ན་གཞོན་ཚོ། རྨི་ལམ་ཞིག་འགུལ་བཞིན་འདུག འཕགས་ཆེན་གྱི་སྙན་ངག་གསར་པ།
ན་གཞོན་ཚོ། རྨི་ལམ་ཞིག་འགུལ་བཞིན་འདུག
འཕགས་ཆེན། (ཡུལ་ཤུལ)
ཉིན་རེ་ནས་ཉིན་རེར
གློག་དམར་ལམ་ལམ་འཁྱུགས་པའི་དུས་ཚིགས་སུ
ཁེར་རྐྱང་གི་རོལ་དབྱངས་འཇགས་རྗེས
ཇི་ལྟར་བྱས་ནས་ཆུ་བོ་གཉིད་ལས་དཀྲོག་པར་བྱ
རྨི་ལམ་ལ་བར་ཆད་གཏོང་བ་ནི་འོས་མེད་ཅིག་ཡིན
ང་ཚོས་ལོ་དེ་ཕར་བཞག་ནའང
སྐད་ཅིག་གི་རྨི་ལམ་དུ་སྐད་ཅིག་གི་དུས་ཚོད་ཡོང
རྨི་ལམ་དུ་ཚ་ཚ་འུར་འུར་གྱི་འབོད་སྐད་ཅིག་གིས
རུས་པ་སྙིང་ལ་ཟུག་འདྲའི་འཕག་འཚག་བརྒྱབ་ཏུ་བཅུག
རྨི་ལམ་འཁྲུགས་པའི་གྲོང་ཚོ་དེ་སད་རྗེས
འདས་ཟིན་པའི་མུན་ནག་གི་རྣམ་ཤེས་རླུང་ལ་བསྐུར
རང་གིས་རང་ལ་ཞིབ་ལྟ་ཡང་ཡང་བྱེད
ད་ནི་ཚུལ་འཆོས་ཀྱི་ཀུ་ཤུ་ལྷག་མས་ཅི་བྱ
ང་ཚོ་རྩྭ་འཇགས་མ་ཞིག་དང་མཚུངས་ཤིང
རྨི་ལམ་འདི་བུད་མེད་ཅིག་དང་འདྲ་བོ་འདུག
དཔྱིད་ཀྱི་དཔལ་མོ་མེ་ཏོག་གིས་བསླུས་པ་བཞིན
བྲེལ་བྲེལ་འཚུབ་འཚུབ་ཀྱི་རྡོ་བའི་སྟེང་དུ
ང་ཚོ་དགའ་སའི་ལང་ཚོ་དེ་ངེས་པར་འབྲི་དགོས
ཤུབས་སུ་འཛུལ་བའི་རྨི་ལམ་ནང་ནས
རྒྱུས་མེད་ཀྱི་གདུང་གླུ་ཞིག་ཐོས་སོང
རྟོག་བཏགས་ཀྱི་འདི་སྣང་ལག་མཐིལ་དུ་ལྷུང་ནའང
དོན་དམ་གྱི་འཇིག་རྟེན་ནམ་ཡང་ལྡོག་ག་ལ་སྲིད
མ་འོངས་པའི་བྱ་ཁྱུ་འཕུར་སྐབས་ཀྱི་གཤོག་རྩལ་ལ་ལྟོས་དང
ལོ་ཟླའི་མཐོང་ལམ་འདི་གསལ་ཐིང་ཐིང་གིས་བརྒལ་ངེས
ནམ་མཁའི་ཕ་རོལ་ཏུ་ད་དུང་ནམ་མཁའ་ཡོད
ལས་དབང་ལ་མགོ་བོ་སྒུར་བའི་མཚན་མོ་སྐྱུར
སང་ཉིན་གྱི་ཚེ་སྲོག་ཏུ་གྲུབ་པའི་ཉི་འོད་ལ་ཞུགས་ཏེ
བརྟན་ཚུགས་ཀྱི་ལྗོན་པ་ཡིད་ལ་སྨིན་ཐག་ཆོད་དེ
མིག་མདུན་གྱི་རྨི་ལམ་ཕྱོགས་སུ་གྱེས་ཏེ
ང་ཚོའི་མངོན་སུམ་གྱི་མེ་ལོང་རྒྱང་རིང་ལ་གཏད་ཡོད
ན་གཞོན་ཚོ རྨི་ལམ་ཞིག་འགུལ་བཞིན་འདུག
2019/5/4ཉིན་ཟུར་མང་ནས་བྲིས།
གྱེར་འདོན་བྱེད་མཁན། ཚེ་རིང་བདེ་སྐྱིད།