ལག་སྟོང་ཞིག་གིས་མནར་གཅོད་གཏོང་ཚུལ། འཕགས་ཆེན་སྙན་ངག་གསར་པ།
ལག་སྟོང་ཞིག་གིས་མནར་གཅོད་གཏོང་ཚུལ།
འཕགས་ཆེན། (ཡུལ་ཤུལ)
བར་ཐག་རིང་ས་ཞིག་ནས
ཁྱོད་ཀྱི་རང་གཤིས་དེ་འདྲ་མིན་ནའང
ཕྱི་ནང་གི་ཁ་དོག་ལོགས་གཉིས་སུ་གྱུར
རླུང་དང་ཁ་བ་འདྲེས་པའི་མེ་ལོང་ངོས་སུ
ཁྱོད་ཀྱིས་ཅི་ཞིག་བསམ་བཞིན་ཡོད
འདང་མི་ཕོག་པའི་ཟམ་པ་ཞིག་འཛུགས་བཞིན་ཡོད་དམ
ས་ཆ་གཉིས་ཀྱི་དུས་ཚོད་སྟུང་བཞིན་ཡོད་དམ
མིག་མདུན་གྱི་རི་མོ་གོར་གོར་དེ་རུ
རྟེན་འབྲེལ་གྱི་འཁོར་ལོ་བསྐོར་ཡོད
དེ་རུ་ཐུན་མོང་གི་ནམ་མཁའ་ལྡན
ཚེ་འདི་མཚོན་ཐུབ་པའི
རྣམ་ཤེས་ཀྱི་ལྕགས་ཀྱུ་དམར་པོ་བཞག
ཉིན་རེ་ནས་ཉིན་རེར
སྙིང་ལ་ན་ཚ་སློང་བྱེད་ཀྱི་འོད་ཅིག་རྒྱུག་གིན་འདུག
ཁེར་འགྲོ་ཁེར་འདུག་གི་བརྟུལ་ཞུགས་ཉིད
མི་མངོན་པའི་དྲྭ་རྒྱ་དེ་ཡིན
དོན་དངོས་སུ་སྙིང་པོ་ཡོད་མེད་ཆ་མ་འཚལ
མངོན་དུ་མ་གྱུར་པའི་འཆར་སྒོ་ལས
གཏན་ཁེལ་མེད་པའི་འཚོ་བ་འབབ་ཀྱིན་འདུག
སེམས་ཀྱི་གཏིང་རིམ་སུས་ཀྱང་རྟོགས་མེད
ལག་པ་སྟོང་པ་ཞིག་གིས་མནར་གཅོད་གཏོང་བ་ཚད་ལས་འདས
ཁྱོད་ཀྱི་ཆེད་དུ
ཁང་མིག་གཅིག་ལ་སྒེའུ་ཁུང་གཉིས་བཟོས
མ་འོངས་པའི་མིང་དོན་འདྲེས་པའི་ཐ་སྙད་ཅིག་བཏགས
རྨི་ལམ་ནི་མངོན་སུམ་ཡིན་པའི་རྩོད་གཞི་བཞག
གལ་ཏེ་རྩོད་པ་བྱེད་མཁན་ཞིག་འདུག་ན
རྡོ་རྗེའི་ཟེགས་མ་འདེབས
རྡུལ་ཕྲན་མཚོན་ཆ་འཕེན
ས་ཐག་རིང་ཐུང་གི་ཁྱད་མེད་པར
མངོན་སུམ་ལ་སྤར་འཛིན་བྱེད་དགོས
དབལ་ཚ་བའི་ཚིག་གི་མདའ་མོས
སྐྱེ་འཆི་གཉིས་ཀྱི་སྒོ་གླེགས་དབུག་ཐུབ
བསམ་ཡུལ་ལ་འདས་པ་ནི
ཆགས་སྡང་གི་འོབས་སུ་ལྷུང་བའི་དུས་མཐའ་རུ
རང་དབང་གི་མིག་འབྲས་སྤྱད་དེ་ཇི་ལྟར་བལྟ་ཐུབ་བམ།
2019/10/13ཉིན་གྲུབ།
长按识别二维码,带来好运
ཕེབས་ཤོག