前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

རྗེ་བཙུན་མི་ལའི་མགུར་ལས་༼བྲག་དམར་མཆོང་ལུང་གི་སྐོར་གཉིས་པ།

杷青 杷青 Pagchen 2022-07-26


༄༅།  ། རྗེ་བཙུན་མི་ལའི་མགུར་ལས། ༼བྲག་དམར་མཆོང་ལུང་གི་སྐོར་གཉིས་པ།


སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོས་གྱེར་བའོ།།


    ཞེས་གསུངས། ཐུགས་སྤྲོ་སིང་ངེ་བའི་ངང་ནས་རས་གོས་དེ་བཞེས། ཤིང་མཚོན་པ་ཞིག་ཁྱེར་ནས་སྒྲུབ་ཁང་དུ་བྱོན་པས། སྤྱིལ་པོ་ན་ལྕགས་ཀྱི་ཨ་ཙ་ར་མིག་ཕོར་ཁོག་ཙམ་བགྲད་པ་ལྔ་འདུག་པ་ལས་གཅིག་རྗེ་བཙུན་གྱི་གཟིམས་མལ་ན་བསྡད་ནས་ཆོས་འཆད། གཉིས་ཀྱིས་ཉན། གཅིག་གིས་ལྟོ་གཡོ། གཅིག་གིས་ཕྱག་དཔེ་རྣམས་གཡེང་ཞིང་འདུག་པས། ཐོག་མར་ཟིལ་བུན་པ་ཞིག་བྱུང་། དེ་རྗེས་གཞི་བདག་མ་དགའ་བའི་ཆོ་འཕྲུལ་ཡིན་པར་འདུག  ང་གནས་གང་དུ་སྡོད་རུང་གཏོར་མ་གཏང་རྒྱུ་ནི་མེད། བསྟོད་པ་རེ་མ་བྱས་པ་མེད་པས། གནས་འདི་ལའང་བསྟོད་པ་ཞིག་བྱེད་དགོས་པ་ཡིན་ཡོང་དགོངས་ཏེ། གནས་ལ་བསྟོད་པའི་མགུར་འདི་གསུངས་སོ།།

   ཨེ་མ་རི་ཁྲོད་དབེན་པའི་གནས།། རྒྱལ་བ་བྱང་ཆུབ་བརྙེས་པའི་ས།།གྲུབ་ཐོབ་རྣམས་ཀྱི་བཞུགས་པའི་ཤུལ།། མི་རང་གཅིག་པུར་འདུག་པའི་ཡུལ།། བྲག་དམར་མཆོང་ལུང་ཁྱུང་གི་རྫོང་།། སྟེང་ན་ལྷོ་སྤྲིན་ཁོར་མ་ཁོར།། འོག་ན་གཙང་ཆབ་གྱ་མ་གྱུ།།བར་ན་རྒོད་པོ་ལང་མ་ལིང་།། རྩི་ཤིང་སྣ་ཚོགས་བན་མ་བུན།། ལྗོན་ཤིང་གར་སྟབས་ཤིགས་སེ་ཤིགས།། བུང་བ་གླུ་ལེན་ཁོ་རོ་རོ།། མེ་ཏོག་དྲི་ངད་ཆི་ལི་ལི།། བྱ་རྣམས་སྐད་སྙན་ཀྱུ་རུ་རུ། ། དེ་འདྲའི་བྲག་དམར་མཆོང་ལུང་ན།། བྱ་དང་བྱེའུ་གཤོག་རྩལ་སྦྱོང་།། སྤྲ་དང་སྤྲེའུ་ཡང་རྩལ་སྦྱོང་།། རི་དྭགས་སྣ་ཚོགས་བང་རྩལ་སྦྱོང་།། ང་མི་ལ་རས་པ་ཉམས་རྩལ་སྦྱོང་།། ཉམས་རྩལ་བྱང་ཆུབ་སེམས་གཉིས་སྦྱོང་།། ང་དང་དབེན་གནས་གཞི་བདག་མཐུན།། ཁྱེད་འདིར་ཚོགས་འབྱུང་པོ་མི་མ་ཡིན།། བྱམས་སྙིང་རྗེའི་བདུད་རྩི་འདི་འཐུངས་ལ།། རང་རང་སོ་སོའི་གནས་སུ་དེངས།།

   ཞེས་གསུངས་པས། ཨ་ཙ་ར་དེ་རྣམས་རྗེ་བཙུན་ལ་མི་དགའ་བའི་རྣམ་པས་ཕན་ཚུན་སྡང་མིག་གི་འགྲོས་ཤིག་ཤིག་པའི་ངང་ནས། ཨ་ཙ་ར་གཉིས་བསྣན་ཏེ། བདུན་དུ་སོང་བའི་ལ་ལས་རྔམས་གཙིགས་བསྡམས། ལ་ལས་སོ་ཁྲིག་ཁྲིག་བྱེད་ཅིང་མཆེ་བ་གཙིགས། ལ་ལ་དགོད་ཅིང་སྐད་དྲག་པོ་འདོན། ཀུན་དྲིལ་ནས་རྡེག་སྟངས་དང་སྡིགས་མོ་བྱེད་དུ་བྱུང་བས། མི་མ་ཡིན་གྱིས་བར་ཆད་རྩོམ་པར་དགོངས་ནས། ཁྲོ་བོའི་ལྟ་སྟངས་ཀྱི་ངང་ནས་དྲག་བསྔགས་བཟླས་རུང་མ་སོང་། སྙིང་རྗེ་ཆེན་པོ་ཐུགས་ལ་འཁྲུངས་ནས་ཆོས་བཤད་རུང་འགྲོར་མ་འདོད་པའི་ཚེ། ཐུགས་ལ། ང་ལ་ལྷོ་བྲག་མར་པས་ཆོས་ཐམས་ཅད་རང་སེམས་སུ་ངོ་སྤྲད་ཅིང་རང་སེམས་འོད་གསལ་སྟོང་པར་ཁོ་ཐག་ཆོད་པ་ལ། གདོན་བགེགས་ཕྱི་རོལ་ཏུ་བཟུང་ནས་སོང་ན་དགའ་བ་འདི་བྱེད་དོན་མི་འདུག་དགོངས། མི་འཇིགས་པའི་གདེང་མངོན་དུ་གྱུར་ནས་ལྟ་བ་གདེང་དང་ལྡན་པའི་མགུར་འདི་གསུངས་སོ།། 

    ཕ་བདུད་བཞི་དམག་དཔུང་ལས་རྒྱལ་བ།། སྒྲ་བསྒྱུར་མར་པའི་ཞབས་ལ་འདུད།། མི་ང་དག་ང་རང་མི་ཟེར་ཏེ།། ང་ནི་དར་སེང་དཀར་མོའི་བུ།། ཨ་མའི་མངལ་ནས་རྩལ་གསུམ་རྫོགས།། ཕྲུག་གུའི་ལོ་ལ་ཚང་དུ་ཉལ།། ཐོང་བའི་ལོ་ལ་ཚང་སྒོ་བསྲུངས།། དར་མའི་ལོ་ལ་གངས་སྟོད་འགྲིམས།། ང་གངས་བུ་ཡུག་འཚུབས་རུང་ཡ་མི་ང་།། བྲག་གཡང་ས་ཆེ་རུང་བག་མི་ཚ།། མི་ང་དག་ང་རང་མི་ཟེར་ཏེ།།ང་ནི་བྱ་རྒྱལ་ཁྱུང་གི་བུ།། སྒོ་ངའི་ནང་ནས་གཤོག་སྒྲོ་རྒྱས།། ཕྲུག་གུའི་ལོ་ལ་ཚང་དུ་ཉལ།། ཐོང་བའི་ལོ་ལ་ཚང་སྒོ་བསྲུངས།། ཁྱུང་ཆེན་དར་མའི་ལོ་ལ་གནམ་འཕང་བཅད།། ང་གནམ་ཁ་ཞེང་ཆེ་རུང་ཡ་མི་ང་།། ས་ལུང་སུལ་དོག་རུང་བག་མི་ཚ།། མི་ང་དག་ང་རང་མི་ཟེར་ཏེ།།ང་ནི་ཉ་ཆེན་ཡོར་མོའི་བུ།། ཨ་མའི་མངལ་ནས་གསེར་མིག་འཁྱིལ།། ཕྲུག་གུའི་ལོ་ལ་ཚང་དུ་ཉལ།། ཐོང་བའི་ལོ་ལ་ཁྱུ་སྣ་དྲངས།། ཉ་ཆེན་དར་མའི་ལོ་ལ་མཚོ་མཐའ་བསྐོར།། ང་མཚོ་རྦ་རླབས་ཆེ་རུང་ཡ་མི་ང་།། དོལ་ལྕགས་ཀྱུ་མང་རུང་བག་མི་ཚ།། མི་ང་དག་ང་རང་མི་ཟེར་ཏེ།། ང་ནི་བཀའ་བརྒྱུད་བླ་མའི་སྲས།། ཨ་མའི་མངལ་ནས་དད་པ་སྐྱེས།། ཕྲུག་གུའི་ལོ་ལ་ཆོས་སྒོར་ཞུགས།། ཐོང་བའི་ལོ་ལ་སློབ་གཉེར་བྱས།། སྒོམ་ཆེན་དར་མའི་ལོ་ལ་རི་ཁྲོད་འགྲིམས།། ང་འདྲེ་གདུག་རྩུབ་ཆེ་རུང་ཡ་མི་ང་།། གདོན་ཆོ་འཕྲུལ་མང་རུང་བག་མི་ཚ།། སེང་གངས་ལ་འགྱིངས་བ་སྦར་མི་འཁྱག། སེང་གེ་གངས་ལ་སྦར་འཁྱག་ན།། རྩལ་གསུམ་རྫོགས་པ་དོན་རེ་ཆུང་།། ཁྱུང་མཁའ་ལ་འཕུར་བ་ལྷུང་མི་སྲིད།། ཁྱུང་ཆེན་མཁའ་ནས་ལྷུང་སྲིད་ན།། གཤོག་སྒྲོ་རྒྱས་པ་དོན་རེ་ཆུང་།། ཉ་ཆབ་ལ་འཕྱོ་བ་འཚུབ་མི་སྲིད།། ཉ་ཆེན་ཆུ་ཡིས་འཚུབ་སྲིད་ན།། ཆུ་ནང་སྐྱེས་པ་དོན་རེ་ཆུང་།། ལྕགས་ཀྱི་ཕ་བོང་རྡོས་མི་ཤིགས།། ལྕགས་ཀྱི་ཕ་བོང་རྡོས་ཤིགས་ན།། ཞུན་ཐར་བྱས་པ་དོན་རེ་ཆུང་།། ང་མི་ལ་རས་པ་འདྲེས་མི་འཇིགས།། མི་ལ་རས་པ་འདྲེས་འཇིགས་ན།། གནས་ལུགས་རྟོགས་པ་དོན་རེ་ཆུང་།། ཁྱེད་འདིར་བྱོན་འདྲེ་གདོན་བགེགས་ཀྱི་ཚོགས།། ད་ལན་ཡོང་བ་ངོ་མཚར་ཆེ།། མི་རིངས་གློད་ལ་རྒྱུན་དུ་བཞུགས།། བཀའ་མཆིད་གསུང་གླེང་ཞིབ་ཏུ་བགྱིད།། རིངས་རུང་དོ་ནུབ་ཅིས་ཀྱང་སྡོད།། འོ་སྐོལ་སྒོ་གསུམ་རྩལ་འགྲན་ཞིང་།། དཀར་ནག་ཆོས་ཀྱི་ཆེ་ཁྱད་བལྟ།། ཁྱེད་བར་ཆད་མ་ཚུགས་མི་ལྡོག་འོང་།། བར་ཆད་མ་ཚུགས་ལོག་གྱུར་ན།། ད་ལན་ཡོང་བ་ཁ་རེ་སྐྱེངས།། 

   ཞེས་གསུངས་ནས་ཐུགས་དམ་གྱི་ང་རྒྱལ་བཞེངས་ཏེ། ནང་དུ་ཐལ་གྱིས་བྱོན་པས་ཨ་ཙ་ར་རྣམས་འཇིགས་སྐྲག་བསྔངས་ནས་མིག་རིག་རིག་བྱེད་ཅིང་། ལུས་འདར་བའི་སྟོབས་ཀྱིས་ཕུག་པའི་ནང་ཀུན་ཀྱང་འདར་ཡོམ་མེ་བ་ཞིག་བྱས་ཏེ་རིངས་སྟབས་སུ་གཅིག་ལ་ཀུན་ཐིམ་པའི་མཐར། གཅིག་པོ་ཡང་རླུང་ཚུབ་འཁྱིལ་བ་ཞིག་བྱས་ནས་མེད་པར་སོང་བ་དང་། རྗེ་བཙུན་གྱི་ཐུགས་དགོངས་ལ། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀས་གླགས་འཚོལ་དུ་འདུག སྔ་མའི་རླུང་དེ་ཡང་ཁོའི་ཆོལ་འཕྲུལ་ཡིན་པར་འདུག་སྟེ། བླ་མའི་ཐུགས་རྗེས་གླགས་མ་རྙེད་དགོངས་པ་དང་། དེ་རྗེས་ཐུགས་དམ་ལ་བོགས་བསམ་གྱི་མི་ཁྱབ་པ་བྱུང་བ་ཡིན་ནོ།། བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀས་རྐྱེན་བྱས་པ། བླ་མ་དྲན་དྲུག་གི་སྐོར་རམ། བྲག་དམར་མཆོང་ལུང་གི་སྐོར་རམ། མི་ལ་ཤིང་ཐུན་གྱི་སྐོར་ཞེས་ཀྱང་བྱ་སྟེ། དོན་གཅིག་ལ་མཚན་གསུམ་ལྡན་གྱི་སྐོར་ཚོ་དགེའོ།།


  གནས་བསྟོད་ཀྱི་མགུར་འདི་ལ་བླ་བྲང་བཀྲ་ཤིས་འཁྱིལ་གཙོ་བོ་བྱས་པའི་མདོ་སྨད་ཕྱོགས་སུ་མགུར་རྟ་ཧ་ཅང་སྙན་པོ་ཞིག་མཆིས་ཀྱང་ད་ལན་གྱི་མགུར་རྟ་འདི་ནི་ལོ་དུ་མ་ཞིག་གི་ཡར་སྔོན་དུ་བོད་ལྗོངས་ལྷ་སའི་མཁས་དབང་རྡོ་རྒན་གསང་བདག་རྡོ་རྗེ་ལགས་ཀྱིས་ང་ལ་ཁྲིད་གནང་པ་ལྟར་གྱེར་བ་ཡིན། རེད་དེ་ཁོང་གི་གསུང་སྐད་ཧ་ཅང་སྙན་པའི་ཁར་དབུས་དང་མདོ་ཁམས་ཀྱི་གདངས་གཤིས་ལ་ཧེ་བག་ཆེ་སྟབས་ངས་ཁུགས་དང་སྙན་གྱི་ཞིབ་ཆ་རྣམས་ཇི་མ་ཇི་བཞིན་ཞིག་ཐོན་ཡོད་དཀའ་ཡང་དབྱངས་རྟའི་སྤྱི་ཁོག་ལ་འགྱུར་བ་ཐེབས་མེད།

     དེ་མིན་ལྟ་བ་གདེངས་དང་ལྡན་པའི་མགུར་རྟ་འདི་ཡང་དབལ་ཤུལ་བླ་མ་སྒྲུབ་བརྒྱུད་ལགས་ཀྱིས་ང་དང་སྡེ་བ་གཅིག་པའི་ལྷོ་བ་པད་ལོ་ཞུ་བར་ཁྲིད་པ་དང་ཁོང་གིས་ང་ལ་ཁྲིད་གནང་པ་ཞིག་ཡིན་ལ།  མགུར་རྟ་འདི་གསུམ་ནི་སྐུ་རྒྱབ་ཐོ་ལོ་ལགས་དང་།  ལྷོ་བ་པད་ལོ་གཉིས་ཀྱིས་ང་ལ་བསླབས་གནང་པའི་མགུར་སུམ་ཅུ་སོ་གཉིས་ཀྱི་གྲས་སུ་གཏོགས།

    གཞན་མགོ་མཇུག་བར་གསུམ་གྱི་ཚིག་ལྷུག་འདི་རྣམས་མེད་ན་ཅིག་ཁ་མ་ཚང་བ་ལྟ་བུ་ཞིག་འདུག་པས་དེ་དག་ཀྱང་སྐད་ཤུགས་རན་པ་ཞིག་གི་སྒོ་ནས་གོ་བརྡ་འཕྲོད་པར་བྱས་ཡོད།

    དེ་དང་སྐབས་བསྟུན་དབྱངས་རྟ་འདི་དག་ལ་འཇམ་སྙན་གྱི་རོལ་དབྱངས་སྒྲིག་བཟོ་བྱེད་པ་པོ་རྒྱལ་སྤྱིའི་བོད་གྱི་རོལ་མོ་བ་གྲགས་ཅན་ཨ་མཆོག་མགོན་པོ་དོན་གྲུབ་ལགས་ཡིན་ལ།  འདི་སྙན་ཞིང་ཡིད་དུ་འོང་བ་ཙམ་མ་ཡིན་པར་འགྲོ་བ་མིའི་སེམས་ཁམས་དང་འཚམ་པའི་རོལ་མོའི་གསང་གནད་རེ་འགའ་རྩལ་དུ་ཐོན་ཡོད་པས།  རོལ་དབྱངས་སྒྱུ་རྩལ་ལ་མྱོང་རོལ་བྱེད་ཤེས་མཁན་ཞིག་ཡིན་ཕྱིན་དེར་ཐུན་མིན་གྱི་བྲོ་བ་གསོན་མཉམ་ལྡན་པ་རེ་མྱོང་རྒྱུ་ཡོད་དོ།།

    སྐབས་འདིར་ཚང་མའི་ཤེས་དགོས་པ་ཞིག་ནི། མགུར་རྟའི་གདངས་གཤིས་དང་འགྱུར་ཁུགས་ནི་དགོན་སྡེའི་ཆོས་སྤྱོད་ཀྱི་འདོན་དབྱངས་དག་དང་མི་འདྲ་ཞིང་།  དམངས་ཁྲོད་ཀྱི་གླུ་དང་གཞས་ཀྱི་འགྱུར་ཁུགས་དང་དེ་ལས་ཀྱང་མི་འདྲ་བས།  མགུར་དབྱངས་ལ་དེ་གཉིས་ལས་ཁྱད་དུ་འཕགས་པའི་སྙན་དང་འཇེབས་ཀྱི་བྲོ་བ་དམིགས་བསལ་ཞིག་ཡོད་པ་ཤེས་དགོས་སོ།།  

1

མགུར་གྱེར་མཁན།

སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོ།

རྗེ་མི་ལའི་རྣམ་མགུར་ལས༼བསམ་པ་རྫོགས་པའི་མགུར༽ 米拉日巴道歌(古嘉慈诚唱)

2 རྗེ་མི་ལའི་རྣམ་མགུར་ལས་བྲག་དམར་མཆོང་ལུང་གི་སྐོར།
རྗེ་མར་པའི་མགུར་ཆེན་ལམ་གླུ་རིང་མོའི་མགུར་རྟ་བུང་བ་རྒྱང་འཕུར།
4རྗེ་བཙུན་མི་ལའི་རྣམ་མགུར་ལས། དང་པོ༽ བླ་མ་དྲན་དྲུག་གི་སྐོར།
རྗེ་བཙུན་མི་ལའི་མགུར་ལས་༼བྲག་དམར་མཆོང་ལུང་གི་སྐོར་དང་པོ།

长按二维码

关注我们


གཤམ་གྱི་རི་མོ་དང་མེ་ཏོག་སྟེང་ལན་རེ་ནོན་མཛོད།

文章有问题?点此查看未经处理的缓存