རྒྱུན་ཐག་ཆད་པ་མི་སྲིད། །

ང་དང་ཁྱོད་ཀྱི་བརྩེ་བ། །

ནམ་ཡང་ཡལ་རྒྱུ་མི་འདུག །



     ཕྲན་གྱི་མིང་ལ་སྦྲ་ནག་དོན་བཀྲ་ཟེར། ༢༠༠༠ ལོར་སྒ་སྐྱ་ལོའི་ཕ་ཡུལ་དུ་གྲགས་པའི་འབྲི་སྟོད་གཡང་སྡེ་ཕྱུག་མོར་སྐྱེས། ཆུང་ནས་ཀ་མད་ཀྱི་དབྱངས་རྟ་དང་སྦྲང་དཀར་རྩམ་པའི་རོ་བཅུད་ལ་བརྟེན་ནས་འཚར་ལོངས་བྱུང་། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉི་ཤུ་པར་སློབ་སྦྱོང་བྱེད་བཞིན་ཡོད། གལ་ཏེ་ང་ནི་རི་སྤྱང་སྔོན་མོ་ཞིག་ཡིན་ཚེ། སྙན་ངག་ནི་ཞུམ་མེད་མདུན་སྐྱོད་ཀྱི་སྤོབས་པ་ཡིན།

 

སྐད་ཡིག་ལ་བསམ་གཞིག


སྦྲ་ནག་བཀྲ་དོན། འབྲི་སྟོད།

 

ཕ་རོལ་བསྲེས་སྐད་འདྲེས་པའི་ཚང་ཚིང་ནང་། །

ཕ་སྐད་དག་མ་བཤད་མཁན་ཇེ་དཀོན་གྱུར། །

ཕ་མེས་སྲོག་གིས་བསྐྲུན་པའི་སྐད་ཡིག་འདི། །

ཕ་མེད་དྭ་ཕྲུག་ལྟ་བུར་ལུས་ཉེན་ཆེ། །

 

ཕ་རྒྱུད་བུ་ཡིས་འཛིན་མཁན་ན་གཞོན་ཚོ། །

ཕ་ཡུལ་བྲལ་ནས་གཞན་ཡུལ་འགྲིམས་པའི་དུས། །

ཕ་བཟང་བུ་ཡི་ལ་རྒྱ་འཆང་འདོད་ན། །

ཕ་མེས་སྐད་ཡིག་འབད་པས་སྦྱོངས་ཤིག་ཨང་། །

 

ཕ་སྐད་མ་ཡིག་དབྱངས་གསལ་སོ་བཞི་འདི། །

ཕ་མེས་དམ་པ་རྣམས་ཀྱི་མཛད་ཕྲིན་ཡིན། །

ཕ་བཟང་བུ་ཡིས་རྒྱུད་འཛིན་ཡག་པོ་གྱིས། །

ཕ་རབས་བུ་རྒྱུད་ཚང་མའི་བླ་སྲོག་ཡིན། །

      


     གུས་མོའི་མིང་ལ་འཇམ་དབྱངས་མཚོ་མོ་ཟེར། ༢༠༠༠ ལོར་ནང་ཆེན་འབྲོང་ཤོག་ལྕོག་ཤེས་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་མགྲོན་ལ་འབྱོར། ཆུང་ནས་སློབ་གྲྭ་འགྲིམས་ཤིང་། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་བཅུ་དགུ་པར་སློབ་སྦྱོང་བྱེད་བཞིན་ཡོད།

 

ཤ་རུས་ཆུང་ཆུང་སྲ་མོ་ཞིག 

 

 འཇམ་དབྱངས་མཚོ་མོ། ནང་ཆེན།

 

ཨ་ཕའི་མགོ་ཡི་སྐྲ་ལོ་དཀར་པོ་ལྟ་བུའི། 

ཡིག་འབྲུ་ཡི་ཤོག་བུ་དཀར་པོ། 

ཨ་མའི་སྐེ་རྒྱན་གྱི་གཡུ་རིལ་སྔོན་མོ། 

ང་ལ་བཏབ་པའི་འདུ་ཤེས་ཆུང་ཆུང་། 

 

དགུན་ཟླ་གཞིས་ལ་འབྱོན་པའི་སང་ཞོགས།

སྲིད་པའི་ཁ་བ་དཀར་པོའི་སྙིང་ཁ་རུ་འཕྲོ་བའི།

ཞོགས་ཟེར་གྱི་ཉི་འོད་ལྟ་བུའི་མི་ཚེའི་སོན་མ།

 

སུ་ཞིག་གི་དགུན་ཟླའི་གྲང་ངར་ཀློང་ནས།

མགྲིན་པ་ལྕགས་ཐག་ལས་གྲོལ་ཏེ།

བྱེའུ་ཕྲུག་ཅོ་ཀ་ཞིག་གིས་ཁྱོད་ཉིད་དྲན་པའི་རི་མོ་གང་དུ་བྲིས།

དུས་ཚོད་ཅིག་ཏུ།

གཙང་བོ་ལྷུང་ལྷུང་དུ་རྒྱུ་བའི།

སྲིད་པའི་ནགས་ཚལ་གྱིས་ཁེབས་པའི་ཡུལ་སྡེ་རུ།

ཨ་མས་བཏབ་པའི་ཤ་ཁྲག་རུས་གསུམ་ཀྱི་ལྡེབས་ལོ་དཀར་པོ།

ཨ་ཕས་དཀྲོལ་བའི་རྣམ་ཤེས་ཀྱི་ཤུགས་གླུ་འཇམ་པོ།

ཨ་ཕ་ཨ་མའི་འཁོར་བ་ལ་བྲིས་པའི་རི་མོ་ཆུང་ཆུང་།

རང་བྱུང་ཁམས་ཀྱི་ཆེས་གཡའ་དག་པའི་དུས་ཚིགས་ཤིག་གོ།



   བདག་གི་མིང་ལ་རྣམ་རྒྱལ་བཀྲ་ཤིས་ཟེར། ༢༠༠༡ ལོར་ནང་ཆེན་ལྕི་ཆུ་རུ་ཚེ་སྲོག་གི་ཅོང་བརྡ་གསར་དུ་གྲག དམའ་འབྲིང་གི་འཚོ་བར་རྫོགས་ཚིག་བཀོད་ནས།ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉེར་གཉིས་པར་སློབ་སྦྱོང་བྱེད་བཞིན་ཡོད། སྙན་ངག་ནི་ང་ལ་མཚོན་ན། སྐྱོ་བའི་མིག་ཆུ་འབྱིད་མཁན་དང་། དགའ་བའི་གླུ་དབྱངས་ལེན་མཁན་དེ་ཡིན་ལ། ཁེར་རྐྱང་ལ་དགོས་པའི་གྲོགས་པོ་ཞིག་ཀྱང་ཡིན། དེ་བཞིན་རྔུལ་ཆུ་དང་འབད་བརྩོན་བཅོལ་སའི་ཕུགས་བསམ་ཡང་འདི་ལས་ལྷག་པ་ཞིག་མེད་པར་སྣང་།

 

སང་ཉིན་གྱི་ལམ། 


རྣམ་རྒྱལ་བཀྲ་ཤིས། ནང་ཆེན།


སང་ཉིན་གྱི་ལམ་དེ། 

བདེ་སྐྱིད་ཀྱི་མཁའ་དབྱིངས་ཤིག་ཡིན་ནམ།

ཡང་ན་སྡུག་བསྔལ་གྱི་རྒྱ་མཚོ་ཞིག་ཡིན། 

ལན་མི་གསལ་བའི་དྲི་བ་འདི། 

འབྲལ་མེད་ཀྱི་གྲིབ་མ་བཞིན་དུ། 

བདག་གི་དྲན་འཛིན་གྱི་མཁའ་དབྱིངས་སུ། 

བྱ་རྒྱལ་རྒོད་པོ་བཞིན་ལྡིང་སྐོར་རྒྱག 

 

དེ་རིང་ལ་མཚོན་ན། 

སང་ཉིན་ནི་རྨི་ལམ་མངོན་སུམ་དུ་ཤར་བའི་ཉིན་མོ་ཞིག

 

འོ། རྨི་ལམ་གྱི་ས་བོན། 

ཁྱོད་ལ་ཆར་ཆུ་དང་དྲོད་ཚད་མི་སྙོམས་པས།

འབྲས་འབྲས་ཞིག་ཇི་ལྟར་སྐྱེ།

སང་ཉིན་གྱི་ལམ་དེའི་བཟང་ངན་ནི་དེ་རིང་ལ་དབང་ཡོད་མོད།

འོན་ཀྱང་དེ་རིང་གི་དུས་ཚོད་ནི་མཇུག་རྫོགས་ཟིན།

 

ཀྱེ་མ། ཡ་ང་བའི་གནས་སྐབས་འདིར།

ཅི་བྱ་གཏོལ་མེད་དུ་གྱུར།

རེ་དོགས་ཀྱིས་སང་ཉིན་གྱི་ལམ་བུ་ཇི་ལྟ་མཐོང་།

ཀྱི་ཧུད། 



   བདག་གི་མིང་ལ་འཇམ་དབྱངས་དང་། པིར་མིང་ལ་ཟུར་ཕུད་དུ་འབོད། ༢༠༠༢ ལོར་ནང་ཆེན་འབྲོག་ཤོག་ལྕོག་ཤེས་སུ་སྐྱེས། སློབ་ཆུང་དང་དམའ་འབྲིང་རིམ་པར་བརྒྱུད་དེ།ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉེར་གཅིག་པར་སློབ་སྦྱོང་བྱེད་བཞིན་ཡོད།


སེམས་ཀྱི་ལྷ་མོ།


འཇམ་དབྱངས། ནང་ཆེན།


བཅུ་དྲུག་ལང་ཚོའི་མཚར་སྡུག་རྫོགས་པའི་ན་མཉམ་དགའ་བའི་སྙིང་སྡུག་མ།།

སྲབ་འཇམ་པདྨའི་མཆུ་སྒྲོས་བར་ནས་དུང་དཀར་ཚེམས་ཕྲེང་ངོམ་ཙམ་གྱིས།།

སབ་སིབ་དབུགས་ཀྱི་འདེགས་འཇོག་འཕར་ཞིང་ལྡབ་ལྡིབ་ཀུ་རེ་རྣ་བར་འགྱུ།།

གནག་སྣུམ་སྐྲ་ལོ་རླུང་བུས་བསྐྱོད་ཚེ་གདོང་ལ་སིམ་པའི་རེག་བྱ་འཇམ།།

 

ཡ་ཐོད་ཟླ་བའི་བ་གམ་གདན་དུ་སྐར་ཆེན་བཀྲ་བའི་སྤྱན་ཟུང་གཉིས།།

བྱ་རྒྱལ་རྒོད་པོ་གཤོག་སྒྲོ་བརྐྱངས་འདྲའི་བཀོད་ལེགས་སྨིན་མའི་གྲིབ་བསིལ་འོག།

དགའ་སྐྱོ་ཆགས་པའི་དུང་བ་གླེང་ཚེ་རང་གཤིས་བརྟན་པའི་ཁྱོད་ཀྱི་མིག།

ལམ་ལམ་འགུལ་བའི་མ་དྲོས་ཀླུང་ལ་ཞོགས་ཁའི་ཉི་མས་འཁྱུད་དང་མཚུངས།།

 

ཕྲ་ལྡེམ་མཉེན་པའི་སྨྱུག་མའི་ལུས་ལ་ཚུལ་མཐུན་སློབ་མའི་སློབ་ལྭ་གྱོན།།

བཟང་གསུམ་སློབ་མའི་སྤྱོད་པར་འཇུག་ཅིང་འབད་འབུངས་བརྩོན་པའི་སྡུག་རུས་གོམས།།

སློབ་གྲོགས་རྩེད་གྲོགས་དགའ་རོགས་སྐྱོ་རོགས་གློ་སྙིང་མཚམས་ཀྱི་དམར་ཆུང་ཤ།

གཅིག་ཏུ་རྨིས་པའི་རེ་བའི་རྨི་ལམ་མངོན་འགྱུར་དུང་ཆེན་ལྷན་དུ་འབུད། །


   ཕྲན་གྱི་མིང་ལ་བློ་བཟང་ཟླ་བ་ཟེར། ༢༠༠༡ ལོའི་ཁ་བ་ལྷབ་ལྷུབ་ཏུ་འཐོར་བའི་དགུན་དུས་ཤིག་ལ་ནང་ཆེན་སྡོམ་པ་ཀ་སྨད་དུ་སྐྱེས། ཆུང་དུས་ནས་སློབ་གྲྭ་འགྲིམས་པའི་གོ་སྐབས་ཐོབ་ཅིང་།ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་བཅུ་དགུ་པར་སློབ་སྦྱོང་བྱེད་བཞིན་ཡོད། ང་ལ་མཚོན་ན་སྙན་ངག་ནི་ཚོར་བའི་ལམ་གྱི་མཛེས་ལྗོངས་ཡངས་མོ་ཞིག་དང་། འཚོ་བ་ལས་བརྒལ་བའི་ཚོར་བའམ་ཡང་ན་འཚོ་བ་ལ་ཡོད་པའི་ཚོར་བ་ཞིག

 

རྨི་ལམ་གྱིས་བསྩལ་པའི་མཛའ་མོ། 


བློ་བཟང་ཟླ་བ། ནང་ཆེན།

 

ལོ་བཞིའི་སྔོན་གྱི་མཚན་མོ་ཞིག་ནས།

སྐྲག་འདར་གྱི་ཀློང་ནས་གསལ་ལ་མི་གསལ་བའི་རྨི་ལམ་ཞིག

ནམ་ཞིག་མགོ་ཚུགས་པ་མ་ཤེས། 

མཚམས་ཤིག་ལ། 

ངས་རྨི་ལམ་དེ་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་སྙམ།

མཚམས་ཤིག་ལ།

ང་ལ་རྨི་ལམ་དེས་སྐྱོ་བ་ཁ་ཤས་བཞག་འདུག

མཚན་མོ་དེར།

མཚན་མོ་དེར།

རྨི་ལམ་ཞིག་གིས་ངས་ཁྱོད་རང་ད་གཟོད་ངོ་ཤེས་པ་འདྲ།

མཚན་མོ་དེར།

དོགས་ཟོན་བྱེད་གླགས་མེད་པར་ངའི་ཡིད་སེམས་བཀུག་སོང་།

མཚན་མོ་དེ་ནས་བཟུང་།

ཞེན་ཆགས་ཀྱི་སེམས་ཀྱིས་ང་ལ་འཇིག་རྟེན་འདིའི་ཆེས་རྒྱུན་ལྡན་གྱི་ཚོར་བ་སྟེར་སོང་།

མཚན་མོ་དེ་ནས་བཟུང་།

ངའི་སྐྱོ་གདུང་དང་དགའ་སྤྲོ་ལ་ཚོན་མདངས་གསར་པ་ཞིག་སྟེར་སོང་།

ལོ་བཞིའི་རིང་ལ།

ང་ལ་ཡོད་པ་ནི་ཤོག་དཀར་ངོས་ཀྱི་ཚིག་འབྲུ་མཐའ་དག་རེད།

ལོ་བཞིའི་རིང་ལ།

ལོ་ཟླའི་ཆར་ཆུས་བསུབས་མ་ཐུབ་པའི་གཏམ་རྒྱུད་འཕྲོ་མ།

ད་ལྟ། བར་ཐག་ཅིག་གིས་བཅངས་པའི་བར་ཐག་ཅིག་སྟེ།

ད་ལྟ། རྒྱང་རིང་ཞིག་ལ་བཅོལ་བའི་རྒྱང་རིང་ཞིག

ནམ་ཞིག

ནམ་ཞིག་ལྷན་འཛོམས་འབྱུང་ཐུབ།


    བདག་གི་མིང་ལ་ནམ་མཁའི་ཟླ་བ་ཟེར། ༢༠༠༡ ལོར་ཁམས་སྟོད་སྒོམ་སྡེ་ནང་ཆེན་དུ་ལང་ཚོ་བཞད། ན་མཉམ་སློབ་གྲོགས་དག་དང་མཉམ་དུ་གནའ་དེང་ཤེས་བྱའི་དགའ་སྟོན་ལ་རོལ་བཞིན་ནར་སོན། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉེར་གཉིས་པར་སློབ་སྦྱོང་བྱེད་བཞིན་ཡོད། སྙན་ངག་ནི་ཚ་མོ་མེ་བཞིན་མཆི་བའི་ངར་སྐད་ཡིན་ཆོག་མོད། བརླན་བཤེར་ཆུ་བོ་ལྟ་བུའི་སེམས་གཏམ་ཡང་ཡིན་ཆོག །སྙན་ངག་ནི་དགའ་སྐྱོ་སོར་མོ་ལས་ཐོན་པའི་རི་མོ་སྟེ། སྙན་སྙན་ཚིག་ཕྲེང་སྐམ་པོ་ཙམ་ག་ལ་ཡིན་སྲིད། ང་སྙན་ངག་པ་མིན་ཡང་། ངས་སེམས་གཏམ་སྔོག་བཞིན་ཡོད། 


༈བརྩེ་དུང་གི་གཏམ་མུ་ཏིག་མ།


ནམ་མཁའི་ཟླ་བ། ནང་ཆེན།

 

དོ་ནུབ་ཀྱི་ཟླ་བ་ལ་ཡང་།

གདོན་གྱིས་བཟོས་པའི་ཆག་འཇིག་མ་བྱུང་ལ།

སྤྲིན་གྱིས་སྐུང་པའི་སྣང་བརྙན་མ་ངོམ་མོད།

འོན་ཀྱང་།

ཁྱོད་མེད་དུས་ཟླ་བ་ལ་འོད་སྣང་མེད་ལ།

མཛེས་ཉམས་ཀྱང་ཡལ།

སྙིང་ཉེ་མ།

ཁྱེད་མེད་དུས།

ངའི་ཁོག་ནས་བཞུར་བའི་ཁྲག་རྒྱུན་ལ་གསོན་ཤུགས་མེད་ལ།

ཕུང་བོ་ལས་འཕག་པའི་རྩ་སྔོན་དུ་ཟུངས་ཁྲག་རྒྱུ་ཐབས་བྲལ།

 

སྲོལ་རྒྱུན་གྱི་འཆིང་རྒྱ་ཐ་རེ་ཐོ་རེ་ལས།

ལྷད་ཙམ་མེད་པའི་བརྩེ་བ་དང་།

དྲི་ཙམ་མ་གོས་པའི་དུང་བ།

ཐར་ལ་ཉེ།

 

མིག་ཆུ་བཞུར་ཏེ།

ལྕེ་ལ་བབས་དུས།

ཚྭ་ཆུ་ཉག་ཙམ་ཡོད་པར་འདོད་ཀྱང་།

མ་བསམ་ས་ནས།

ཁྱོད་དང་འཕྲད་པའི་ཉིན་མོ་དེར།

ཁྱོད་ལུས་ན་ལྷག་པའི་དྲི་ཞིམ་ཁོ་ན།

 

ནམ་རྒྱུན།

ངས་འགྱོད་པའི་གཞི་མ་ཟེར་རུང་།

བྲལ་བའི་རྩ་བ་ཡིན་ཡང་།

གང་ལྟར།

སྤོབས་པ་མེད་སྟབས།

ངའི་སེམས་ནས་ནམ་ཡང་འབོར་དུ་མེད་པའི་ཁྱོད་ལ།

དགའ་བའི་བདེན་དཔང་སྨྲ་མི་ཐུབ་པ་དེ་ཡིན།

 

སྡོང་བོ་ཕྲེང་དུ་བསྟར་བའི་ལམ་ཕྲན་གྱི་འགྲམ་ན།

ཁྱོད་ཀྱི་རྒྱབ་གཟུགས་དང་འགྲོགས་པའི་རི་མོ་དེ་ལས་མཛེས་པ་སུ།

 

ལ་དང་ལུང་།

འགག་དང་འཕྲང་།

མདའ་དང་རོང་ན།

ད་དུང་ཡང་ཁྱོད་བགྲོད་པའི་གོམ་སྒྲ་དང་།

ལྷག་ཟིན་པའི་དུང་བ་ཆགས་སམ།

 

ཅི་ཡང་སྲིད་པའི་འཇིག་རྟེན་ནས།

ཅི་ཡང་རྟག་ཏུ་མེད་པའི་སང་ཉིན་ཡོད་སྲིད་ན།

ང་ཁྱོད་དང་འགྲོགས་པར་བགྱིད།

 

རི་རབ་ཀྱི་ཕ་རི་ཡིན་མོད།

ངའི་ཕར་ནང་ཁྱོད་ཁོ་ནར་དབང་བའི་མཚོ་མོ་ཡིན།

 

ཁྱོད་སྦྱར་བྱུང་གི་མཛུབ་མོས།

ང་བར་དོའི་ལམ་བུའི་ན་སྣང་མེད་དུ་གཡུགས།

ཁྱོས་ལས་ཟིན་པའི་སྒྱུ་རྒྱ་ལ།

ང་དོན་མེད་དུ་འཐོགས།

 

༡༠

ངས་རྟ་ཕོ་རྒྱབ་ལ་བསྐྱུར།

སྒོ་ཕྱུགས་རི་ལ་རྒྱབ།

མེས་པོའི་བཀའ་ལུང་རྒྱབ་ལ་གཡུགས་དུས།

ཁྱོད་ཀྱང་།

བཞོ་ཟོ་ཐང་ལ་བཞག།

འུར་ཆ་རྒྱང་དུ་འཕངས་ནས།

སྲོལ་རྒྱུན་གྱི་གཤིས་ལ་འཐབ་མོ་བྱེད་པར།

ང་དང་ངའི་ཆགས་སེམས་མེས་བཀང་བའི་གཞི་མར་འགྱུར་འོས།

 

༡༡

ཟླ་དྲུག་པའི་ཚ་གདུག་གི་ཉི་མར།

སྟོང་གསུམ་མེ་རུ་སྲེག་པའི་ནུས་པ་མེད་མོད།

འཁྱག་རོམ་གྱིས་བཅོམ་པའི་དྲན་ཤེས་ལ།

དགའ་བའི་ཡིད་བརྡ་འཕེན་པའི་སྐབས་ཤིག་ལུས་ངེས།

 

༡༢

གྲོང་ཆེན་གྱི་གསེབ་ན།

སྒེའུ་ཁུང་གི་ནང་ན།

གློག་སྒྲོན་གྱི་གྲིབ་ན།

སྒྲོལ་མ་སྟེ་ཁྱོད་དང་འབྲེལ་བའི་སྤྲིངས་ཡིག་གམ།

འཚོ་བས་བརླགས་པའི་བརྩེ་དུང་ཞིག།

 

༡༣

ནམ་ཟླའི་འགྱུར་ལྡོག་ནི་ངེས་མེད་ཡིན་ཡང་།

ཟླ་བའི་འཕེལ་འགྲིབ་ནི་རྟག་མེད་ཡིན་མོད།

འོན་ཀྱང་།ངས་ཁྲུང་ཁྲུང་བརྒྱུད་དེ།

ཁྱོད་ལ་བསྐུར་པའི་འཕྲིན་ཐུང་གི་དམ་བཅའ།

ཁམ་ཡང་འགྱུར་མ་མྱོང་།

 

༡༤

ཁྱོད་ནི་འཇའ་ཚོན་གྱིས་གྲུབ་སྟབས།

གཏན་དུ་ང་ལ་དབང་བར་མ་ངེས་ཏེ།

ས་གཞི་ཉག་དྲོད་ཀྱི་བར་མཚམས་རེར།

མིག་དབང་ལ་གནས་པའི་སྐལ་ཡང་ལུ་ཙམ།

 

༡༥

མ་བརྟག་པས་མི་རྟག་ལ།

མ་བརྟན་པས་ང་འགྱུར་མི་ཉན།

ངའི་མིག་འབྲས་གཉིས་པོ་བཙུམ་ལྡེབ་ཀྱི་བར་ན།

ཁྱོད་མེད་པར་ཉེས་པས།

ང་འགྱུར་མི་ཉན།

འགྱུར་ཡང་མི་སྲིད།

 

༡༦

འབྲུག་མོ་ཡིན་རུང་།

རྒྱ་བཟའ་ཡིན་ཡང་།

ཆགས་པའི་སེམས་ཁྱོད་ཕྱོགས་སུ་ཉལ་སྟབས།

རྣམ་ཤེས་ཉིད་གཞན་ངོར་གང་སྲིད།

 

༡༧

བགྲེས་པོ་ཞིག་གིས་བཤད་རྒྱུར།

མི་ཚེ་ལ་སྙིང་པོ་མེད་སྟབས།

འཁོར་བ་ལ་ཆགས་དོན་མེད་ཅེས།

གཏིང་ཟབ་ལ་ཚད་མཐོ་བའི་ལྟ་བ་སྨྲ་ཡང་།

ང་ལ་ནུས་མཐུ་མེད་སྟབས།

ང་ཐར་ཐུབ་གི་མེད།

 

༡༨

ངའི་སེམས་ཀྱི་ངོས་ལ།

ཁྱོད་བགྲོད་པའི་རྐང་རྗེས་ཡོད་སྟབས།

ཚ་ལམ་ལམ་དང་གྲང་བསིལ་བསིལ་གྱི་ཚོར་བ་མྱོང་བཞིན།

སྐྱིད་པའི་གླུ་ཆུང་ལེན་ལ།

སྡུག་པའི་རྩོམ་ཆུང་བྲིས།

 

༡༩

དྲན་པའི་སེམས་པ་འདི་ཉིད།

རང་ལུས་ལ་དབང་བའི་ཉིན་ཞིག་ཕྱིན་ན།

ངས་ཕྲག་ཐོག་ན་ཁུར་པའི་ཁུར་པོ་ཞིག།

མིག་གིས་མི་མཐོང་བའི་གནས་ལ་གཡུག་ཆོག།

 

༢༠

ང་དང་འཇིག་རྟེན་བར།

ལྡོག་ཐབས་མེད་པའི་དྲྭ་རྒྱ་ནི།

མི་ངོ་ཟེར་བའི་བརྡ་ཆད་དེ་དང་།

སེམས་ངོ་ཟེར་བའི་བཤད་ཚུལ་དེ་ཡིན།

 

༢༡

ཤ་དང་ཁྲག་གིས་གྲུབ་པའི་ཕུང་པོ་ཉིད།

རྡུལ་དང་དོར་ཟིན་པའི་བེམ་པོའམ་ཐོ་རུ་གྱུར་ཚེ།

རྣམ་ཤེས་ལ་ཞེན་ཆགས་ལངས་པའི།

ཤུགས་རྐྱེན་དང་རང་དབང་གང་ཡང་མེད།


     བདག་གི་མིང་ལ་བཀྲ་རྡོ་ཟེར། ༡༩༩༨ ལོར་བོད་ཡུལ་མདོ་ཆེན་གསུམ་གྱི་ཡ་གྱལ་སྒ་སྐྱེ་དགུ་མདོ་རུ་ལང་ཚོའི་འདབ་མ་གྲོལ། ཆུང་ནས་སློབ་གྲྭ་འགྲིམས་ཤིང་། ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་ཉི་ཤུ་པར་སློབ་སྦྱོང་བྱེད་བཞིན་ཡོད། སྙན་ངག་ནི་ནེའུ་གསིང་ན་བཞད་པའི་འདབ་ལྡན་གྱི་པདྨ་ཞིག་སྟེ། ང་ནི་དེ་ལ་འཁོར་བའི་སྦྲང་མ་ཞིག་དང་མཚུངས་པར། ཆུང་ནས་ད་བར་དྲི་བསུང་འཐུལ་བའི་པདྨའི་བཅུད་ལ་རོལ་ནས་འཚོ་ཞིང་སྐྱིད་ལ། འབྱུང་འགྱུར་གྱི་ལམ་ཁའི་ཁྲོད་དེ་དང་བསྟུན་ནས་རིག་པའི་ལམ་དུ་ཞུགས་འདོད།

 

        སྐད་དང་ཡི་གེ

              

བཀྲ་རྡོ། སྐྱེ་རྒུ།

 

     སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཞེས་གསུངས་པ་ལྟར། རང་མི་རིགས་ཀྱི་སྐད་ཡིག་དེ་རང་མི་རིགས་ཀྱི་བླ་སྲོག་དང་། གཞན་མི་རིགས་ཀྱི་སྐད་ཡིག་དེ་རང་གི་རྒྱན་ཆ་ཡིན་པའི་གནས་ལུགས་དེ་དེང་རབས་བོད་མི་གཞོན་ནུ་རྣམས་ཀྱིས་ཤེས་ན་ཡང་། དེ་ལ་ལག་ལེན་བྱེད་ཐུབ་མཁས་ཉུང་ཙམ་ཡིན། ད་ལྟ། ང་ཚོའི་བོད་ཡུལ་གྱིས་ས་གནས་སོ་སོར་བོད་ཡིག་བོད་སྐད་སྤྱོད་མཁན་དང་བཤད་མཁན་ཡོད་ན་ཡང་། ཡུལ་སོ་སོ་དང་ས་གནས་སོ་སོར་ཕན་ཚུན་བར་སྦྲགས་སྐད་མ་གཏོགས་ཀྱིས་གོ་བརྡ་མི་འཕྲོད་པའི་གནས་ཚུལ་མི་ཉུང་པ་བྱུང་དང་འབྱུང་བཞིན་པ་ནི་དེ་ནི་ཅི་འདྲའི་ངོ་ཚ་བ་དང་སེམས་སྡུག་པའི་དོན་ཞིག་རེད།

       བོད་མི་རིགས་ཀྱིས་སྐད་དང་ཡི་གེ་ནི་མེས་པོ་རྣམས་ཀྱིས་ང་ཚོ་ལ་གནང་བའི་རིན་པོ་ཆེ་ཡིན་པས། སྐད་དང་ཡི་གེ་འདི་ལོ་རབས་སྟོང་ཕྲག་གི་ཉམས་མྱོང་བརྒྱུད་ནས་མེས་པོ་རྣམས་ཀྱིས་གསར་བཟོ་བྱས་ཤིང་། མི་རབས་ནས་མི་རབས་བྱས་ནས་ད་ལྟ་ང་ཚོ་རྗེས་རབས་པ་རྣམས་ཀྱི་ལག་ཏུ་ཐོན་རྗེས། གལ་ཏེ། སྐད་དང་ཡི་གེ་མེད་པར་གྱུར་སོང་ན་ཅི་འདྲའི་སེམས་སྡུག་དང་ངོ་ཚ་བའི་བྱ་བ་ཞིག་མ་རེད་དམ། དུས་རབས་ཉེར་གཅིག་པའི་དུས་འདིར་ང་ཚོ་བོད་སྐད་གཙང་མ་མ་བཤད། བོད་ཀྱིས་རིག་གནས་མ་སྦྱངས་ན། ང་ཚོའི་རྗེས་རབས་པ་ཐམས་ཅད་ཀྱིས་ཅི་བཤད་ཅི་སློབ། ང་ཚོས་མེས་པོ་རྣམས་ཀྱི་ཞབས་འདྲེན་ཞུས་པ་མ་རེད་དམ།

      དེ་བས། སྐད་དང་ཡི་གེ་ནི་མི་རིགས་ཤིག་བླ་སྲོག་ཡིན་པས། སྐད་དང་ཡི་གེ་ལ་གཉོར་སྐྱོང་བཟང་བོ་བྱ་རྒྱུ་ནི་ང་ཚོ་དུས་རབས་ཉེར་གཅིག་པའི་ན་གཞོན་རྣམས་ཀྱི་ཕྲག་ཏུ་བབ་པའི་འོས་འགན་རེད། མེས་པོ་རྣམས་ཀྱིས་ང་ཚོ་ལ་གནང་བའི་སྐད་དང་ཡི་གེ་འདིར་གཅེས་སྐྱོང་བཟང་བོ་བྱས་ནས་མ་ཉམས་གོང་འཕེལ་དུ་གཏོང་དགོས།


    བདག་གི་མིང་ལ་པདྨ་ཚེ་དབང་དང་། པིར་མིང་ལ་ཨ་སེང་དུ་འབོད། ༡༩༩༩ ལོར་ནང་ཆེན་ཉག་ལ་ཆུ་སྨད་དུ་དཔྱིད་ཀྱི་དཔལ་མོའི་འཛུམ་མདངས་དང་ཆབས་ཅིག་མི་ཡུལ་དུ་སླེབས།ད་ལྟ་ཞང་ཡུས་སློབ་གྲྭའི་གཙང་གསུམ་འཛིན་གྲྭའི་མཐོ་རིམ་གཉིས་པའི་འཛིན་གྲྭ་བཅུ་དགུ་པར་སློབ་སྦྱོང་བྱེད་བཞིན་ཡོད། སྙན་ངག་ནི་རོལ་དབྱངས་ཀྱི་རང་བཞིན་ཙམ་མིན་པར། དགའ་བའི་སྙིང་གཏམ་བཤད་ས་དང་སྐྱོ་བའི་མིག་ཆུ་བཞུར་སའི་གྲོགས་པོ་སྟེ། རྨོངས་མུན་འཇོམས་ཤིང་དགེ་སྩོལ་བའི་སྒྲོན་མེ་ཡིན། དེ་བས། ཁྱོད་རང་འཚོལ་བའི་གོམ་ཁ་ནམ་ཡང་ལྷོད་མི་སྲིད།

             

ཕ་མ་ལགས། 


   པདྨ་ཚེ་དབང་། ནང་ཆེན།


   ནམ་ཡང་བརྗེད་ཐབས་བྲལ་བ་ནི་ཕ་མ་རེད། ཕ་མ་ནི་མི་སུ་དང་སུ་ཡིན་ཡང་དད་གུས་བྱ་དགོས་པའི་སྐྱེ་བུ་རླབས་ཆེན་དེ་ཡིན་ལ། ང་ཚོ་འགྲོ་འདུག་མི་ཤེས་པའི་སྐབས་གསོ་སྐྱོང་བྱེད་མཁན་ཕ་མ་རེད། ཕ་མ་མེད་ན་ང་ཚོས་མི་ཡུལ་གྱི་ཁམས་ཆེན་པོ་འདི་ཇི་ལྟར་མཐོང་།ཁྱེད་ཚོའི་ཕ་མ་དང་འདྲ་བར་བདག་གི་ཨ་ཕ་ཡང་གཟི་བརྗིད་ལྡན་པའི་སྐྱེས་བུ་དམ་པ་ཞིག་ཡིན། ཁོང་གིས་བུ་ཕྲུག་ཐམས་ཅད་སློབ་གྲྭར་བསྐྱལ། བུ་ཕྲུག་ཐམས་ཅད་ཀྱིས་ཤེས་རིག་གི་དགའ་ཚལ་འགྲིམ་རྒྱུ་བྱུང་བ་ཨ་ཕའི་བཀའ་དྲིན་ཡིན། ཆུང་བྱིས་པའི་སྐབས་ང་ཚོ་ཨ་ཕས་སློབ་གྲྭ་ལ་མ་བསྐྱལ་ན་ད་ལྟ་ང་ཚོ་ནོར་ལུག་འཚོས་ནས་འབྲོག་ཐང་གི་ནམ་ཟླ་དུས་བཞིའི་དཀའ་སྡུག་འཐུ་བའི་འབྲོག་ཕྲུག་ཅིག་ཡིན་སྲིད། ཨ་ཕའི་བཀའ་དྲིན་བརྗེད་མི་སྲིད།   ད་རུང་བདག་གི་ཨ་མ་ཡང་ཁྱེད་ཅག་གི་ཨ་མ་དང་འདྲ་བར་མཛེས་ཉམས་ལྡན་པའི་སྐྱེས་མ་ཞིག་ཡིན་ལ། ངས་ནམ་ཡང་བརྗེད་ཐབས་མེད་པ་ནི་ཨ་མ་ཡིན། ང་འཇིག་རྟེན་འདིར་ཁྲིད་པའི་དྲིན་ཆེན་གྱི་ཨ་མ་ལགས། ཁྱོད་ཀྱིས་ངའི་དོན་དུ་ཟླ་དགུ་ཞག་དགུར་སྡུག་བསྔལ་དང་དཀའ་ལས་བློ་ཡུལ་དུ་ཤར་དཀའ་བ་མྱངས་ཤིང་། ནར་སོན་རྗེས་ཨ་ཕ་ཁྱེད་གཉིས་ཀྱིས་སློབ་གྲྭར་བཏང་བས་བདག་ནི་ཕྱུགས་ཟོག་གི་རྗེས་སུ་འགྲིམ་པའི་ཤེས་མེད་ཀྱི་མི་བུ་བྱེད་དགོས་མ་བྱུང་།ལམ་སྣེ་རིང་པོ་བརྒྱུད་ནས་སློབ་གྲྭར་སོང་། ཤེས་རིག་གི་འགྲན་རྩོད་བྱེད། མཛེས་སྡུག་གི་ལྟད་མོ་ཡང་མཐོང་། ཕ་མ་གཉིས་ནི་གོ་ལའི་ཐོག་ཏུ་མེད་དུ་མི་རུང་བའི་རྟ་བདུན་དབང་བོ་དང་རྒྱུ་སྐར་རྒྱལ་པོ་དང་མཚུངས།

 

  དེ་བས། རང་ཉིད་ཕུགས་བསམ་གཏན་ཁེལ་མེད་པའི་ངང་སློབ་གྲྭ་ལ་སོང་ཡང་ཕན་ཐོགས་ཅི་ཡོད། རྣམ་གཡེང་ལེ་ལོའི་ངང་ནས་རང་གི་མི་ཚེ་དང་ཕ་མའི་ཁྲག་རྣག་དང་བརྗེས་པའི་དངུལ་སྒོར་མེད་པར་གཏོང་། དགེ་རྒན་གྱིས་བྱམས་བརྩེའི་སྒོ་ནས་དཔེ་ཁྲིད་གནང་ཡང་སྒོ་གསུམ་ཕྱི་རོལ་ཏུ་གཡེང་། ཕ་མའི་རེ་བ་དང་རང་གི་རེ་བ་ཙམ་ཡང་མི་འགྲུབ་པ་ཞིག་ཏུ་གྱུར་ཤིན་ཏུ་ཡིད་ཕམ་པས། མདོར་ན་རང་གི་མ་འོངས་པའི་བདེ་ཐང་གི་འཚོ་བའི་ཆེད་དུ་བྷོ་ཊའི་ཕ་སྐད་གཙང་མ་དེ་ལ་འབད་པ་བྱེད་དང་། དགེ་རྒན་གྱིས་ང་ཚོ་ལ་ལྷག་བསམ་གྱི་སྒོ་ནས་ཤེས་བྱ་ཁྲིད་ཅིང་། རྨོངས་པའི་སྨག་རུམ་ནང་ནས་ཤེས་རིག་གི་སྦྲང་ཆར་གྱིས་རྨོངས་པའི་དྲི་མ་ཙམ་ཡང་མེད་པར་བྱས་པས།རང་གིས་ནམ་ཡང་བརྗེད་ཐབས་མེད་པའི་དྲིན་ཆེན་གྱི་ཕ་མ་དེ་སེམས་ལ་དམ་པོར་བཅངས་ནས་ཡབ་ཡུམ་གཉིས་པོའི་རེ་བ་དང་རང་གིས་རེ་བ་དེ་བསྐང་ངེས་ཡིན།

རྩོམ་སྒྲིག་པ། འཕགས་ཆེན། 


ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་དང་པོ།

ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་གཉིས་པ།

ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་གསུམ་པ།

ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་སློབ་མའི་རྩོམ་ཡིག་ཆེད་བསྒྲིགས།

文章有问题?点此查看未经处理的缓存