ཉི་མ་དེ་དུས། འཕགས་ཆེན་གྱི་སྙན་ངག་གསར་པ།
འཕགས་ཆེན་འཕྲིན་སྟེགས།
འཕགས་ཆེན། (ཡུལ་ཤུལ)
སྙན་
ངག
བོད
ཉི་མ་དེ་དུས།
དུས་ཚོད་ཨང་ཀི་གོར་ཐིག་མིན་ན་འང་།།
ད་ལྟ་འདི་རེད་གསལ་ཐག་ཆོད་པོ་མག།
ཉི་མ་དེ་དུས་ང་རང་འབྲོག་ཏུ་སྐྱེས།།
དྲིན་ཆེན་མ་ལོས་ཉིན་བཞིན་གཉོར་སྐྱོང་བྱས།།
བརྩེ་བའི་ཨ་ཕས་རིམ་བཞིན་བཟང་སྤྱོད་བསླབས།།
མེས་པོ་མེས་མོས་སྲིད་པའི་གནའ་གཏམ་གློད།།
དེ་ལྟར་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད།།
ཕ་མ་ཚེ་ལས་ཡོལ་བའི་དྲན་གདུང་ཞིག།
སྐྱིད་ཅིང་སྡུག་ཐག་རིང་བའི་མི་ཚེ་ཞིག།
ན་ཚ་རྐྱེན་ངན་མོད་པའི་ལང་ཚོ་ཞིག།
ང་ལ་ཡོད་ལ་ཁྱོད་ལ་མེད་ན་ཐང་།།
དུས་ཀྱི་མ་བསྡུས་པ་ཞིག་མེད་ན་འང་། །
ད་ལྟ་འདི་ཞེས་དུས་བཅད་མི་ཐུབ་བོ།།
ཉི་མ་དེ་དུས་ང་རང་སྒང་ལ་སོང་།།
དགུང་གི་སྤྲིན་དཀར་རྐང་པའི་ཞབས་ཏུ་བཅག།
ཉི་མ་ཟླ་བ་སྐྲ་ཡི་རྩེ་མོས་སྒུལ།།
བར་སྣང་ཁམས་ལ་རྟོག་པའི་རི་མོ་བྲིས།།
རི་དང་ལུང་པ་སེམས་ཀྱི་ཁ་དོག་བྱས།།
ཆུ་དང་གཙང་པོ་ཚོར་བའི་དབྱངས་ལ་བརྒྱུས།།
དེ་ལྟར་ངམ་ངམ་ཤུགས་ཀྱི་བར་སྐབས་སུ།།
དབྱར་མཚེར་དགུན་ས་འབོད་པའི་ཕ་ཡུལ་ཞིག།
རྟ་ཟོག་ར་ལུག་ཟེར་བའི་སྒོ་ཕྱུགས་ཤིག།
དུད་རོགས་རྫི་རོགས་ཞེས་པའི་རོགས་པ་ཞིག།
ཤ་མར་འོ་ཞོ་ཟེར་བའི་ཁ་ཟས་ཤིག།
ང་ལ་ཡོད་ལ་ཁྱོད་ལ་མེད་ན་ཐང་།།
ཉིན་མཚན་ལྡོག་པའི་རྨི་ལམ་མིན་ན་འང་།།
ད་ཆ་འདི་རེད་ཁ་ཚོན་ཆོད་ཐབས་དཀའ།།
ཉི་མ་དེ་དུས་ང་རང་དགོན་ལ་སོང་།།
དགོན་སྡེ་ཁྲ་མོ་སེམས་ཀྱི་ཞིང་ལ་དྲངས།།
མི་སྡུག་ལུས་ལ་དམར་སེར་ངུར་སྨྲིག་བགོས།།
མི་གཙང་སེམས་ལ་དད་པའི་ས་བོན་བཏབ།།
ཡིག་ནག་དཔེ་ཆའི་སྒང་གཤོང་ཉུལ་ཉུལ་དུས།
རྩ་བ་བླ་མ་འདི་ཡིན་བསམ་པ་ཞིག།
གྲྭ་རོགས་གྲོགས་མཆེད་གན་ཡིན་ཟེར་བ་ཞིག།
གྲྭ་ས་དགོན་པ་འདི་ཡིན་ཤོད་པ་ཞིག།
ང་ལ་ཡོད་ལ་ཁྱོད་ལ་མེད་ན་ཐང་།།
ཕྱི་ལོ་བོད་ལོ་འདྲེས་པ་མིན་ནའང་།།
ད་ལྟ་འདི་ཞེས་ཕུ་ཐག་ཆོད་ཐབས་བྲལ།།
ཉི་མ་དེ་དུས་ང་རང་ཤག་ལ་སོང་།།
མཚན་མོའི་མུན་ནག་གྱོན་ནས་ཁེར་རུར་བསྡད།།
རྩོམ་གཞུང་མེ་ལོང་མ་ལ་རོབ་ཙམ་བལྟས།།
སྙན་ངག་སྤྱི་དོན་དཔེ་བརྗོད་ཚར་གཅིག་བཞག།
ཚིགས་བཅད་རང་མོས་ཟུང་འདི་འབྲི་སྦྱོང་བྱས།།
གནའ་དེང་དཔེ་ཆ་ཐ་རེ་ཐོར་རེ་བལྟས།
དེ་ལྟར་ལོ་ཚོད་ནམ་ཟླ་སོང་སོང་དུས།།
རྩོམ་རིག་བྱ་དགའ་ཐོབ་པའི་དཔང་ཡིག་ཅིག།
སྦྲང་ཆར་གངས་མེ་སོགས་ལ་སྙན་ངག་ཅིག།
འཕགས་ཆེན་འཕྲིན་སྟེགས་གྲགས་པའི་རྩོམ་སྟེགས་ཤིག།
ང་ལ་ཡོད་ལ་ཁྱོད་ལ་མེད་ན་ཐང་།།
2020/3/28ཉིན་བྲིས།
ནང་དོན་གསར་པ་ལ་གཟིགས།
1 པེ་ཅིན་གྱི་སྤྲིན་དཀར། འཕགས་ཆེན་གྱི་སྙན་ངག་གསར་པ།
2 བོད་ཀྱི་བྱིས་པ། འཕགས་ཆེན་གྱི་སྙན་ངག་གསར་པ།
3 ན་གཞོན་ཚོ། རྨི་ལམ་ཞིག་འགུལ་བཞིན་འདུག འཕགས་ཆེན་གྱི་སྙན་ངག་གསར་པ།
4 ང་རང་དབྱར་རྩྭ་དགུན་འབུས་ངོ་མཚར་དུ་བཅུག་སོང་། འཕགས་ཆེན་གྱི་སྙན་ངག
5 ལམ་གྱི་འཆར་ཡན། འཕགས་ཆེན་གྱི་སྙན་ངག་གསར་པ།
6 སློབ་གྲོཊ་ཚོ། མུ་མཐུད་ནས་ལམ་དུ་ཆས་ཤིག འཕགས་ཆེན་གྱི་སྙན་ངག་གསར་པ།
7 དེ་རིང་གི་སྤྲོ་གསེང་། འཕགས་ཆེན་གྱི་སྙན་ངག་གསར་པ།
一起为高考加油