ང་རང་དབྱར་རྩྭ་དགུན་འབུས་ངོ་མཚར་དུ་བཅུག་སོང་། འཕགས་ཆེན་གྱི་སྙན་ངག
ང་རང་དབྱར་རྩྭ་དགུན་འབུས་ངོ་མཚར་དུ་བཅུག་སོང་།
སྔོན་ཆད་ང་རང་གོ་ཁ་བརྒལ་ནས་འགྲོ་མ་མྱོང
མཐོང་ལམ་གྱི་བསྟར་ལ་བརྒྱུད་པ་དག་ནི་བྱ་དངོས་རྙིང་པ་ཁོ་ན་རེད
ལོ་དེར་ང་རང་རི་བོའི་རྩེ་ལ་འཛེགས
ཉིན་ཞིག་ལ་མཐིང་མདོག་གི་ནམ་མཁའ་ལ་བལྟས
དབྱར་རྩྭ་དགུན་འབུ་ཡོད་པའང་མ་ཤེས
ས་མཐོ་འདིར་ང་རང་ཅིའི་ཕྱིར་དུ་ཡོང་བའང་མ་ཤེས
ཡིན་ནའང་ང་རང་ཤེལ་གོང་ཞིག་ལྟར་གསལ་ཞིང་དྭངས
ལོ་དེར་ང་རང་ཕ་ཡུལ་བརྒལ་ནས་སོང
ཨ་ཙི དགུན་ཁ་རྡོ་ཡང་གློ་བུར་དུ་གས་འགྲོ་བ་ཐོས
འབུ་ཞིག་གསོན་པོར་གནས་པའི་དཔང་རྟགས་མ་མཐོང
ཞིན་ཞིག་ང་རང་དབྱར་རྩྭ་དགུན་འབུ་བརྐོ་ལ་སོང
འཇོར་མ་བརྡར་ནས་སོང
དོར་མ་གྱོན་ནས་སོང
མིག་ཧྲིག་ཧྲིག་གིས་བལྟས་ཀྱང
དགུན་ཁར་རི་སྒང་དུ་འབུ་ཡོད་པ་མ་མཐོང
མཐོང་མྱོང་བ་དག་ནི་འབུ་དང་རྩྭ་མ་རེད
དཀར་གཙང་གི་གངས་རི་མཐོན་པོ་དེ་རེད
ལྗང་མདོག་གི་ནགས་ཚལ་སྟུག་པོ་དེ་རེད
ལོ་དེའི་རྗེས་སུ་ངས་འཚོ་བ་དྲན་བྱུང
ཨ་ཕ་དང་མཉམ་དུ་དབྱར་རྩྭ་དགུན་འབུ་བརྐོ་རུ་སོང
བན་ཆས་གྱོན་ནས་དམར་ལྷབ་ལྷབ་ཏུ་སོང
དབུགས་ཀྱི་འབྱིན་རྔུབ་ལྕི་ཞིང་མགྱོགས་ནའང
སྐྱེས་ཟིན་པའི་དབྱར་རྩྭའི་ལང་ཚོ་ལྟ་ན་སྡུག
ཉིན་རེ་བཞིན་དུ་དབྱར་རྩྭ་དགུན་འབུ་བརྐོས་ཀྱང
ཡིད་ཚིམ་ཞིང་ལོ་རྗེས་མར་འཚོལ་མི་དགོས་པ་གཅིག་ཀྱང་མ་རྙེད
འོན་ཀྱང་ཨ་ཕས་ང་རང་འབུ་ཞིག་ཡིན་སྙམ་གྱིས
འབུ་བླ་མ་ཞིག་གི་ཚང་དུ་བཞག་འགྲོ་བ་ཅི་ལ་ཤེས
ལོ་དེ་ནས་ངས་དབྱར་རྩྭ་དགུན་འབུ་བརྐོ་མཚམས་བཞག
འོན་ཀྱང་དཀོར་ཟན་ཞིག་ཏུ་གྱུར་སོང
སྦྱིན་བདག་གི་ངོ་ལ་ལྟ་ཞོར་ཟ་མ་ཟོས
ཤའང་ཟོས
འབུལ་བ་ཉུང་སོང་བསམས་ཏེ་ཁོང་ཁྲོ་ལངས
ལན་རེར་སྒོར་མོ་མང་སོང་སྙམ་ནས་དགའ་བ་བསྐྱེད
དེ་ནས་བཟུང་ཇ་ཞིག་འཐུང་ནའང་གཙང་མ་ཡིན་པར་སྙམ
ད་ནི་ཨ་ཕའི་གདོང་གི་རྣམ་པ་རབ་བེ་རོབ་བེ་ཅིག་རེད
ངས་དབྱར་རྩྭ་དགུན་འབུ་ཇི་ལྟར་སྐྱེས་ཡོད་པའང་མི་ཤེས
ད་ལྟའི་དགུན་གྱི་དུས་ཚིགས་ལའང
ཉི་འོད་གྱོན་པའི་རྩྭ་ལྡུམ་ཞིག་འཕུར་བཞིན་འདུག
མི་རེ་རེའི་མིག་དང་ལག་ནས་གནམ་འཕང་གཅོད་ཀྱིན་འདུག
དབྱར་རྩྭ་དགུན་འབུའི་རིན་ཐང་ལ་རྩོད་པ་བྱེད་ཀྱིན་འདུག
ངའི་གདོང་ལ་ཚ་བ་རྒྱས་སོང
དབྱར་རྩྭ་དགུན་འབུ་ཅི་ཞིག་རེད
ང་ནི་རི་མོ་ཞིག་ལྟར་ཚོན་གྱིས་བསྒྱུར་སོང་།
2019/6/2ཉིན་ཟུར་མང་ནས་བྲིས།
1 པེ་ཅིན་གྱི་སྤྲིན་དཀར། འཕགས་ཆེན་གྱི་སྙན་ངག་གསར་པ།
2 བོད་ཀྱི་བྱིས་པ། འཕགས་ཆེན་གྱི་སྙན་ངག་གསར་པ།
3 ན་གཞོན་ཚོ། རྨི་ལམ་ཞིག་འགུལ་བཞིན་འདུག འཕགས་ཆེན་གྱི་སྙན་ངག་གསར་པ།