前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

རྗེ་བཙུན་མི་ལའི་མགུར་ལས་༼བྲག་དམར་མཆོང་ལུང་གི་སྐོར་དང་པོ།

杷青 杷青 Pagchen 2022-07-26



༄༅།  ། རྗེ་བཙུན་མི་ལའི་མགུར་ལས། ༼བྲག་དམར་མཆོང་ལུང་གི་སྐོར་དང་པོ།


སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོས་གྱེར་བའོ།།

    ན་མོ་གུ་རུ།    རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དེ་ཉིད།   མཆོང་ལུང་ཁྱུང་གི་རྫོང་ན་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞུགས་པའི་དུས།   ནམ་ཞག་གི་ཚེ་འཚོ་བའི་སྟ་གོན་ལ་བཞེངས་པས།   ཕྱེ་ཚ་ཆུ་རྡོར་དག་ལྟ་ཅི་སྨོས་ཏེ།   གོ་ཁ་ན་ཤིང་ཡང་མི་འདུག  །ཐབ་ཁ་ན་ཆུ་དང་མེ་ཡང་མི་འདུག་པས།  ངའི་འདི་ཧ་ཅང་རང་ཡང་བློས་བཏང་དྲགས་འདུག་པས།   ཤིང་ཞིག་འཐུ་རུ་འགྲོ་དགོས་དགོངས་ནས་བྱོན་ཏེ།   ཤིང་ཐུ་བ་གང་ཙམ་རྙེད་པའི་ཚེ།   རླུང་ཆེན་པོ་ཞིག་གློ་བུར་དུ་ལངས་ནས།   རས་བཟུང་ཚེ་ཤིང་ཁྱེར།  ཤིང་བཟུང་ཚེ་རས་ཁྱེར་བ་ལས།   ཐུགས་དགོངས་ལ།   ང་སྔར་རི་ཁྲོད་དུ་དེ་ཙམ་ཞིག་ལ་བསྡད་རུང་།   ད་དུང་བདག་འཛིན་བློས་མ་ཐོངས་བར་འདུག   བདག་འཛིན་བློས་མ་ཐོངས་པའི་ཆོས་དང་སྒྲུབ་པས་ཅི་བྱེད་སྙམ།   རས་དགའ་ན་རས་ཁྱེར།   ཤིང་དགའ་ན་ཤིང་ཁྱེར་གསུངས་གཉིས་ཀ་བློས་བཏང་སྟེ་བཞུགས་པས།   འཚོ་བ་ངན་པའི་སྟོབས་ཀྱིས་བསེར་མའི་རྣམ་པས་ཡུག་ཅིག་ཐུགས་དྲན་མེད་དུ་ཐིམ་པ་ལས།   བཞེངས་པའི་ཚེ།   རླུང་ཞི་བ་དང་རས་དེ་ཤིང་སྡོང་གཅིག་གི་རྩེ་ལ་ལིང་ངེ་འདུག་པ་དང་།   ཐུགས་སྐྱོ་བའི་ཉམས་ཤར་བའི་ངང་ལ་ཕ་བོང་ལུག་རོ་ཙམ་ཞིག་གི་ཁར་མཉམ་པར་བཞག་པའི་མཐར།  ཤར་ཕྱོགས་གྲོ་བོ་ལུང་གི་ཕྱོགས་སུ་སྤྲིན་དཀར་པོ་ཞིག་ལིང་བྱུང་བས།   སྤྲིན་དེའི་འོག་ན་གྲོ་བོ་ལུང་གི་དགོན་པ་ཡོད།   དེ་ན་ངའི་བླ་མ་སྒྲ་སྒྱུར་མར་པ་ལོཙྪ་དེ་བཞུགས་ཏེ་སྙམ་པ་དང་།   བླ་མ་ཡབ་ཡུམ་མཆེད་གྲོགས་རྡོ་རྗེ་སྤུན་གྱི་འཁོར་དང་བཅས་པའི་དབུས་ན་རྒྱུད་ཀྱི་བཤད་པ་དབང་དང་གདམས་ངག་རྣམས་གནང་ཚུལ་དྲན་ནས།   ད་ལྟ་བཞུགས་ན་ཅི་ལ་ཐུག་རུང་མཇལ་དུ་འགྲོ་བ་ཡིན་ཏེ་དགོངས་པ་དང་།   སྔར་གྱི་སྐྱོ་ཤས་དེའི་ཁར།   བླ་མ་དྲན་དྲགས།   ཐུགས་སྐྱོ་བ་ལ་ཚད་ལས་འདས་པ་ཞིག་གི་ངང་ནས།   སྤྱན་ཆབ་མང་པོ་བསིལ་ཞིང་།   ཐུགས་སྐྱོ་བའི་གདུང་དབྱངས་བླ་མ་དྲན་དྲུག་གི་མགུར་འདི་གསུངས་སོ། །

   ཕ་དྲན་པས་གདུང་སེལ་མར་པའི་ཞབས།  །སྤྲང་གདུང་དབྱངས་ཐལ་ལོ་མར་པ་རྗེ།   །བྲག་དམར་མཆོང་ལུང་ཤར་ཕྱོགས་ན།  །ཆུ་འཛིན་སྤྲིན་དཀར་ལང་མ་ལིང་།   །སྤྲིན་དཀར་པོ་ལྡིང་བའི་འོག་ཅིག་ན།  །རྒྱབ་རི་གླང་ཆེན་འགྱིངས་པའི་མདུན་ཞིག་ན།   །མདུན་རི་སེང་ཆེན་འགྱིང་འདྲའི་སྟེང་ཞིག་ན།  །གནས་ཆེན་གྲོ་བོ་ལུང་གི་དགོན་པ་ན།  །རྡོ་ཆེན་ཨ་མོ་ལི་གེའི་ཁྲི་སྟེང་ན།  །གདན་ཁྲི་སྙན་ས་ལེའི་པགས་སྟེང་ན།  །དེ་ན་སུ་བཞུགས་སུ་མི་བཞུགས།   །དེ་ན་སྒྲ་སྒྱུར་མར་པ་བཞུགས།   །དུས་ད་ལྟ་བཞུགས་ན་དགའ་བ་ལ།   །ང་མོས་གུས་ཆུང་ཡང་མཇལ་སྙིང་འདོད།   །གདུང་སེམས་ཆུང་ཡང་མཇལ་སྙིང་འདོད།   །ང་བསམ་ཞིང་མཚན་ལྡན་བླ་མ་དྲན།   །བསྒོམ་ཞིང་མར་པ་ལོ་ཙཱ་དྲན།   །ཡུམ་མ་ལས་ལྷག་པའི་བདག་མེད་མ།   །དུས་ད་ལྟ་བཞུགས་ན་དགའ་བ་ལ།   །ས་བསྐོར་ཐག་རིང་ཡང་མཇལ་སྙིང་འདོད།    །ལམ་བགྲོད་པར་དཀའ་ཡང་མཇལ་སྙིང་འདོད།   །བསམ་ཞིང་མཚན་ལྡན་བླ་མ=     །བསྒོམ་ཞིང་མར་པ=    །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་དེ།   །དུས་ད་ལྟ་གསུངས་ན་དགའ་བ་ལ།   །ང་ཤེས་རབ་ཆུང་ཡང་འཛིན་སྙིང་འདོད།   །བློ་གྲོས་ཆུང་ཡང་སྐྱོར་སྙིང་འདོད།    །བསམ་ཞིང་=    །བསྒོམ་ཞིང་=     །སྙན་བརྒྱུད་བརྡ་ཡི་དབང་བཞི་དེ།   །དུས་ད་ལྟ་བསྐུར་ན་དགའ་བ་ལ།    །ང་འབུལ་བ་ཆུང་རུང་ཞུ་སྙིང་འདོད།    །དབང་ཡོན་མེད་རུང་ཞུ་སྙིང་འདོད།    །བསམ་ཞིང་=     །བསྒོམ་ཞིང་=     ཁྲིད་ཟབ་མོ་ནཱ་རོ་ཆོས་དྲུག་དེ།     །ད་ལྟ་གསུངས་ན་དགའ་བ་ལ།    །ང་སྙིང་རུས་ཆུང་རུང་ཞུ་སྙིང་འདོད།    །ང་སྒོམ་སྲན་ཆུང་རུང་བསྒོམ་སྙིང་འདོད།   །བསམ་ཞིང་=    །བསྒོམ་ཞིང་=   །མཆེད་གྲོགས་དབུས་གཙང་དད་འདུས་དེ།   །ད་ལྟ་བཞུགས་ན་དགའ་བ་ལ།   །ང་ཉམས་རྟོགས་ངན་རུང་བསྡུར་སྙིང་འདོད།   །གོ་བ་ཞན་རུང་བསྡུར་སྙིང་འདོད།   །བསམ་ཞིང་=    །བསྒོམ་ཞིང་=   །སྤྲང་མོས་གུས་ཀྱི་ངང་ནས་འབྲལ་མེད་ཀྱང་།   །བླ་མ་སྙིང་ནས་དྲན་པ་ཡི།   །འདོད་པའི་གདུངས་ནས་བཟོད་བླག་མེད།   །དབུགས་སྟོད་དུ་འཚངས་ནས་སྐད་མ་ཐོན།   །བུ་ཡི་གདུང་བ་སེལ་ཅིག་བཀའ་དྲིན་ཅན།   །

    ཞེས་གསུངས་པས། སྤྲིན་དེ་དར་སྣ་ལྔའི་ཡུག་བརྐྱང་བ་ལྟ་བུ་ཞིག་ཏུ་གྱུར་བའི་རྩེ་ལ། རྗེ་མར་པ་དེ་ཉིད་སྔར་བས་ཀྱང་གཟི་བརྗིད་ཆེ་བ་ཞིག་སེང་གེ་དཀར་མོ་རྒྱན་དུ་མས་བརྒྱན་པ་གཅིག་ལ་ཆིབས་ནས་བྱོན་ཏེ། བུ་མཐུ་ཆེན་ཁྱོད་ད་ལན་གདུང་བ་དྲག་པོས་ང་འབོད་པ་དེ་ཅི་བྱུང་། བླ་མ་དང་ཡི་དམ་དཀོན་མཆོག་ལ་ཡིད་ཆད་དམ། རྟོག་པ་རྐྱེན་ངན་གྱི་ཡུལ་ཕྱིར་འབྲངས་སམ། སྒྲུབ་ཁང་དུ་ཆོས་བརྒྱད་ཀྱི་བར་ཆད་ཞུགས་སམ། རེ་དོགས་ཀྱི་འགོང་པོས་བློ་གཙེར་བས་ཡིད་སུན་ནམ། ཡང་ཡར་དཀོན་མཆོག་ལ་ཞབས་ཏོག །མར་རིག་དྲུག་གི་སེམས་ཅན་ལ་སྦྱི་གཏོང་། བར་དུ་ཁྱོད་རང་སྡིག་སྒྲིབ་དག་པ་དང་ཡོན་ཏན་སྐྱེ་བའི་མཐུན་རྐྱེན་བཟང་པོ་སྐྱེ་བ་ཡིན་ནམ། ཅི་ཡིན་རུང་ཁྱོད་དང་ང་ལ་འབྲལ་ཐབས་མེད་ཀྱིས། སྒྲུབ་པས་བསྟན་པ་དང་སེམས་ཅན་གྱི་དོན་གྱིས་ཤིག་གསུངས་པའི་ཉམས་ཤིག་ཤར་བས། དགྱེས་དྲགས་བཟོད་བླག་མེད་པའི་ངང་ནས། ཉམས་ཤར་གྱི་གསུང་ལན་དུ་མགུར་འདི་བཞེས་སོ།།


   ཕ་བླ་མའི་ཞལ་མཐོང་གསུང་ཐོས་པས། ། སྤྲང་པོའི་སྙིང་རླུང་ཉམས་སུ་ཤར། །བླ་མའི་རྣམ་ཐར་དྲན་པ་ཡིས། །རྟོག་པ་མོས་གུས་གཏིང་ནས་སྐྱེ། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་ཞུགས། །ཆོས་མིན་སྣང་བ་ཐམས་ཅད་འགགས། །བླ་མ་དྲན་པའི་གདུང་དབྱངས་འདི། །རྗེ་བཙུན་སྙན་ལ་གཟན་ལགས་ཀྱང་། །སྤྲང་ལ་སྣང་བ་འདི་ལས་མེད། །ད་དུང་བགྱིད་དོ་ཐུགས་རྗེས་སྐྱོངས། །སྙིང་རུས་སྡུག་བསྲན་གྱི་སྒྲུབ་པ་འདི། །ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན། །གཅིག་པུར་རི་ཁྲོད་འགྲིམ་པ་འདི། །མཁའ་འགྲོ་མཉེས་པའི་ཞབས་ཏོག་ཡིན། །རང་རྩིས་མེད་པའི་དམ་ཆོས་འདི། །སངས་རྒྱས་བསྟན་པའི་ཞབས་ཏོག་ཡིན། །ཚེ་དང་སྒྲུབ་པ་སྙོམས་པ་འདི། །

མགོན་མེད་སེམས་ཅན་གྱི་སྦྱིན་གཏོང་ཡིན། །ན་དགའ་ཤི་སྐྱིད་སྙིང་རུས་འདི། །ལས་སྒྲིབ་སྦྱོང་བའི་འཕྱག་ཤིང་ཡིན། །སྡིག་ཟས་སྤངས་པའི་དཀའ་ཐབ་འདི། །ཉམས་རྟོགས་སྐྱེ་བའི་མཐུན་རྐྱེན་ཡིན། །ཕ་བླ་མའི་དྲིན་ལན་སྒྲུབ་པས་འཇལ། །བུ་ཐུགས་རྗེས་སྐྱོངས་ཤིག་གུ་རུ་རྗེ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །

   འདི་ནས་ཡར་བརྩིས་པའི་མི་ཐོག་བཞི་ཙམ་གྱི་སྔོན་དེ་སྤྱི་ལོ ༡༨༠༠ ཡི་སྨད་ཙམ་ལ་གསེར་རྟའི་སྟོད་ཀྱི་རོགས་བཟའ་སྡེ་བ་རུ་དབལ་ཤུལ་བླ་མ་སྒྲུབ་བརྒྱུད་ཟེར་བ་གསུང་སྐད་སྙན་པའི་ཚད་དུ་འཇོག་པ་ཞིག་འཁྲུངས། ཁོང་དགུང་གྲངས་ཉི་ཤུ་ལྷག་གི་དུས་དབུས་གཙང་ཕྱོགས་སུ་གནས་སྐོར་ལ་བྱོན་སྐབས་སྒྲ་བསྒྱུར་མར་པ་དང་།  རྗེ་བཙུན་མི་ལ་སོགས་ཀྱི་མགུར་རྟ་མང་པོ་ཞིག་སྦྱངས་འོངས་བ་རེད་ཅེས་ངའི་ཕ་སྐུ་རྒྱབ་ཐོ་ལོ་ལགས་ཀྱིས་གསུངས་ཡང་འཁྲུངས་འདས་ཀྱི་ལོ་ཚིག་ཞིབ་ཏུ་ཤེས་མཁན་མི་འདུག

  དེ་ནས་སྤྱི་ལོ ༡༩༥༨གྱི་ཡར་སྔོན་དུ་ཁོང་གིས་གསེར་རྟའི་སྟོད་ཕྱོགས་སུ་མགུར་རྟ་དེ་དག་མང་པོ་ཞིག་ཁྲིད་མྱོང་བར་བཤད་ཅིང་། སྐབས་དེ་དུས་ངའི་ཕ་སྐུ་རྒྱབ་ཐོ་ལོ་ལགས་དང་།  ལྷོ་བ་པད་ལོ་ཞུ་བ་གཉིས་ཀྱིས་ཁོང་གི་དྲུང་ནས་མགུར་རྟ་མང་པོ་ཞིག་སྦྱངས་མྱོང་བ་རྗེས་སུ་ཁོང་གཉིས་ཀྱིས་ང་ལོ་བདུན་བརྒྱད་ཞིག་ཡིན་དུས་ང་ལ་སྔ་ཕྱིར་མི་ལ་རས་པའི་མགུར་རྟ་སུམ་ཅུ་སོ་གཉིས་ཁྲིད་གནང་བ་ད་དུང་ཡང་མ་བརྗེད་པར་དྲན་གྱིན་འདུག

  ཡ་མཚན་པ་ཞིག་ལ་དེང་སང་འབྲུག་ཡུལ་དུ་མི་ལའི་རྣམ་མགུར་གྱི་ནང་ཚན་ཡན་ལག་བདུན་པ་དང་། གཙང་ལ་ཡར་འགྲོ །བསམ་པ་རྫོགས་པའི་མགུར་སོགས་ཀྱི་མགུར་རྟ་ཁ་ཤས་ཤིག་ཡོད་པ་དེ་དག་གི་གདངས་གཤིས་དང་། འགྱུར་ཁུགས་སོགས་ཉམས་ཀྱི་ཆ་རྣམས་གསེར་རྟའི་ཕྱོགས་སུ་དར་བ་དེ་དག་དང་ཧ་ཅང་འདྲ་བར་འདུག་པས།

སྔོན་ཆད་དབུས་གཙང་གི་ཕྱོགས་སུ་སྒྲ་བསྒྱུར་མར་པ་དང་། རྗེ་བཙུན་མི་ལའི་མགུར་རྟ་སོགས་ལ་འགྱུར་ཁུགས་དམིགས་བསལ་བ་མང་པོ་ཞིག་ཡོད་པ་ཚོད་དཔག་བྱེད་ཐུབ།  

 ཡིན་ན་ཡང་ན་ནིང་ཟླ་བ་གཅིག་ལྷག་ལ་བོད་ལྗོངས་ས་ཁུལ་གྱི་ལྷོ་བྲག་དང་། རོང་ཤར། སྐྱིད་རོང་སོགས་མི་ལ་རས་པ་དང་འབྲེལ་ཡོད་ཀྱི་ས་ཆ་མང་པོ་ཞིག་ལ་ཆེད་དུ་བསྐྱོད་ནས་མགུར་རྟ་རེ་ཟུང་ཤེས་མཁན་གྱི་མི་མང་པོ་ཞིག་ལ་བཅར་ཡང་དེ་དག་གི་མགུར་རྟའི་ཉམས་དང་འགྱུར་ཁུགས་སོགས་ནི་གསེར་རྟའི་ཕྱོགས་སུ་དར་བ་དང་གཏན་ནས་མི་འདྲ་བར་འདུག་པས། གནད་དོན་འདི་ལ་བསམ་ན་བོད་ཀྱི་གླུ་དང་རོལ་དབྱངས་ཀྱི་རིག་གནས་འདི་ཡང་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་དང་འགྱུར་བཞིན་ཡོད་པ་ཤེས་ཐུབ་པོ།།

  

   སྐབས་འདིར་ངས་མི་ལོ་བཞི་བཅུ་ལྷག་གི་རིང་རྗེ་བཙུན་མི་ལའི་མགུར་རྟ་མང་པོ་ཅིག་སྦྱངས་པའི་འབྲས་རྟགས་ཙམ་ལ་རྗེ་བཙུན་མི་ལའི་མགུར་འབུམ་གྱི་ནང་ཚན་བྲག་དམར་མཆོང་ལུང་གི་སྐོར་རྣམས་མགུར་དབྱངས་སུ་གྱེར་བ་དང་བསྟུན་འདི་དག་གི་ངོ་སྤྲོད་མདོར་བསྡུས་ཤིག་ཀྱང་ཞུ་འདོད་བྱུང་།

  སྤྱིར་བོད་ཁམས་ཡོངས་སུ་རྗེ་བཙུན་མི་ལའི་མགུར་ལ་མགུར་རྟ་མི་འདྲ་བ་མང་པོ་ཞིག་ཡོད་ཅིང་།  འདིར་བླ་མ་དྲན་དྲུག་གི་མགུར་ལའང་ཡུལ་དབུས་ལྷ་ས་དང་།  གཙང་གི་རོང་ཤར།  དབལ་ཤུལ་གསེར་རྟ་བཅས་ས་ཁུལ་སོ་སོར་མགུར་རྟ་མི་འདྲ་བ་གསུམ་ཙམ་ཡོད་པ་ལས་ངས་སྐབས་འདིར་གྱེར་བའི་བླ་མ་དྲན་དྲུག་གི་མགུར་དབྱངས་འདི་ཕ་ཡུལ་གསེར་རྟའི་ལུགས་ལྟར་བླངས་བ་ཡིན།

  མགུར་རྟ་འདིའི་མིང་ལ་བུ་ཆུང་ཨ་མ་དྲན་པའི་གདུང་དབྱངས་ཞེས་ཟེར་ཞིང་། འདི་ནི་གོང་དུ་བཤད་པའི་དབལ་ཤུལ་བླ་མ་སྒྲུབ་བརྒྱུད་ཟེར་བ་ཞིག་གིས་ངའི་ཕ་སྐུ་རྒྱབ་ཐོ་ལོ་ལགས་ལ་བསླབས་གནང་ནས་ཁོང་གིས་ང་ལ་ཁྲིད་པ་ཞིག་ཡིན།

 

    དེ་བཞིན་དུ་ཉམས་ཤར་གསུངས་ལན་གྱི་མགུར་རྟ་འདི་ཡང་གོང་དང་འདྲ་བར་དབལ་ཤུལ་སྒྲུབ་བརྒྱུད་ལགས་ཀྱིས་སྐུ་རྒྱབ་ཐོ་ལོ་ལ་བསླབས་ཤིང་།  ཁོང་གིས་ང་ལ་ཁྲིད་པ་ལགས།

1

མགུར་གྱེར་མཁན།

སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོ།


རྗེ་མི་ལའི་རྣམ་མགུར་ལས༼བསམ་པ་རྫོགས་པའི་མགུར༽ 米拉日巴道歌(古嘉慈诚唱)
2 རྗེ་མི་ལའི་རྣམ་མགུར་ལས་བྲག་དམར་མཆོང་ལུང་གི་སྐོར།
རྗེ་མར་པའི་མགུར་ཆེན་ལམ་གླུ་རིང་མོའི་མགུར་རྟ་བུང་བ་རྒྱང་འཕུར།
4རྗེ་བཙུན་མི་ལའི་རྣམ་མགུར་ལས། དང་པོ༽ བླ་མ་དྲན་དྲུག་གི་སྐོར།

长按二维码

关注我们


文章有问题?点此查看未经处理的缓存