前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

འཕགས་ཆེན་འཕྲིན་སྟེགས་སྤེལ་ནས་ལོ་འཁོར5ལོན་པའི་རྟེན་འབྲེལ་ཤིས་ཚིག

杷青 杷青 Pagchen 2022-07-26




2020-3-2ཉིན།


ཆོས་སྐྱོང་དགྲ་འདུལ།


  ཤཱཀྱའི་གཞོན་རབས་པ་ཞིག་གི་ངོས་ནས་བཤད་ན། ལམ་ཁ་ཡོད་ཚད་འོད་ཟེར་སྟོང་ལྡན་ཡིན་དགོས་ཟེར་ན་སུས་ཀྱང་བཤད་དཀའ། དེ་ཡང་ཡིན་ཏེ། མི་བུ་སྒེར་རེ་རེས་འཚོལ་སྙེགས་ཀྱི་ལམ་བུ་མི་འདྲ་བ་རེ་གདམ་དགོས་པ་གཡོལ་དུ་མེད་པས་སོ། ། རེད་དེ། འུ་ཚོ་ཀུན་མཐུན་གྱི་བྱ་བ་ནི་སྤྱི་ཕན་དགེ་ལས་ཡིན་པ་སུས་ཀྱང་བསྙོན་དུ་མེད། དེར་བརྟེན། ངའི་རེ་བར་མི་ཚོས་སྤྱི་སྟེགས་འདི་བརྒྱུད་ནས།  གཞན་ཕན་བྱམས་བརྩེའི་རང་བཞིན་སངས་རྒྱས་ཀྱི་ཡང་དག་པའི་ཤེས་རབ་མཇལ་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད།



ཁྲི་སེམས་དཔའ།


   འཕགས་ཆེན་འཕྲིན་སྟེགས་ནི་ཁམས་ནང་ཆེན་གྱི་གྲྭ་རྐྱང་དཀྱུས་མ་ཞིག་གིས་བསྒྲུབས་པ་ཡིན་ལ། འདི་ནི་ཁོ་བོ་རྒྱུན་དུ་ཀློག་པར་སྤྲོ་བའི་འཕྲིན་སྟེགས་ཤིག་ཀྱང་ཡིན། འཕྲིན་སྟེགས་འདིར་རྒྱུན་དུ་རྩོམ་རིག་དང་ལོ་རྒྱུས། རྒྱུན་ཤེས།སྒྱུ་རྩལ། སློབ་གསོ་སོགས་དང་འབྲེལ་བའི་རྩོམ་ཡིག་སྤུས་དག་མང་པོ་སྤེལ་དང་སྤེལ་བཞིན་ཡོད་པས། འདི་ནི་ཤེས་བྱའི་བང་མཛོད་ཆེན་མོ་ཞིག་ཏུ་བལྟས་ཀྱང་མི་ཆོག་པ་མེད། འཕྲིན་སྟེགས་འདི་ལས་ང་ཚོ་སོ་སོར་གང་མཁོ་བ་དེ་མཐོང་ཐུབ་པས། འཕྲིན་སྟེགས་འདི་ནི་འཕྲིན་སྟེགས་མང་པོ་ལས་གཟེངས་སུ་ཐོན་ཞིང་། རིག་གནས་ཀུན་འཛོམས་ཀྱི་སྟེགས་བུ་ལྟ་བུ་ཞིག་ཏུ་ཡང་ཆགས་ཚར་ཡོད།དེ་བས།  འཕྲིན་སྟེགས་འདི་ཉིད་སྒྲུབ་མཁན་ལ་ཡི་རང་འབུལ་བ་དང་མཚུངས་སུ། འཕྲིན་སྟེགས་འདི་ཉིད་མ་འོངས་པ་ན་སྔར་ལས་ཀྱང་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་སྙིང་ནས་ཞུའོ།།


  ཁྲི་སེམས་དཔའ་ནས་གུས་ཕུལ།



ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན།

ཤིས་ཚིག


སྲིད་པའི་དགའ་སྟོན་མིག་གི་ལྟད་མོ་རུ། །

སྙན་པའི་གཟུགས་བཟང་མཛེས་པའི་མེ་ཏོག་ཕྲེང་། །

མང་པོའི་དོན་ལྡན་རིག་པའི་དགའ་ཚལ་རྒྱས། །

ཡངས་པའི་བློ་སྒོ་ཉིན་མོའི་མཁའ་བཞིན་ཕྱེས། །


ཆོས་འབྱོར་རིག་པའི་ཡིད་ཀྱི་རྒྱགས་ཕྱེ་རུ། །

རྟག་ཏུ་དགོས་འདོད་སྣ་མང་རིག་པའི་དངོས། །

རྒྱུན་ཆད་མེད་པར་དབྱར་གྱི་ཆར་བཞིན་འདི། །

མཛེས་པར་འཕགས་པའི་དོན་ཆེན་བསམ་མི་ཁྱབ། །


གོ་ལ་ཟླུམ་པོ་དབང་སྔོན་མདངས་ལྡན་མའི། །

དབྱར་དགུན་ཚ་གྲང་སྟོན་དཔྱིད་དྲོ་བསིལ་སོགས། །

ཚོར་དང་རེག་པ་ཆེ་ཕྲ་ཆུང་བ་ཀུན། །

རྟག་ཏུ་རྒྱུས་ལོན་འཕྲིན་སྤེལ་བསམ་མི་ཁྱབ། །


བསམ་མི་ཁྱབ་པའི་དོན་ལྡན་ཀརྨ་བཟང་། །

བློར་མི་ཤོང་པའི་ཡོན་ཏན་ཁྱད་འཕགས་ཅན། །

ཚད་མི་དཔོག་པའི་ཡིད་ཅན་སྣང་ངོ་རུ། །

དོན་མི་དམན་འདི་རྣམ་ཀུན་བཀྲ་ཤིས་ཤོག །

   ཅེས། ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན་གྱིས་འཕགས་ཆེན་འཕྲིན་སྟེགས་དབུ་བརྙེས་ནས་ལོ་ལྔར་འཁོར་བ་ལ་ལྷག་བསམ་དག་པོས་དགའ་སྟོན་རྟེན་འབྲེལ་ཞུ་བ་ལ་བོད་རབ་རྒྱན་ལྕགས་བྱིའི་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་བཟང་བ་གཉིས་པར་ཕུལ། ༢༠༢༠-༣-༡



རྡོ་གྲགས།


 བྱ་བ་ཅི་ཞིག་ཡིན་ཀྱང་མགོ་རྩོམ་རྒྱུ་སླ་མོ་ཡིན་ཀྱང་རྒྱུན་སྐྱོང་རྒྱུ་དཀའ་མོ་རེད། དེ་བས་འཕགས་ཆེན་འཕྲིན་སྟེགས་དབུ་བརྙེས་པ་ནི་སྟོབས་ཤུགས་ཤིག་ཡིན་ལ། ལོ་འཁོར་ལྔ་ལ་རྒྱུན་བསྐྱངས་པ་ནི་རྒྱལ་ཁ་ཞིག་ཡིན། རྡོ་གྲགས་ནས།



ཆས་པ་བཀྲ་ཤིས་རྒྱ་མཚོ།

ཐུགས་རྗེ་ཆེ། 


 —འཕགས་ཆེན་འཕྲིན་སྟེགས་གཉེར་ནས་མི་ལོ་ལྔ་འཁོར་བའི་དགའ་སྟོན་ལ།


       བོད་ཡུལ་ཤུལ་ནང་ཆེན་ནས་འཁྲུངས་ཤིང་དབྱངས་གསལ་སོ་བཞིའི་མཛེས་སྡུག་ལ་འཁྱུད་པའི་སྙན་ངག་པ་འཕགས་ཆེན་ལགས་ཀྱིས་འཕགས་ཆེན་འཕྲིན་སྟེགས་གཉེར་ཞིང་།  ཀྱག་ཀྱོག་གི་ལམ་ཕྲན་གང་མང་བརྒྱུད་དེ་མི་ལོ་རིལ་བོ་ལྔ་འཁོར་བ་ལ་སེམས་གཏིང་ནས་དགའ་འབོད་དང་སྤྲོ་བ་རྒྱས།  

      ནང་ལོགས་ཀྱི་རྒྱབ་རྩ་སྲ་ཞིང་ཆ་རྐྱེན་ལེགས་པའི་འཕྲིན་སྟེགས་སྣ་ཚོགས་དང་བསྡུར་ན་བོད་ཡུལ་གྱི་འཕྲིན་སྟེགས་སྤྱི་དང་།  ནང་སྒོས་སུ་དཔུང་གྲོགས་མེད་པའི་སྒེར་གྱི་འཕྲིན་སྟེགས་ཤིག་མི་ལོ་ལྔ་བརྒྱུད་ནས་ཡོང་བ་དེ་ཡང་ལས་སླ་མོ་དང་ཚེགས་ཡང་མོས་འགྲུབ་སླ་བ་ཞིག་ག་ལ་ཡིན།  ཡིན་ཡང་།འཕགས་ཆེན་ལགས་ཀྱིས་བརྩོན་འགྲུས་ཆེན་པོས་དབྱངས་གསལ་གྱི་མཛེས་སྡུག་དང་ཞིམ་མངར་རུམ་ནས་རི་མཐོ་ས་གཙང་གི་ཡུལ་སྒང་བ་ཧྲིལ་བོ་ཁེབས་ཤིང་ཧི་མ་ལ་ཡའི་རི་རྒྱུད་ཀུན་ལ་ཆུ་བཞིན་རྒྱུགས་པའི་འཕགས་ཆེན་འཕྲིན་སྟེགས་ལ་སེམས་གཏིང་ནས་ཡིད་ཆེས་དང་བཅས་རྟེན་འབྲེལ་ཞུ།  

      སླད་མར།   བོད་ན་འཕྲིན་སྟེགས་གཙང་མ་མང་པོ་མེད་པའི་གྲས་ཀྱི་འཕྲིན་སྟེགས་ལེགས་ཤོས་སུ་ཚུད་དང་འཚུད་བཞིན་པའི་འཕགས་ཆེན་འཕྲིན་སྟེགས་ཀྱིས་རབ་དཀར་གྱི་ཡུལ་ཁམས་དང་གཡུ་མདོག་གི་གྲོང་ཚོའི་གཟི་བྱིན་དང་རེ་སྨོན་བཏེགས་ནས་ས་སྒང་ཧྲིལ་བོར་འཇུག་པའི་སྤོབས་པ་དང་ལམ་སྣེ་ཚགས་སུ་ཆུད་པར་ཤོག  ། ཐུགས་རྗེ་ཆེ།   


ཨ་མྱེས་རྨ་ཆེན་འཕྲིན་སྟེགས་ཀྱི་གཙོ་སྒྲིག་པ་ཆས་པ་བཀྲ་ཤིས་རྒྱ་མཚོས། 

  2020/03/01ཉིན་ཅོ་ནེ་ཆས་པའི་གཤིས་ནས།  



སྦྲ་ནག་པ།


བཤད་འདོད་པའི་གཏམ།

  —འཕགས་ཆེན་འཕྲིན་སྟེགས་དབུ་བརྙེས་ནས་ལོ་འཁོར་ལྔ་ལོན་པར་རྟེན་འབྲེལ་གྱི་དོད་དུ།


     སྤྱིར་འཕྲིན་སྟེགས་ཤིག་གཉེར་རྒྱུ་ནི་ལས་སླ་མོ་ཞིག་མིན་ལ། སྒོས་སུ་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྤྱི་ཚོགས་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་དང་། མིའི་རིགས་ཀྱི་འཚོ་གནས་དང་ལས་དབང་ལ་བསམ་གཞིག་གི་ནུས་པ་ཐོན་ཏེ། སྙིང་སྟོབས་ཀྱི་གསོ་སྦྱོང་དང་ལེགས་ཉེས་བླང་དོར་གྱི་གནས་ལུགས་ངོ་འཕྲོད་པའི་སེམས་ངལ་བརྟེན་སའི་འཕྲིན་སྟེགས་ཤིག་གཉེར་རྒྱུ་ནི་དེ་བས་ཀྱང་ཁག་པོ་རེད། 

    ཡིན་ན་ཡང་། འཕགས་ཆེན་འཕྲིན་སྟེགས་ནི་ཐོག་མཐའ་བར་གསུམ་དུ་ཕྱོགས་སོ་སོའི་རྩོམ་པ་པོ་རྣམས་ཀྱི་རྩོམ་རིག་གི་ཞིང་ས་སྣུམ་པོ་ཞིག་དང་། གནའ་དེང་རིག་པའི་བརྡ་འཕྲིན་ཕོ་ཉ་ཞིག་ཏུ་གྱུར་ཏེ། སྐབས་སྐབས་སུ་སློབ་གསོ་དང་། རྒྱུན་ཤེས། གསར་འགྱུར་སོགས་ཀྱི་ཀུན་འདུས་མེ་ལོང་ལྟར་དུ་ཆགས་ཡོད་པས་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་འཐོབ་གིན་འདུག

     ལར་དེང་སང་བརྡ་འཕྲིན་གྱི་དུས་རབས་ཡིན་པས་མི་རྣམས་ཀྱིས་བརྡ་འཕྲིན་ལ་བརྟེན་ནས་རང་ཉིད་ཀྱི་འཚོ་བ་འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་པའི་སྐབས་འདིར། འཕགས་ཆེན་འཕྲིན་སྟེགས་ཀྱིས་ང་ཚོའི་བསམ་པའི་དཔལ་ཡོན་ལ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་ནུས་པ་གལ་ཆེན་འདོན་གིན་ཡོད་པ་མ་ཟད། བོད་མི་རིགས་ཀྱི་སྐད་དང་རིག་གཞུང་གི་ཐད་ནས་སྟོང་ཆ་མང་པོ་ཞིག་ཀྱང་བསབས་དང་གསབ་བཞིན་ཡོད་པས།  ངས་དེ་རིང་ཆེད་དུ་འཕྲིན་སྟེགས་འདི་དབུ་བརྙེས་ནས་ལོ་འཁོར་ལྔ་ལོན་པར་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་། འཕགས་ཆེན་འཕྲིན་སྟེགས་ཀྱི་མཛད་འཕྲིན་ཡུན་ནས་ཡུན་དུ་རྒྱས་པའི་སྨོན་འདུན་ཞུ་བ་ཡིན།                    

 སྦྲ་ནག་པས། ༢༠༢༠.༠༣.༠༡ ཉིན།



མུན་གྲོལ།


  འཕགས་ཆེན་འཕྲིན་སྟེགས་ནི་བོད་ཀྱི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཤིང་།དེའི་ནང་རྩོམ་རིག་དང་བགྲོ་གླེང་། བརྙན་ཐུང་དང་པར་རིས། ལྷག་ཏུ་གསར་འགྱུར་སོགས་བོད་ཀྱི་དེང་རབས་རིག་གནས་ཀྱི་སྙིང་བཅུད་མང་པོ་ཞིག་སྦྲུམ་ཡོད་པས།

    དེའི་ཕྱིར་དེང་གི་མི་སྒེར་སྤྱི་སྟེགས་ཕལ་མོ་ཆེ་བཞིན་ཟླ་འགའ་འགོར་རྗེས་མངའ་ཤོར་མི་འགྲོ་བར་གངས་ཅན་ཕྱི་རབས་གཞོན་ནུའི་ཤེས་རིག་གི་གྲོགས་སུ་འཁྲུངས་བར་ཤིན་ཏུ་སྨོན་ནོ། ། 


༢༠༡༠/༣/༡ཉིན་མུན་གྲོལ་གྱིས་མདོ་ཁམས་ཟལ་མོ་སྒང་ནས་ཕུལ།



གངས་རྩེན།


  གངས་རྩེན་གྱིས་འཕགས་ཆེན་འཕྲིན་སྟེགས་སྤེལ་ནས་ལོ་འཁོར་འབྱུང་བ་ལོན་པར་བཀྲ་ཤིས་རྟེན་ཞུ།


འཕགས་པའི་ཀུན་སློང་བཟང་པོའི་སྣ་དྲངས་པའི།།

ཆེན་པོ་གཏམ་གྱིས་བརྒྱུས་པའི་ཡི་གེའི་ཚོགས།།

འཕྲིན་ལམ་བརྒྱུད་དེ་སྐད་ཅིག་འདྲེན་བྱེད་ལམ།།

སྟེགས་བའི་དགའ་ཚལ་ཡངས་པོར་ཡུན་དུ་བརྟན།།



ཁམས་སྨྱོན་ཧེ་རུ་ཀ

ཤིས་ཚིག


དུས་ཐུང་བགྲང་བྱ་ལྔ་ཡི་རིང་། །

བརྩོན་པའི་རྒྱུན་ཐག་མ་ལྷོད་པས། །

འཕགས་ཆེན་འཕྲིན་སྟེགས་བསམ་འཕེལ་ནོར། །

ལོ་ལྔ་སོན་པ་རྟེན་འབྲེལ་ཞུ། །


སྙན་འགྱུར་གླུ་ཡི་མཆོད་པ་བཤམས། །

དོན་ལྡན་རྩོམ་གྱི་ཉིང་བཅུད་འཁྱིལ། །

གསར་འགྱུར་དུས་ཐོག་ཆར་བ་འབེབས། །

བོད་ཡིག་བླ་སྲོག་སྐྱོང་བ་རྨད། །


སྣ་ཚོགས་རིག་པའི་ནོར་བུ་བརྡལ། །

བགྲང་བྱ་ལྔ་ཡི་ཞབས་རྗེས་འདིའི། །

དགེ་མཚན་སྨྲ་བསམ་བརྗོད་འདས་ཡིན། །

ལོ་ལེགས་འབྲས་བཟང་སྨིན་པ་བསྟོད། །


   ཞེས་འཕགས་ཆེན་འཕྲིན་སྟེགས་གཉེར་ནས་བགྲང་བྱ་ལྔ་སོན་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། མ་འོངས་པར་སྔར་བཞིན་ཡོང་ཐུབ་པའི་སྨོན་འདུན་བཅས་ཁམས་སྨྱོན་ཧེ་རུ་ཀ་འབོད་པ་དེས་རང་ཤག་ནས་གུས་ཕུལ།



སྙུག་རྒོད།


 དྲྭ་བའི་འོད་རླབས་རབ་ཏུ་རྒྱས་པའི་དུས་རབས་གསར་པའི་ཁུག་སོ་ཞིག་ནས་ཁྱེད་ནི་མདོ་དབུས་མཐོ་སྒང་ན་འཕྲིན་ཡིག་སྐྱེལ་བའི་རང་ཚུགས་ཅན་གྱི་བསམ་ཡས་བྱ་དཀར་པོ་ཡིན། ད་དུང་སང་ཉིན་གྱི་གོམ་ཁ་མུ་ནས་མུ་རུ་སྤོས་ཏེ་ཤར་ཕྱོགས་ཨེ་ཤ་ཡི་གླིང་ན་གསང་བའི་འཕྲིན་པ་སྐྱེལ་བའི་སྐད་ཡིག་སྣ་མང་ཅན་གྱི་ཕོ་ཉ་ཡིན་དགོས། རྒྱུ་མཚན་ད་དུང་ཁྱེད་ཀྱི་ལྟག་རྒྱབ་ན་ཁྱེད་ལ་འཁྲེང་བའི་མི་ཚོགས་ཡོད།



ཟུར་ཡེ་ཤེས་རྡོ་རྗེ།


  བརྡ་འཕྲིན་དུས་རབས་འདིར་འཕྲིན་སྟེགས་ནི་ཆེས་མཁོ་གལ་ཆེ་བའི་བརྡ་འཕྲིན་གཙོ་གྲས་ཤིག་ཏུ་གྱུར་ཡོད་ཅིང་། དེ་ཡིས་རྩོམ་ཡིག་དང་པར། སྒྲ་དང་གློག་བརྙན་སོགས་རང་རང་གང་ལ་གང་འདོད་ད་ལྟ་ད་ལྟ་ཁ་པར་ནང་དུ་བསྐྱལ་ཡོང་བས་ན་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ལྷག་པར་དུ་དེ་རིང་ཁ་སང་ཏོག་གསར་གློ་ཚད་སྐོར་གྱི་གསར་འགྱུར་རྣམས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པའི་བཀའ་དྲིན་དང་ཕན་པ་ཁོ་ནས་ང་ཚོས་འཕྲིན་སྟེགས་དག་ལ་བཀའ་དྲིན་ཞུ་དགོས་ཡོད། 


  ཞེས་རྩོམ་པ་པོ་འཕགས་ཆེན་ལགས་ཀྱི་འཕྲིན་སྟེགས་དབུ་བརྙེས་ནས་ལོ་འཁོར་ལྔ་ལོན་པའི་དགའ་སྟོན་རྟེན་འབྲེལ་དུ་༢༠༢༠-༣-༡ཉིན་ཟུར་ཡེ་ཤེས་རྡོ་རྗེ་ཡིས་ཕུལ།



ལྡོང་ཆུ་ཤེལ།

འཕ༷གས་བོད་རིག་པའི་མེ་ལོང་གསལ་བྱེད་པའི།།

ཆེན༷་པོའི་འོད་སྣང་འབར་བའི་ཉིན་བྱེད་སྒྲོན།།

འཕྲི༷ན་ལམ་ནམ་མཁའི་དབྱིངས་སུ་རྒྱུ་བ་ལ།།

སྟེག༷ས་བུ་འདི་ནི་ངོ་མཚར་རྨད་དུ་བྱུང་།།


  འཕགས་ཆེན་འཕྲིན་སྟེགས་དབུ་བརྙེས་ནས་ལོ་འཁོར་ལྔ་ལོན་པར་ལྡོང་ཆུ་ཤེལ་གྱིས་ཕུལ།2020.3.1



ཨ་སྨྱོན་བཀྲ་ཤིས་དོན་གྲུབ།


ཁྱད་འཕགས་གངས་རི་ལས་སྟུག་པའི།། 

ཆེན་པོ་བྷོ་ཊ་ཡི་རིག་གནས།།

འཕྲིན་ལས་ནམ་མཁའ་ལྟར་རྒྱས་མཛད།།

སྟེགས་བུ་འདི་ཉིད་ནི་རྨད་བྱུང་།།


   ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས།






གསལ་བཤད། ཤིས་ཚིག་འབྱོར་བའི་སྔ་ཕྱིའི་གོ་རིམ་ལྟར་བསྒྲིགས་ཡོད།


  བཀྲ་ཤིས་བདེ་ལེགས།



ཕགས་ཆེན།


    དེ་རིང་༼འཕགས་ཆེན་འཕྲིན་སྟེགས་༽དབུ་བརྙེས་ནས་ལོ་འཁོར་ལྔ་ལོན་པའི་ཉིན་མོ་ཡིན།  ལོ་ངོ་འདི་དག་གི་རིང་ལ་རྩོམ་ཡིག་སྐུར་མཁན་དང་། རྩོམ་ཡིག་མཁོ་སྤྲོད་བྱེད་མཁན། དེ་བཞིན་ཀློག་པ་པོ་དང་གཞན་ལ་བརྒྱུད་བསྐུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། འདི་ལྟར་མི་ལོ་ལྔ་ལ་རྒྱུན་མ་ཆད་པར་སྤེལ་ཐུབ་པ་འདིའང་ཁྱེད་ཅག་གིས་རྒྱབ་སྐྱོར་དང་ཐུགས་ཁུར་གང་མང་མཛད་པའི་དབང་གིས་ཡིན།

   མ་འོངས་པར་མུ་མཐུད་ནས་དུས་ཀྱི་འགྲོས་དང་མཐུན་པར་ལམ་ལ་ཆས་དགོས་པས་ཁྱེད་རྣམ་པས་སྡོང་གྲོགས་སྔར་ལས་ལྷག་པ་གནང་རོགས། ཐུགས་རྗེ་ཆེ།


ཞེས་འཕགས་ཆེན་གྱིས་གུས་ཕུལ།

欢迎关注杷青微信公众平台!

文章有问题?点此查看未经处理的缓存