ཞི་བར་གཤེགས་པ་ཀརྨ་ཕུན་ཚོགས་ཀྱི་བརྩམས་ཆོས་ཆེད་བཀོད།
ཀརྨ་ཕུན་ཚོགས། (2004-2019)
ཀརྨ་ཕུན་ཚོགས། སྙུག་མིང་རིག་གཞོན། 2004ལོར་ཟུར་མང་རྩི་སྟོད་འབེ་སྡེ་བར་སྐྱེས། 2013ལོར་ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་དུ་ཞུགས་ནས་བོད་རྒྱ་དབྱིན་རྩིས་དང་། ལྷག་པར་སྙན་ངག་དང་ལོ་རྒྱུས་སོགས་ལ་སྦྱོང་བརྩོན་བྱས། 2018ལོར་མཐར་ཕྱིན། 2018ལོའི་ལོ་མཇུག་ནས་ཟུར་མང་ཆོས་གྲྭ་ཆེན་མོར་ཞུགས། ད་ལོར་བསྡུས་གྲྭ་འཛིན་གྲྭའི་སློབ་མ་ཡིན། 2019ལོའི་ཟླ་6ཚེས་16ཉིན་སྐུ་གྲོངས།
࿃ ཁོང་གིས“ད་དུང་འཇིག་རྟེན་དུ་གནས་ན་སྙན་ངག་ལ་འབད་བརྩོན་བྱེད།” ཅེས་པའི་སྡོམ་ཚིག་ཅིག་བཀོད་དེ་ང་ཚོ་དང་ཞལ་གྱེས་སོང་། ཁོང་ཉིད་གློ་བུར་སྐུ་གཤེགས་པར་མྱ་ངན་ཞུ་བ་དང་། བདེ་ལྡན་ཞིང་དུ་སྐྱེ་བའི་བསྔོ་སྨོན་སྐྱབས་འཇུག་གནང་བར་ཞུ།
ཀརྨ་ཕུན་ཚོགས་ཀྱི་བརྩམས་ཆོས་ཆེད་བཀོད།
གྲོགས་པོ།
འ་འུར་ཟང་ཟིང་ནང་གི་གྲོགས་པོ་ཚོ།།
ཤེས་རིག་ལང་ཚོ་རྒྱས་པའི་གྲོགས་པོ་ཚོ།།
མ་འོངས་མདུན་ལམ་འཚོལ་བཞིན་མཉམ་དུ་བསྐྱོད།།
བློ་སེམས་གཅིག་ཏུ་བསྒྲིམས་ནས་འབད་བརྩོན་བྱེད།།
ཉི་ཟླ་སྐར་གསུམ་ལྟ་བུའི་གྲོགས་པོ་ཚོ།།
སྐྱིད་སྡུག་གཅིག་ཏུ་འབྲེལ་བའི་ན་མཉམ་ཚོ།།
བདག་གི་སེམས་ལ་ཉར་བའི་སྙིང་གྲོགས་ཚོ།།
རིག་གནས་ཀུན་སྤྱོད་ཕྱོགས་ལ་ཧུར་བརྩོན་གྱིས།།
འགྲོགས་འདྲིས་ཟབ་པའི་སྙིང་གི་གྲོགས་པོ་རྣམས།།
རིག་གཞུང་སྐད་ཡིག་དག་ལ་འབད་བརྩོན་གྱིས།།
མཚན་མོའི་ཟླ་བ་ཤར་དུས་ཁྱེད་ཚོ་དྲན།།
དྲན་པའི་སེམས་ཀྱི་རི་མོ་བྲག་ལ་བརྐོས།།
ཡ་རབས་སྤྱོད་ལམ་བཟང་བའི་གྲོགས་པོ་རྣམས།།
སློབ་གླིང་གཅིག་ལ་ཡོད་པའི་གྲོགས་པོ་རྣམས།།
འུ་ཚོ་མཉམ་དུ་འཛོམས་པ་བསོད་ནམས་ཆེ།།
ནམ་ཡང་བརྗེད་ཐབས་མེད་པའི་གྲོགས་མཆོག་ཡིན།།
མ་ཡུམ་སློབ་གླིང་།
ཨེ་མ། མ་ཡུམ་སློབ་གླིང་འདི་ནི་མཛེས་སྡུག་ལྷ་ཡུལ་དང་འདྲ་བའི་དགོན་སྡེ་ཁྲ་མོའི་ལྟེ་བ་ན་ཆགས་ཡོད། སློབ་རའི་ནང་དུ་འཛུལ་མ་ཐག་སྣ་ལམ་དུ་མེ་ཏོག་གི་དྲི་ཞིམ་དབང་མེད་དུ་བསྐྱལ་འོང་།
མཛེས་ཤིང་ལྟ་ན་སྡུག་པའི་སློབ་གླིང་འདི་ན་མེ་ཏོག་པདྨ་ལྟ་བུའི་སློབ་གྲོགས་དང་། ཟླ་བའི་འོད་སྣང་ལྟ་བུའི་དགེ་རྒན་གྱིས་གང་ཡོད། ཤེས་རིག་ལང་ཚོ་རྒྱས་པའི་སློབ་གླིང་འདི་ན་སློབ་གསོའི་སྦྲང་ཆར་འཇོ་བའི་དགེ་རྒན་རྣམ་པའི་མདུན་ནས་སློབ་གྲོགས་རྣམས་ཀྱིས་བློ་གཅིག་སེམས་གཅིག་གིས་སློབ་ཁྲིད་ཉན་བཞིན་ཡོད།
མ་ཡུམ་སློབ་གླིང་འདི་ནི་བདག་ལ་ཆེས་མཛེས་པའི་སློབ་གྲྭ་ཞིག་ཡིན། ང་རང་ཁྱེད་ལ་དགའ།
ཨ་ཕྱི་ཚང་གི་ལུ་གུ།
ཨ་ཕྱི་ཚང་ལ་ལུ་གུ་ཞིག་སྐྱེས་སོང་། དེ་ནི་ངོ་མ་སྙིང་རྗེ་མོ་རེད། ལུས་པོ་འདར་སིག་སིག་བྱེད་བཞིན་འདུག མ་མོས་མགོ་བསྒུར་ནས་ལྕེ་ཡིས་ལུ་གུའི་ལུས་པོ་བལྡགས་ཤིང་ཡང་དུ་མགོ་ནས་རྔ་མ་བར་བལྡགས་སོང་།
ཅུང་ཙམ་འགོར་རྗེས་ལུ་གུའི་སྤུ་བསྐམས་སོང་། ལུ་གུ་པུས་མོ་ས་ལ་བཙུགས་ནས་ལང་ཨེ་ཐུབ་བལྟས་པས་ག་ལེར་ལངས་ཐུབ་སོང་། འོན་ཀྱང་ལུ་གུའི་ལུས་པོ་འཁྱོར་ཞིང་རྐང་པ་འདར་བཞིན་འདུག ང་རང་ལུ་གུ་ལ་སེམས་ཁྲལ་ལངས། ལུ་གུ་ནམ་ཞིག་ལ་འགྲོ་ཐུབ་རྒྱུ་རེད་བསམ་སྐབས་ཨ་ཕྱི་ཡོང་ནས་ཅུང་ཙམ་འགོར་དུས་འགྲོ་ཐུབ་རྒྱུ་རེད་ཅེས་ཟེར། ཨ་ཕྱི་དང་ལུ་གུས་ངའི་སེམས་རྟོགས་ཡོད་པ་འདྲ། ཅུང་ཙམ་གྱི་རྗེས་སུ་ལུ་གུ་འགྲོ་ཐུབ་པ་དང་། ད་དུང་མ་མོའི་ནུ་མ་ནུ་ཤེས་སོང་།
ལུ་གུ་ལགས། ང་ཁྱོད་ལ་དགའ། ངས་ཁྱོད་བརྗེད་མི་སྲིད།
སྒོ་ཁྱི།
ངེད་ཚང་ལ་སྒོ་ཁྱི་ཞིག་ཡོད། དེ་ནི་ན་ནིང་དགུན་ཁར་ཉོས་པའི་ཁྱི་ཞིག་ཡིན། སྤུ་མདོག་དམར་པོ་དང་མིག་གཉིས་ཆེ། གཟུགས་རིང་ཞིང་ཤ་ཆུང་། ད་དུང་རྣ་བ་གཉིས་ཆེན་པོ་ཡོད། ཉིན་ཞིག་ལ་ངེད་ཚང་གི་ཁང་པའི་རྒྱབ་ཕྱོགས་ན་རི་བོ་ཆུང་ཆུང་ཞིག་ཡོད། དེ་རུ་སྤྱང་ཀི་གཉིས་འགྲོ་བཞིན་འདུག་པ་སྒོ་ཁྱིས་མཐོང་བས་འབ་འབ་ཟེར་ནས་རྒྱུག་སྐབས་དེ་མ་ཐག་ཏུ་སྤྱང་ཀི་གཉིས་སྐྲག་ནས་བྲོས་སོང་། དེ་ནས་བཟུང་ང་རང་སྒོ་ཁྱི་ལ་ཧ་ལས་ཤིང་དགའ་བར་གྱུར།
ངེད་ཚང་གི་ཁྱི་དང་ཁྱིམ་མཚེས་ཚང་གི་ཁྱི་གཉིས་ཉིན་རྟག་པར་རྩེད་མོ་རྩེ་བར་དགའ། སྟབས་མ་ལེགས་པ་ཞིག་ལ་དབྱར་དུས་སུ་ངེད་ཚང་གི་ཁྱི་ལ་ནད་ངན་ཕོག་ནས་འཇིག་རྟེན་འདི་དང་ཁ་བྲལ་སོང་།
སྒོ་ཁྱི་ལགས། ངེད་ཚང་ན་ཁྱི་མང་པོ་ཡོད་མྱོང་། འོན་ཀྱང་ང་རང་ལ་ཆེས་དགའ་བའི་སྒོ་ཁྱི་ཁྱོད་རང་ཡིན།
ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་གི་སྐབས་ལྔ་པའི་མཐར་ཕྱིན་ཆེད་དེབ་《གསེར་གྱི་སྐར་ཚོམ་》ལས་བཏུས།
ཞར་བཀོད། མྱ་ངན་ཞུ་ཚིག
--འཕགས་ཆེན་གྱིས།
སྙིང་ནས་གཅེས་པའི་སློབ་བུ་ཀརྨ་ཕུན་ཚོགས་ལགས། ཁྱེད་དོན་ངོ་མ་ང་ཚོ་དང་ཁ་བྲལ་ཟིན་ཏམ། ང་ཚོས་ཇི་ལྟར་བཙལ་ཀྱང་ཐ་ན་ཁྱེད་ཀྱི་སྐུ་ཕུང་ཙམ་ཡང་མཐོང་ཐབས་བྲལ། ངའི་སྣང་ངོར་ཁྱེད་ཀྱི་རྣམ་པ་གསལ་ཐིང་ཐིང་ངང་འཆར་བཞིན་འདུག འུ་གཉིས་ངོ་ཤེས་ནས་ལོ་ངོ་གསུམ་འགོར་འདུག ཐོག་མར་ངོ་ཤེས་པ་ནས་རྩེད་གྲོགས་སུ་གྱུར་ཅིང་། དེ་ནས་དགེ་སློབ་ཤིག་ཏུ་གྱུར། སྐབས་རེར་ངས་ཁྱེད་ལ་སློབ་ཁྲིད་དང་སློབ་གསོ་ཕུལ་ཞིང་རྡུང་སྡིགས་ཀྱང་བྱས་མྱོང་། ལན་རེར་མཉམ་དུ་རྩེད་མོ་རྩེད་པ། སྤྲོ་གསེང་ལ་འགྲོ་བ། ཁ་མཚར་རྩེད་མོ་ཡང་གྲངས་ཀྱིས་མི་ལོན་པ་བྱས་ཡོད། ངས་ཁྱེད་ལ་འདང་བརྩེ་ཟབ་པ་བཞིན་ཁྱེད་ཀྱིས་ང་ལ་གོང་བཀུར་ལྷག་ཏུ་བྱེད།
འདི་ལྟར་ལོ་ངོ་གསུམ་གྱི་གཏམ་རྒྱུད་ལ་ཕྱི་དྲན་བྱེད་ཐེངས་རེར་ངས་ངོ་མ་བཟོད་ཐབས་བྲལ། ཁྱེད་རང་འདི་ལྟར་བྲེལ་འཚུབ་ཀྱིས་ང་ཚོ་ཤུལ་དུ་བསྐྱུར་ནས་བཞུད་འགྲོ་བར་དོགས་པ་ཙམ་ཡང་མེད། ཡིན་ནའང་ལས་ཀྱི་དབང་གིས་ང་ཚོ་ཁ་བྲལ་བཏང་སོང་། ད་ནི་ངས་ཁྱེད་ཀྱི་ཆེད་དུ་ནུས་ཚོད་ཀྱིས་རྒྱབ་ཆོས་རེ་བྱེད་པ་ལས་ཐབས་ཤེས་བྲལ། བདེ་བར་ཕེབས་རོགས། ཕྱི་མ་བདེ་ལྡན་ཞིང་དུ་སྐྱེ་བར་སྨོན།
ཞེས་ཞི་བར་གཤེགས་པ་ཀརྨ་ཕུན་ཚོགས་ཀྱི་རྒན་མིང་ཙམ་འཛིན་པ་འཕགས་ཆེན་དུ་འབོད་པ་དེས་སེམས་སྐྱོ་བའི་ངང་ནས2019ལོའི་ཟླ6ཚེས17ཉིན་ཤར་མར་བྲིས་ཏེ་སྨོན་པའོ།།
མྱ་ངན་ཞུ་ཚིག
--བཀྲ་ཤིས་ཚེ་རིང་གིས།
སློབ་བུ་ཀརྨ་ཕུན་ཚོགས། ཁྱོད་ངོ་མ་དེ་འདྲ་རེད་སོང་ངམ་་་་ ངས་ཁ་མིན་དོན་གྱིས་ཁྱོད་དྲན་བཞིན་ཡོད། ཁྱོད་ཀྱི་གཟུགས་རྣམ་དང་སྔར་རང་གི་སློབ་བུ་སྐབས་སུ་ཁྱོད་རང་ལ་སློབ་གསོ་སྤྲད་པ་དང་རྡུང་སྡིགགས་བྱས་པ་རྣམས་ད་དེ་རིང་ལྷང་ལྷང་དུ་དྲན་བཞིན་འདུག ཨ་མ་མ། ཁྱེད་ལ་གློ་བུར་དེ་འདྲ་བྱུང་སོང་། ད་ང་རང་གི་ཁྱེད་ལ་ཕན་ངེས་ཀྱི་དངོས་པོ་གང་ཡང་འབུལ་ཐབས་མི་འདུག ཅང་རང་ནུས་ཅི་ཡོད་ཀྱི་བསྔོ་སྨོན་རེ་རེམ་རེམ་བྱེད་ཡོང་། བླ་མ་མཁྱེན།