前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

ཆོ་འཕྲུལ་དུས་ཆེན་གྱི་ཉིན15ལ་སྟོན་པས་ཆོ་འཕྲུལ་འདི་དག་བསྟན་པ་རེད།

杷青 杷青 Pagchen 2022-07-26
 

 ཆོ་འཕྲུལ་དུས་ཆེན་བྱུང་ཚུལ།


ཆོ་འཕྲུལ་དུས་ཆེན་གྱི་ཉིན་བཅོ་ལྔའི་རིང་ལ་སྟོན་པས་ཆོ་འཕྲུལ་འདི་དག་བསྟན་པ་རེད། ཉིན་རེ་བཞིན་གཟིགས་རྒྱུ་མ་བརྗེད།

 

དེའང་སྟོན་པའི་དུས་ཆེན་བཞི་ལས། ཆོ་འཕྲུལ་དུས་ཆེན་ནི་ལོ་རེའི་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔ་བར་གྱི་ཡར་ངོའི་ཉིན་བཅོ་ལྔའི་རིང་ཡིན་ལ། འདི་ནི་བདག་ཅག་གི་སྟོན་པས་ཕྱི་རོལ་པའི་སྟོན་པ་དག་ཆོ་འཕྲུལ་གྱིས་བཏུལ་བའི་དུས་ཆེན་ཡིན།     
དེ་ལ་སྟོན་པ་སངས་རྒྱས་ནས་ལོ་བདུན་པ་ལ་ཆོ་འཕྲུལ་ཆེན་པོ་བསྟན་པར་གྲགས་ལ། སངས་རྒྱས་འཁོར་བཅས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་དུ་བཞུགས་པའི་ཚེ་མུ་སྟེགས་ཀྱི་སྟོན་པ་སྡེ་དྲུག་ཀྱང་དེ་རུ་གནས་པ་ལ། རྒྱལ་བློན་དང་ཁྱིམ་བདག་ཡུལ་མི་རྣམས་ཀྱིས་སངས་རྒྱས་འཁོར་བཅས་ལ་དད་དེ་བསྙེན་བཀུར་ཞུ་མཁན་ཇེ་མང་དང་། མུ་སྟེགས་པའི་སྟོན་པ་སྡེ་དྲུག་ལ་བསྙེན་བཀུར་བྱེད་མཁན་ཇེ་ཉུང་དུ་སོང་བས་མུ་སྟེགས་སྟོན་པ་དྲུག་པོ་ཕྲག་དོག་གིས་གཟིར་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་སོང་ནས་སངས་རྒྱས་དང་ཆོ་འཕྲུལ་འགྲན་དུ་ཆུག་ཅིག་ཅེས་ཞུས་པར་རྒྱལ་པོས་བཟློག་ཀྱང་མ་ཉན་པར་སངས་རྒྱས་ལ་ཞུས་པས་༼ང་ཉིད་དུས་མཁྱེན་ནོ་༽ཞེས་གསུངས་ཏེ་ཆོ་འཕྲུལ་འགྲན་པར་ཞལ་བཞེས་མཛད། དེ་ནས་མཉན་ཡོད་དུ་རྫོགས་བྱེད་ལ་སོགས་པའི་མུ་སྟེགས་པའི་སྟོན་པ་དྲུག་བཏུལ་བ་སོགས་ཆོ་འཕྲུལ་མང་པོ་བཅོ་ལྔ་རིང་ལ་བསྟན། དེ་རྗེས་རྒྱལ་པོ་ཤར་བ་དང་ལི་ཙ་བྱི་གཉིས་ཀྱིས་སངས་རྒྱས་ཀྱི་མཛད་པ་རྗེས་སུ་དྲན་པའི་ཆེད་དུ་མཆོད་རྟེན་ཞིག་བཞེངས། དེའི་ཕྱི་ལོ་ནས་ཆོ་འཕྲུལ་མཆོད་པ་ཡང་ཚུགས་ཏེ་རྒྱལ་བློན་པཎ་གྲུབ་རྣམས་དང་། ཁྱིམ་བདག་དད་ལྡན་མང་པོས་ཡུལ་ལུང་སོ་སོར་ཆོ་འཕྲུལ་དུས་ཆེན་ཉིན་མཆོད་བསྟོད་མཛད་པའི་སྲོལ་དར་བ་ནས་ཆོ་འཕྲུལ་དུས་ཆེན་ཞེས་ཡོངས་སུ་གྲགས་པ་འདི་ཉིད་བྱུང་བ་ཡིན། རྒྱ་གར་ཙམ་དུ་མ་བྱེད་བོད་ཡུལ་ནས་དུས་ཆེན་འདི་ལ་དམིགས་བསལ་ཆེད་མཐོང་བྱེད་པ་མ་ཟད་བོད་ཀྱི་ལོ་སར་ལའང་འབྲེལ་བ་ཡོད་ངེས། དུས་ཆེན་འདིའི་སྐབས་སུ་དགེ་སྒྲུབ་སྡིག་སྤོང་བྱས་ན་ཕན་ཡོན་ལྷག་པར་ཆེ་བ་ལུང་སིལ་བུ་དང་མྱང་འདས་སོགས་ལས་གསུངས་ཡོད་པས་དུས་ཚོད་དམ་འཛིན་བྱེད་རྒྱུ་ཤིན་ཏུ་གལ་ཆེ། གཤམ་དུ་ཆོ་འཕྲུལ་ཇི་བསྟན་ཚུལ་རྣམས་རིམ་པ་བཞིན་དུ་བཤད་རྒྱུ་ཡིན།







01


 བོད་ཟླ་དང་པོའི་ཚེས༡ཉིན་མོར། སྟོན་པ་འཁོར་བཅས་མཉན་ཡོད་དུ་རྒྱལ་པོ་གསལ་རྒྱལ་གྱིས་སྤྱན་དྲངས་ཏེ་སྦྱིན་བདག་མཛད་པའི་ཚེ། ཚེམས་ཤིང་ས་ལ་བཙུགས་མ་ཐག་འདོད་འཇོའི་དཔག་བསམ་གྱི་ལྗོན་པ་ལས་ཡལ་ག་དང་ལོ་མ་བསམ་གྱིས་མི་ཁྱབ་པ་རྒྱས་པས་ཆོས་ཀྱི་སྒྲ་འབྱུང་བར་སྤྲུལ་ནས་ལྷ་མི་འཁོར་དང་བཅས་ལ་དད་སེམས་རབ་ཏུ་སྐྱེས་ཏེ་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་ཐོབ་པར་མཛད་པའི་ཆོ་འཕྲུལ་དང་པོ་བསྟན་པ་རེད།




02


 ཚེས་གཉིས་ལ་ནི་རྒྱལ་བོ་ཨུ་ཏྲ་ཡ་ནས་མཆོད་པའི་སྐབས། རིན་པོ་ཆེའི་རི་བོ་ཁ་དོག་སྣ་ཚོགས་ཀྱི་འོད་འཚེར་བ། ལྗོན་ཤིང་སྣ་ཚོགས་ལ་མེ་ཏོག་དང་འབྲས་བུས་གང་བ་སྤྲུལ་ནས་ཆོ་འཕྲུལ་གཉིས་པ་བསྟན།




03


 ཚེས་གསུམ་ལ་རྒྱལ་བོ་ཤུནྩི་ད་ལས་མཆོད་པའི་སྐབས། བཅོམ་ལྡན་འདས་ཀྱི་ཞལ་བསིལ་བའི་ཆུ་ས་ལ་དོར་བས་ཡན་ལག་བརྒྱད་ལྡན་གྱི་རྫིང་བུར་དཔག་ཚད་ཉིས་བརྒྱས་པདྨ་སྣ་ཚོགས་ཀྱིས་གང་བ་སྤྲུལ་ནས། བསོད་ནམས་ཀྱི་ལས་བྱེད་པ་མང་བར་མཛད་པའི་ཆོ་འཕྲུལ་གསུམ་པ་བསྟན།



04


 ཚེས་བཞི་ལ་རྒྱལ་པོ་ཨནྡྲ་ཝར་མིས་མཆོད་པའི་ཚེ། རིན་པོ་ཆེའི་རྫིང་བུའི་ཕྱོགས་བཞིར་ཡུར་བ་ལས་ཆུ་འབབ་པའི་སྒྲ་ལས་ཆོས་ཀྱི་སྒྲ་བྱུང་བ་དེའི་དོན་རྟོགས་ནས། བསོད་ནམས་ཀྱི་ལས་བསྐྱེད་པ་ཡང་མང་དུ་མཛད་པའི་ཆོ་འཕྲུལ་བཞི་པ་བསྟན།



05


 ཚེས་ལྔ་ཉིན་ལ་རྒྱལ་བོ་ཚངས་བྱིན་གྱི་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་ལས་འོད་ཟེར་བཀྱེ་ནས་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས། འོད་ཟེར་དེས་རེག་པའི་སེམས་ཅན་ཐམས་ཅད་སྒྲིབ་པ་དང་བྲལ་ཞིང་། བསོད་ནམས་ཀྱི་ལས་མང་དུ་བསྐྱེད་པའི་ཆོ་འཕྲུལ་ལྔ་པ་བསྟན།




06


 ཚེས་དྲུག་ཉིན་ལ་ལི་ཙ་བྱིས་མཆོད་པའི་ཚེ། འཁོར་རྣམས་ཀྱིས་གཅིག་གི་བསམ་པ་གཅིག་གིས་ཤེས་པར་བྱིན་གྱིས་བརླབས་ཤིང་། སོ་སོའི་དགེ་སྡིག་གི་ལས་རྟོགས་པར་བྱས་ཏེ་ཡིད་ཆེས་ཀྱིས་དད་པར་མཛད་པའི་ཆོ་འཕྲུལ་དྲུག་པ་བསྟན།



07


 ཚེས་བདུན་ལ་ཤཱཀྱའི་ཚོགས་རྣམས་ཀྱིས་མཆོད་པའི་ཚེ། འཁོར་ཐམས་ཅད་འཁོར་བསྒྱུར་གྱི་རྒྱལ་པོར་བསྒྱུར་ཏེ། རིན་ཆེན་སྣ་བདུན་སོགས་ཕུན་སུམ་ཚོགས་པ་མཆོག་ཏུ་སྤྲུལ་པའི་ཆོ་འཕྲུལ་བདུན་པ་བསྟན།



08


 ཚེས་བརྒྱད་ལ་བརྒྱ་བྱིན་གྱིས་མཆོད་པའི་ཚེ། སངས་རྒྱས་ཉིད་སེང་ཁྲི་ལ་བཞུགས་ཏེ་མུ་སྟེགས་སྟོན་པ་དྲུག་བཅོམ་ཞིང་འཁོར་ལྷག་མ་སྟོང་ཕྲག་དགུ་བཅུ་སྐྱབས་སུ་སོང་སྟེ་ལྷ་མི་ཐམས་ཅད་དགའ་ཞིང་ཚིམ་པར་མཛད་པའི་ཆོ་འཕྲུལ་བརྒྱད་པ་བསྟན།




09


 ཚེས་དགུ་ཉིན་ལ་ཚངས་པས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་ཚངས་ཆེན་གྱི་གནས་ལ་ཐུག་གི་བར་འོད་ཟེར་གྱིས་གནམ་ས་ཀུན་སྣང་ཞིང་གསལ་བར་མཛད་པའི་ཆོ་འཕྲུལ་དགུ་པ་བསྟན།



010


 ཚེས་བཅུ་ཉིན་མོར་རྒྱལ་ཆེན་སྡེ་བཞིས་མཆོད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་གསེར་འོད་སྟོང་གི་འབར་བ་རྒྱལ་ཆེན་བཞི་ནས་སྲིད་རྩེ་ལ་ཐུག་གི་བར་དུ་ཡོངས་སུ་གང་བར་མཛད་དེ། དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་པའི་ཆོ་འཕྲུལ་བཅུ་པ་བསྟན།



011


 ཚེས་བཅུ་གཅིག་ཉིན་མོར་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཆོད་པའི་ཚེ། སངས་རྒྱས་སེངྒེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས་འོད་ཟེར་བཀྱེ་སྟེ། དམ་པའི་ཆོས་བསྟན་པའི་ཆོ་འཕྲུལ་བཅུ་གཅིག་པ་བསྟན།



012


 ཚེས་བཅུ་གཉིས་ཉིན་མོར་ཁྱིམ་བདག་ཙི་ཏས་མཆོད་པའི་ཚེ། སངས་རྒྱས་བཅོམ་ལྡན་འདས་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་པའི་སྐུ་ལས་འོད་ཟེར་འཕྲོས་ཏེ་ཆོས་བསྟན་པས། འགྲོ་ཀུན་ཕ་མ་ལྟ་བུ་བྱམས་པར་སྐྱོང་པའི་ཆོ་འཕྲུལ་བཅུ་གཉིས་པ་བསྟན།



013


  ཚེས་བཅུ་གསུམ་ཉིན་མོར་རྒྱལ་པོ་ཤུན་ཙི་ད་ལས་མཆོད་པའི་ཚེ། སྟོན་པའི་སྐུའི་ལྟེ་བ་ནས་འོད་ཟེར་འདོམ་བདུན་ཙམ་འཕགས་པ་གཉིས་བྱུང་བའི་སྟེང་ན་པདྨ་རེ་རེ། པདྨ་ལས་སངས་རྒྱས་རེ་རེ་སྤྲུལ་ལ། སྤྲུལ་པའི་སངས་རྒྱས་དེ་དག་གིས་སྟོང་གསུམ་འཇིག་རྟེན་གང་བར་སྤྲུལ་ནས་ཆོ་འཕྲུལ་བཅུ་གསུམ་པ་བསྟན།



014


  ཚེས་བཅུ་བཞི་ཉིན་མོར་རྒྱལ་པོ་ཨུ་ཏྲ་ཡ་ནས་མཆོད་པའི་ཚེ། སངས་རྒྱས་ཀྱི་སྐུ་ལ་མེ་ཏོག་གཏོར་བ་རིན་པོ་ཆེའི་ཤིང་རྟ་ནོར་བུས་སྤྲས་པ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ཡིས་སྲིད་གསུམ་མཛེས་པར་བྱེད་པའི་ཆོ་འཕྲུལ་བཅུ་བཞི་པ་བསྟན།




015


  ཚེས་བཅོ་ལྔ་ཉིན་མོར་རྒྱལ་པོ་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ། སངས་རྒྱས་ཀྱིས་མཐུས་སྣོད་ཐམས་ཅད་ཞལ་ཟས་རོ་བརྒྱ་ལྡན་པས་གང་བར་གྱུར་ཅིང་། འཁོར་མང་པོའི་ལུས་སེམས་རབ་ཏུ་བདེ་ཞིང་ཚིམ་པར་གྱུར་པ་དང་། ཆོས་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པ། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་པར་མཛད་པའི་ཆོ་འཕྲུལ་བཅོ་ལྔ་པ་བསྟན་པའོ། །




མཇུག་གཏམ།

གསལ་བཤད།

དེ་ལྟར་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔ་བར་བདག་ཅག་གི་སྟོན་པས་ཆོ་འཕྲུལ་སྣ་ཚོགས་ཉིན་རེ་བཞིན་བསྟན་ནས། ཕྱི་ནང་གི་གདུལ་བྱ་མང་པོ་ཞིག་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་དུ་ཁྲིད་པར་མཛད་པས་དུས་ཆེན་འདི་ལ་ཕན་ཡོན་དང་བྱིན་རླབས་ཆེན་པོ་ཡོད། ཚེས་གཅིག་ནས་བདུན་བར་འགྲན་ཟླ་དང་བཅས་པའི་ཆོ་འཕྲུལ་དང་། ཚེས་བརྒྱད་ནས་བཅོ་ལྔའི་བར་འགྲན་ཟླ་བྲལ་བའི་ཆོ་འཕྲུལ་ཞེས་གྲགས། ལྷག་པར་དུ་ཚེས་བརྒྱད་ནས་ཚེས་བཅོ་ལྔ་བར་ཁྱད་དུ་འཕགས་པ་ཡིན། དེའི་ནང་ནས་ཀྱང་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་གལ་ཆེ་སྟེ།  ཚེས་བཅུ་བཞི་ཉིན་ཆོ་འཕྲུལ་དུས་ཆེན་ཡིན་པ་མ་ཟད་རྗེ་བཙུན་མི་ལ་རས་པའི་འདས་མཆོད་དང་། ཚེས་བཅོ་ལྔ་ཉིན་མངའ་བདག་མར་པ་ལོ་ཙཱའི་འདས་མཆོད་རེད། དེ་བས་དུས་ཚོད་དམ་འཛིན་བྱས་ཏེ་ཉིན་འདི་དག་གི་རིང་ལ་དགེ་སྒྲུབ་སྡིང་སྤོང་བྱེད་རྒྱུ་ཧ་ཅང་གལ་ཆེའོ།།
 
ཞེས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོའི་ཟླ་དང་པོའི་ཚེས་༣དང་། སྤྱི་ལོ2020ཟླ 2ཚེས26ཉིན་འཕགས་ཆེན་གྱིས་ཕུལ།





    གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ནས། །

    མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །

    འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །

    ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །






扫码关注我们

文章有问题?点此查看未经处理的缓存