前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

ལྷ་སའི་དགོན་རྙིང་ཚལ་གུང་ཐང་དུ་བསྐྱོད་པའི་རེག་ཟིག འཕགས་ཆེན།

杷青 杷青 Pagchen 2022-07-26

ལྷ་སའི་དགོན་རྙིང་ཚལ་གུང་ཐང་དུ་བསྐྱོད་པའི་རེག་ཟིག


རྩོམ་ཡིག་འབྲི་མཁན། འཕགས་ཆེན། 

པར་ལེན་མཁན། འཕགས་ཆེན།


   ལྷ་ས་ནི་བོད་མི་རིགས་ཀྱི་ལྷ་ཆོས་དང་མི་ཆོས་དར་སའི་དབུས་དང་། ཚུར་མཐོང་མིག་གིས་མཐོང་ཡུལ་དུ་གྱུར་པའི་གནས་མཆོག་ཅིག་རེད། ལྷ་སར་འགྲོ་མཁན་ཧ་ཅང་མང་ལ། དེ་དག་ལས་ལ་ལ་ནི་གནས་མཇལ་དང་། སྐོར་ཞིག་ཚོང་ལས། འགའ་ཞིག་ཡུལ་སྐོར། ཁ་ཅིག་ནི་ནད་བཅོས་སོགས་དགའ་ཕྱོགས་མི་འདྲ་བ་རེ་དང་། སྒེར་དང་སྤྱི་པའི་དོན་བྱ་སོ་སོའི་དབང་གིས་འགྲོ་བའོ།། དེ་ལ་འགྲོ་སྟངས་ནི་ཕྱག་འཚལ་བ་དང་། རྐང་ཐང་དུ་འགྲོ་བ། རྟ་དང་། ལྕགས་རྟ། འཕྲུལ་རྟ་ཞོན་ནས་འགྲོ་བ། ཡང་ན་རླངས་འཁོར་དང་། མེ་འཁོར། གནམ་གྲུ་སོགས་གང་འཚམ་ཞིག་ལ་འགྲོ་བཞིན་ཡོད། ངའང་སྔོན་ཆད་ལྷ་སར་གནས་མཇལ་ལ་ཐེངས་གསུམ་ལ་སོང་ཞིང་། སྐབས་དེར་ལྷ་ས་དང་། ཉིང་ཁྲི་དང་། ལྷོ་ཁ། གཞིས་ཀ་རྩེ་སོགས་ཀྱི་ས་ཁུལ་མང་པོར་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་གནས་གཞི་དགོན་སྡེ་མང་པོ་ཞིག་ལའང་མཇལ་བ་ཡིན། དེའང་ལྷོ་གྲོ་བོ་ལུང་དགོན་པ་དང་། མི་ལའི་སྲས་མཁར་དགུ་ཐོག དྭགས་ལྷ་དགོན་པ། མཚུར་ཕུ་དགོན་པ་སོགས་བཀའ་བརྒྱུད་ཀྱི་དགོན་རྙིང་གྲགས་ཆེན་མང་པོ་དང་། བསམ་ཡས་དང་། བླ་མ་གླིང་སོགས་རྙིང་མའི་དགོན་པ་འགའ་ཞིག་དང་། ས་སྐྱ་དགོན་པ་དང་། ངོར་དགོན་པ་སོགས་ས་སྐྱའི་དགོན་སྡེ་སྐོར་ཞིག དེ་བཞིན་སེར་འབྲས་གཉིས་དང་། གཙང་བཀྲ་ཤིས་ལྷུན་པོ་སོགས་དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་མང་པོ་མཇལ་བ་མ་ཟད། གནའ་བོའི་བོད་ཀྱི་ཆོས་སྲིད་དང་འབྲེལ་བའི་གནས་རྙིང་དང་ས་ཁུལ་མང་པོར་ཕྱིན་མོད། འོན་ཀྱང་མི་སེམས་ཞེས་པ་འདི་ཚིམ་རྒྱུ་མི་འདུག ད་དུང་མུ་མཐུད་ནས་ལྷ་སར་འགྲོ་འདོད་ཀྱི་སེམས་པ་བཀག་ཀྱང་ཁོག་ཐབས་བྲལ་བས་ད་ཐེངས་གནམ་གྲུ་བསྡད་དེ་ལྷ་སར་ཡོང་བ་ཡིན། འདི་ནི་ལྷ་སར་འགྲོ་ཐེངས་བཞི་པ་དེ་ཡིན། ད་རེས་ཡོངས་གྲགས་ཀྱི་གནས་རྙིང་དང་། སྔོན་འགྲོ་མྱོང་སའི་ཆ་དག་ལ་བསྐྱོད་རྒྱུ་དེ་གཙོ་བོ་མིན་པར་དཔེ་ཀློག་བྱེད་ཞོར་བག་ཡངས་ངང་འདུག་པ་དང་། ལོ་རྒྱུས་རང་བཞིན་ལྡན་པའི་དབེན་གནས་འགའ་ཞིག་མཇལ་རྒྱུ་དེ་ཡིན།

ལྷ་ས་ཁྲེང་ཀོན་ཆུས་ཀྱི་ལམ་ཆེན་ཞིག

གུང་ཐང་གྲོང་དུ་ཡོད་པའི་སྲིད་གནོན་འབུམ་པའམ་ཁྱི་འབུམ་མཆོད་རྟེན། 

     དེ་བས་གཤམ་དུ་དགོན་རྙིང་འགའ་ངོ་སྤྲོད་བྱེད། དེ་རིང་ཞོགས་པར་མགོ་བོ་ཡར་ལ་བཀྱགས་ཏེ་སྒེའུ་ཁུང་ནས་ལྟ་ཙམ་བྱས་པས་ལྷ་སའི་ཉེ་འཁོར་གྱི་རི་བོའི་སྟོད་ཕྱོགས་དག་སྨུག་སྤྲིན་གྱིས་གཡོགས་འདུག་པས་རི་མགོ་ཞིག་ལ་གློ་བུར་འགྲོ་འདོད་བྱུང་མོད། ཁ་སང་ནས་དགོན་རྙིང་ཞིག་མཇལ་རྒྱུ་བྱས་པའི་ཁ་ཆད་དེ་དྲན་སོང་། ཞོགས་ཇ་འཐུང་རྗེས་དུས་ཚོད་དགུ་ཐོག་ནས་ལམ་དུ་ཆས་པ་ཡིན། དགོན་རྙིང་དེ་ནི་ཚལ་གུང་ཐང་དགོན་པ་དང་། ཆགས་ཡུལ་ནི། ལྷ་སའི་ཁྲེན་ཀོན་ཆུས་ཚལ་གུང་ཐང་གྲོང་ཚོ་རེད། ངའང་ད་ཐེངས་ལྷ་སའི་ཁྲེན་ཀོང་ཆུས་ལ་བསྡད་ཡོད་པས་སྟབས་ལེགས་པ་ཞིག་ལ་གུང་ཐང་གཙུག་ལག་ཁང་དང་བར་ཐག་ཐུང་ཞིང་འགྲོ་ལམ་ཡང་སྟབས་བདེ་ཞིག་རེད།

གུང་ཐང་གཙུག་ལག་ཁང་།


    དགོན་འདི་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་དྭགས་པོ་རིན་པོ་ཆེའི་ཡང་སློབ་ཞང་འགྲོ་བའི་མགོན་པོའམ། གུང་ཐུང་བླ་མ་ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པས་སྤྱི་ལོ་1175ལོར་ཕྱག་བཏབ། བཀའ་བརྒྱུད་པའི་ཕྱག་བཞེད་གནང་བས་ཚལ་པ་བཀའ་བརྒྱུད་ཅེས་པ་འདི་ནས་ཐོག་མར་བྱུང་། ཚལ་གུང་ཐང་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆོས་སྲིད་གཉིས་ཀའི་ཕྱོགས་ནས་གོ་ས་ངེས་ཅན་ཡོད་པ་ཞིག་དང་། འཕོ་འགྱུར་ཆེན་པོའི་བྱུང་བའི་གནས་རྙིང་ཞིག་རེད། བློན་པོ་མགར་གྱི་བརྒྱུད་པ་དཔོན་ཆེན་རྒྱལ་བ་འབྱུང་གནས་ཀྱི་རྒྱབ་སྐྱོར་དང་ཡོན་སྦྱོར་ལ་བརྟེན་ནས་གནས་གཞི་རྒྱ་ཆེར་བསྐྱེད་ཅིང་། བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་ཚལ་པ་བཀའ་བརྒྱུད་ཀྱི་གདན་ས་གཙོ་བོའམ་མ་དགོན་ཞིག་ཡིན།

གུང་ཐང་གཙུག་ལག་ཁང་།


    ཚལ་གུང་ཐང་ཞེས་པ་ཚལ་དང་གུང་ཐང་གཉིས་ཀྱི་མིང་བསྡེབས་ནས་འབོད་པ་ཞིག་སྟེ། བྱང་ངོས་ཀྱི་ཚལ་དང་། ལྷོ་ངོས་ཀྱི་གུང་ཐང་ལ་ཚལ་གུང་ཐང་ཟེར། ཚལ་ཞེས་པ་ནི་བླ་མ་ཞང་འགྲོ་བའི་མགོན་པོས་རླུང་བསྒོམས་ཏེ་ཕེབས་སྐབས་ན་བཟའི་ཚལ་བུ་གནས་དེར་ལྷུང་པས་ཚལ་ཞེས་དང་། ཡང་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ལུམ་བིའི་ཚལ་གྱི་ཟུར་ཆགས་པས་ཚལ་ཞེས་པ་དང་། གུང་ཐང་ཞེས་པ་ནི་རྗེ་བཙུན་མི་ལ་རས་པ་གནས་འདིའི་ཆོས་འཁོར་གླིང་དུ་བཞུགས་སྐབས་ཡུལ་གུང་ཐང་གི་མིང་བཏགས་པ་ཡིན་ཚུལ་ཡང་བཤད་སྲོལ་འདུག བླ་མ་ཞང་གིས་ཐོག་མར་ཚལ་ཡང་དགོན་བཏབ་ཅིང་། དེ་ནས་མི་ལོ་བཅུ་གསུམ་སོང་རྗེས་ཏེ་སྤྱི་ལོ་1187ལོར་གུང་ཐང་གཙུག་ལག་ཁང་བཏབ་ཚུལ་ལོས་རྒྱུས་ནང་དུ་འཁོད་འདུག

གུང་ཐང་གཙུག་ལག་ཁང་དུ་བཞུགས་པའི་ཞང་བླ་མ་བརྩོན་འགྲུས་གྲགས་པའི་སྐུ་གསུང་འབྱོན་མ་གྲགས་པ།


   དེ་ལ་ཞང་བླ་མ་བརྩོན་འགྲུས་གྲགས་པ་ནི་བོད་རབ་བྱུང་བཅུ་གཉིས་པའི་ཆུ་སྟག་སྤྱི་ལོ1122ལོར་ཞང་གི་རིགས་ཡབ་སྔགས་འཆང་རྡོ་རྗེ་སེམས་དཔའ་དང་ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་ངམ་ཤོད་ཚ་གྲུར་(ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཁོངས)སྐུ་འཁྲུངས། མཚན་དར་མ་ཞེས་བཏགས། དགུང་ལོ་ཉེར་དྲུག་སྐབས་མཁར་འགོས་པས་མཁན་པོ་དང་གྲབ་མཁར་པས་སློབ་དཔོན་མཛད་ནས་བསྙེན་པར་རྫོགས། མཚན་ལ་བརྩོན་འགྲུས་གྲགས་པ་ཞེས་གསོལ། སྤྱིར་ཆོས་འབྲེལ་ཐུབ་པའི་བླ་མ་བཞི་བཅུ་ཞེ་བཞི་དང་གཙོ་ཆེའི་བླ་མ་དཔལ་ཆེན་རྒ་ལོ། རྩ་མི་ལོ་ཙཱ་བ། གྲུབ་ཐོབ་བེཻ་རོ་ཙ་ན་སོགས་དྲུག་བཞུགས། དེ་ལས་དྭགས་པོའི་སློབ་མ་ཚུལ་ཁྲིམས་སྙིང་པོའི་ཞབས་ལ་གཏུགས་ཏེ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཕྱག་རྒྱ་ཆེན་པོ་གསན་པས་བྱིན་རླབས་ཞུགས། ངེས་མེད་ཀྱི་རི་ཁྲོད་འགྲིམས་ཤིང་ཕྱོགས་མེད་ཀྱི་གདུལ་བྱ་བསྐྱངས། 

པར་ལེན་མཁན་མི་གསལ།


  དགུང་ལོ་དོན་གསུམ་ལ་བཞུགས། ཚལ་པ་བཀའ་བརྒྱུད་ཅེས་པ་གསར་གཏོད་མཛད། ལྷ་སའི་གཙུག་ལག་ཁང་ཉམས་གསོ་བདག་གཅེས་དང་། དུས་ཀྱི་མཆོད་པ་ཕུལ། གསུང་རྩོམ་པོད་ལྔ་བཞུགས་ཤིང་འགྲོ་མགོན་གཙང་པ་རྒྱ་རས་སོགས་སློབ་མ་མང་པོ་བསྐྱངས་ཏེ་སྐུ་ཚེ་ཧྲིལ་པོར་འགྲོ་དོན་རྒྱ་ཆེར་གནང་། རབ་བྱུང་གསུམ་པའི་ཆུ་གླང་སྤྱི་ལོ1193ལོར་སྐུ་གཤེགས། ཁོང་གི་ཉེར་གནས་དར་མ་གཞོན་ནུས་དགོན་པ་གཉིས་ལ་བདག་སྐྱོང་མཛད་ཅིང་གདུང་རྟེན་དང་སྐུ་འབུམ་ཆེན་མོ་བཞེངས།

གུང་ཐང་གྲོང་དུ་བཞུགས་པའི་སྐུ་འབུམ་ཆེན་མོ།


པར་ལེན་མཁན་མི་གསལ།


   དེ་ནས་ཚལ་པ་དཔོན་རིམ་བྱོན་གྱིས་འཛིན་སྐྱོང་མཛད་ནས་རྗེས་སུ་དཔོན་ཆེན་མགར་རྒྱལ་བ་འབྱུང་གནས་ཀྱི་སྲས་སངས་རྒྱས་དངོས་གྲུབ་ཀྱི་བུ་རིན་ཆེན་རྒྱལ་མཚན་རྒྱ་ནག་ཏུ་བྱོན། ཡོན་རྒྱལ་རབས་ཀྱི་གོང་མ་ཧོར་སེ་ཆེན་རྒྱལ་པོས་ཚལ་པའི་མི་སེར་དང་། ཁྲི་དཔོན་གྱི་འཇའ་ས་གནང་། གུང་ཐང་གཟིམ་ཁང་ཤར་དང་ཁྱམས་ར་ཆེན་མོ་གསར་བཞེངས་མཛད། དེ་ནས་ཁྲི་དཔོན་རིན་ཆེན་རྒྱལ་མཚན་གྱི་སྲས་གཉིས་པ་དགའ་བདེ་དཔལ་གྱིས་གོ་ས་བཟུང་རིང་རྒྱ་ནག་གོང་མའི་མདུན་དུ་ལན་མང་བྱོན་ཞིང་རྒྱའི་བཟོ་བོ་མང་པོ་བོས་ཏེ་རྒྱ་ཕིབས་དང་གསེར་ཕྲུ་སོགས་རྟེན་དང་བརྟེན་པ་མང་པོ་བཞེངས། དགའ་བདེ་དཔལ་གྱི་སྲས་ཆུང་བ་སྨོན་ལམ་རྡོ་རྗེས་གུང་ཐང་འབུམ་མོ་ཆེའི་གཉྫི་ར། དབུས་གླིང་འོད་གསལ་འཁྲུལ་གྱི་ལྷ་ཁང་བཞེངས། སྨོན་ལམ་རྡོ་རྗེ་ཡབ་སྲས་ཀྱི་བདག་རྐྱེན་ལ་བརྟེན་ནས་གསང་ཕུ་གླིང་སྨད་པ་ཤཱཀྱ་གཞོན་ནུས་ཆོས་འཁོར་གླིང་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཏེ་གཞུང་བཀའ་པོད་ལྔའི་འཆད་ཉན་བསྐྱངས། མཁན་རབས་རིམ་བྱོན་གྱི་སྐབས་བཤད་གྲྭ་དར་ཆེ་བས་དབུས་ཀྱི་གདན་ས་དྲུག་གི་ཡ་གྱལ་དུ་གྱུར།

པར་ལེན་མཁན་མི་གསལ།


   དེ་ནས་སྨོན་ལམ་རྡོ་རྗེའི་སྲས་ཚལ་པ་ཁྲི་དཔོན་ཀུན་དགའ་རྡོ་རྗེ་ནི་ཚལ་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་། མདོ་སྔགས་རིག་གནས་ཀུན་ལ་མཁས་པས་སི་ཏུ་ཐམས་ཅད་མཁྱེན་པ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཀུན་ནས་མཆོད། དགུང་ལོ་བཅོ་ལྔ་ནས་ཁྲི་དཔོན་གནང་སྟེ་ལོ་ཉེར་བརྒྱད་རིང་སྐྱིད་ཤོད་སྟོད་སྨད་ཀྱི་སྲིད་དབང་བཟུང་། དེའི་རིང་ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། གུང་ཐང་གཙུག་ལག་ཁང་སོགས་ལ་ཉམས་གསོ་གནང་། བུ་སྟོན་རིན་པོ་ཆེ་གདན་དྲངས་ནས་སྣར་ཐང་གི་བཀའ་འགྱུར་རིན་པོ་ཆེ་དང་། བོད་དུ་བཞུགས་པའི་བཀའ་འགྱུར་རོ་ཅོག་ཞིབ་བསྡུར་ཞུས་དག་ལེགས་པར་མཛད་ནས་གསེར་དངུལ་ལས་བྲིས་པའི་བཀའ་འགྱུར་པོད་བྲིས་མ་ཉིས་བརྒྱ་དྲུག་ཅུ་གསར་བཞེངས་མཛད་པས་ཚལ་པ་བཀའ་འགྱུར་ཞེས་ཚད་དང་ལྡན་ཞིང་ཡོངས་སུ་གྲགས་པ་འདི་ཉིད་བྱུང་། ཁོང་ནི་ལོ་རྒྱུས་ཀྱི་དེབ་ཐེར་གྲགས་ཅན་《དེབ་ཐར་དམར་པོ》རྩོམ་པ་པོ་ཡིན། 

   དེ་རྗེས་བོད་ཁྲི་སྐོར་བཅུ་གསུམ་བར་འགལ་བ་བྱུང་ནས་ཆུ་འབྲུག་སྤྱི་ལོ1352ལོར་འབྲི་གུང་དང་གཡའ་བཟང་གི་ཕྱོགས་སུ་ལངས་ཏེ་ཕག་གྲུ་ཁྲི་དཔོན་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་དམག་འཐབ་བྱས་པས་སྲིད་དབང་ཤོར། བོད་རབ་བྱུང་དགུ་པའི་མེ་རྟ་སྤྱི་ལོ་1446ལོར་གུང་ཐང་གཙུག་ལག་ཁང་ལ་མེ་སྐྱོན་ཆེན་པོ་བྱུང་། གཙུག་ལག་ཁང་དབུས་སུ་བཞུགས་པའི་ལྷ་ཆེན་དཔལ་འབར་ཆོས་ཁྲི་ཁང་། གཟིམ་ཁང་ཤར་གྲྭ་ཚང་ཆུང་ངུ་གཉིས་ཙམ་མ་གཏོགས་པར་གཞན་ལ་བློ་ཡུལ་འདས་པའི་མེ་སྐྱོན་ཆེན་པོ་བྱུང་བས་རིམ་བཞིན་ཉམས་རྒུད་དུ་གྱུར། 

  དེ་རྗེས་དགའ་ལྡན་ཁྲི་ཐོག་དགུ་པ་བློ་བཟང་ཉི་མས་གུང་ཐང་དབེན་དགོན་ཕྱག་བཏབ་པ་ནས་གུང་ཐང་དགོན་གྱི་ཆོས་ལུགས་རི་བོ་དགེ་ལུགས་པར་བསྒྱུར། འདི་ནི་དགོན་པ་གཞན་ཞིག་དགེ་ལུགས་པར་བསྒྱུར་བ་ཐོག་མ་ཡིན་པའི་བཤད་སྲོལ་འདུག རྒྱལ་དབང་ལྔ་པས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཟུང་བའི་སྐབས་ཟུར་ཆོས་དབྱིངས་རང་གྲོལ་གྱིས་ཞལ་འཛིན་གནང་། དེ་རྗེས་ལྷ་བཟང་ཧན་གྱིས་ཚལ་གུང་ཐང་གི་དགོན་གཞིས་ཡོངས་རྫོགས་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ལ་ཕུལ། དེའི་ཡང་སྲིད་བསྟན་པའི་སྒྲོན་མེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་སྐབས་གུང་ཐང་ཚང་ཞེས་འབོད་པ་དེས་ཚལ་གུང་ཐང་གཞུང་ཕུལ་བྱས། དེ་ནས་དུས་ཡུན་རིང་པོ་ཞིག་ལ་གུང་ཐང་ཚང་ཞེས་པའི་མིང་བྱུང་ཞིང་གུང་ཐང་ནི་བླ་བྲང་གིས་བདག་བྱས།

གུང་ཐང་གཙུག་ལག་ཁང་།


   ད་ལྟ་གུང་ཐང་གཙུག་ལག་ཁང་འདི་ན་རྒྱུན་སྡོད་ཀྱི་གྲྭ་པ་བདུན་བཞུགས། གཙུག་ལག་ཁང་དུ་གནས་མཇལ་ལ་འགྲོ་སྐབས་གྲྭ་པ་གཉིས་དང་མཇལ་བས། ཁོང་རྣམ་གཉིས་མཆོད་བཤམས་ལ་བྲེལ་བཞིན་འདུག གྲྭ་པ་རྒན་པ་ལ་གུང་ཐང་གི་སྐོར་བཀའ་འདྲི་ཞུས་པས་ཁོང་གིས་རྟེན་དག་ངོ་སྤྲོད་རགས་བསྡུས་གནང་སོང་། དགོན་སྡེའི་ལོ་རྒྱུས་སུ་གུང་ཐང་དགོན་པ་ནི་ད་ལྟ་དགེ་ལུགས་པའི་དགོན་པ་ཡིན་ཚུལ་བྲིས་འདུག་མོད། གྲྭ་པ་རྒན་པ་འདི་ལ་ངས་ཆེད་དུ་དྲིས་པས་ཁོང་གིས་ཚལ་པ་བཀའ་བརྒྱུད་ཡིན་ཞེས་གསུངས་སོང་།

གུང་ཐང་གཙུག་ལག་ཁང་གི་ལྷ་ཆེན་དཔལ་འབར།


  ད་ནི་ཚལ་གུང་ཐང་དུ་སྐུ་གསུང་ཐུགས་རྟེན་དང་རིག་དངོས་ཅི་ཙམ་བཞུགས་པའི་སྐོར་ནས་བཤད་ན། སྔོན་ཚལ་པ་བཀའ་བརྒྱུད་ཡོན་རྒྱལ་རབས་དང་འབྲེལ་བ་དམ་པོ་བྱུང་ཞིང་། ཚལ་པའི་ཁྲི་དཔོན་རིམ་བྱོན་ལ་ནང་བློན་རིམ་པ་འདྲ་བའི་གོ་གནས་ཐོབ་ཅིང་ལོ་ལྟར་ཕན་ཚུལ་འཚམ་འདྲིའི་དངོས་སྐྱེལ་འབུལ་རེས་བྱས་སྟབས་རིན་ཐང་ཆེ་བའི་དངོས་པོ་དང་། དར་གོས་ཀྱིས་བཟོས་པའི་ཐང་ག་སོགས་མང་ཞིང་། གུང་ཐང་བླ་མ་དང་། ཁྲི་དཔོན་རྣམས། དགའ་ལྡན་ཁྲི་ཐོག་སོགས་ཀྱི་སྐུ་རིང་ལ་བཞེངས་པའི་རྟེན་དང་བརྟེན་པ་གྲངས་ལས་འདས་པ་ཡོད་མྱོང་ནའང་ཞིབ་ཆར་འབྲི་བའི་ངལ་བ་སྤངས་ཏེ་གཙོ་ཆེའི་རིགས་འགའ་ཞིག་བགྲངས་ན། གུང་ཐང་གྲོང་དུ་གུང་ཐང་བླ་མ་སྐུ་འདའ་ཁར་བཞེངས་པའི་སྐུ་འབུམ་ཆེན་མོ་ཐོག་ཚད་གཉིས་ལྷག་ཙམ་དང་། གུང་ཐང་གཙུག་ལག་ཁང་གི་རྒྱ་ཁྱོན་ལ་ཀ་རིང་བཞི་དང་ཀ་ཐུང་ཉེར་གཉིས་ཡོད་ཅིང་། གཙང་ཁང་དབུས་མར་ལྷ་ཆེན་དཔལ་འབར་ཞེས་གྲགས་པ་ཕྱག་མཛུབ་གཡས་གཟུངས་སུ་བཞུགས་པའི་ཇོ་བོའི་སྐུ་མཐོ་ཚད་སྤྱི་ཁྲི་བདུན་ལྷག་ཙམ་ཅན་དང་། མཐར་སྐོར་དུ་ཉེ་སྲས་བརྒྱད། ཚེ་དཔག་མེད་དང་སྒྲོལ་དཀར་གྱི་གསེར་སྐུ། ནུབ་ངོས་ཀྱི་ལྷ་ཁང་ནང་བླ་མ་ཞང་གི་འདྲ་སྐུ་ལི་ལས་གྲུབ་པ་གསུང་འབྱོན་མ་གྲགས་པ་དང་། གཡས་ཉེར་གནས་དར་མ་གཞོན་ནུའི་འདྲ་སྐུ། གཡོན་དུ་ཞང་གི་རྩ་བའི་བླ་མ་དཔལ་ཆེན་རྒ་ལོ་གཞོན་ནུ་དཔལ་གྱི་འདྲ་སྐུ། གཞན་ཡང་མར་པ་ལོ་ཙཱ་དང་མི་ལ་རས་པ་རྣམ་གཉིས་ཀྱི་འདྲ་སྐུ། རྒྱལ་བ་སྐལ་བཟང་རྒྱ་མཚོའི་འདྲ་སྐུ། ཤར་ངོས་ཀྱི་ལྷ་ཁང་ནང་བླ་མ་ཞང་གི་གདུང་རྟེན། ཇོ་བོ་རྗེ་དང་། རྔོགས་ལེགས་པའི་ཤེས་རབ། འབྲོམ་སྟོན་པ་གསུམ་གྱི་འཇིམ་སྐུ་སོགས། ཤར་ངོས་སུ་ཡོད་པའི་ཧུ་པའི་ལི་སེ་ཆེན་ཧན་གྱི་ཐུགས་དམ་ལྷ་ཁང་དུ་ཡོན་རྒྱལ་རབས་ཀྱི་གོང་མ་ཨོལ་ཇ་ཐུས་བསྐུར་བའི་སེ་ཆེན་ཧན་གྱི་འདྲ་སྐུ། གོས་སྐུ་ཆེན་མོ་གཟི་བརྗིད་མཐའ་ཡས། ཁྲི་དཔོན་སྨོན་ལམ་རྡོ་རྗེའི་སྐབས་བཞེངས་པའི་བཀའ་འགྱུར་གསེར་བྲིས། ཚེ་དཔག་ལྷ་ཁང་དུ་ཁྲི་དཔོན་ཀུན་དགའ་རྡོ་རྗེས་བཞེངས་པའི་ཚལ་པའི་བཀའ་འགྱུར་པོད་ཉིས་བརྒྱ་དྲུག་ཅུ་ཅན་སོགས་བཞུགས་པ་ཚལ་གུང་ཐང་གི་འབྲེལ་ཡོད་ལོ་རྒྱུས་དག་ལ་གསལ།


 གུང་ཐང་གཙུག་ལག་ཁང་། 


  ད་ལྟ་སྔོན་གྱི་གུང་ཐང་གཙུག་ལག་ཁང་ཉམས་གསོ་གནང་བའི་ནང་། གཙང་ཁང་དུ་སྔོན་གྱི་སྐུ་སྨད་སྟེང་གསར་བཞེངས་གནང་བའི་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་དང་། མགོན་ཁང་དུ་རྩ་མི་ལོ་ཙཱ་བའི་ལུགས་ལྟར་བཞེངས་པའི་སྔོན་གྱི་མགོན་པོ་ཕྱག་བཞི་པ་དང་། སྔོན་གྱི་སྐུ་སྨད་སྟེང་གསར་བཞེངས་གནང་བའི་མགོན་པོ་བྱ་རོག་གདོང་ཅན་གྱི་སྐུ། གཞན་ཡང་སྔོན་ནས་ཡོད་པའི་སྐུ་གསུང་ཐུགས་རྟེན་འགའ་དང་། སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་སོགས་རིན་ཐང་ཅན་མང་པོ་མཇལ་རྒྱུ་འདུག


གུང་ཐང་གཙུག་ལག་ཁང་དུ་བཞུགས་པའི་མགོན་པོ་ཕྱག་བཞི་པ། བྱ་གདོང་།


   འདུ་ཁང་གི་བར་ཐོག་ཏུ་རྣམ་དག་སྒོ་གསུམ་དང་སྒྲོལ་མ་ལྷ་ཁང་། རྒྱལ་བ་རིན་པོ་ཆེའི་ཡོངས་འཛིན་རྣམ་གཉིས་ཀྱི་གཟིམ་ཆུང་སོགས་དང་། འདུ་ཁང་གི་སྟེང་ཐོག་ལ་རྒྱལ་བའི་གཟིམ་ཆུང་དང་། ཕྱག་དཔེ་ཁང་སོགས་དང་། གཙུག་ལག་ཁང་གི་ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱལ་མཚན་བརྒྱད་དང་། བོད་སྐད་དུ་མཛོད་ལྡན་ཏེ། གཉྫི་ར་དགུ་ཡིས་བརྒྱན་འདུག

ཚལ་དབུས་གླིང་དགོན་པ།


  བྱང་ངོས་སུ་ཡོད་པའི་ཚལ་ལ། ད་ལྟ་ཚལ་ཡང་དགོན་དང་ཚལ་དབུས་གླིང་གཉིས་ཡོད་པ་ལས། དབུས་གླིང་ནི་ཞང་བླ་མས་ཐོག་མར་ཚལ་ཡང་དགོན་བཏབ་པའི་དགོན་པ་དེ་ཡིན་པར་སྙམ། ཐོག་མར་འདི་རུ་ཚལ་ཡང་དགོན་ལས་མེད་ནའང་ཕྱིས་སུ་དབུས་གླིང་བྱུང་བས། ཚལ་ལ་ཡང་དགོན་དང་དབུས་གླིང་གཉིས་སུ་བྱུང་ཡོད། 

དབུས་གླིང་གི་ལྡེབས་རིས།

དམ་ཅན་བྲིས་སྐུ་རྙིང་པ།


   དབུས་གླིང་དགོན་པའི་གཙུག་ལག་ཁང་གི་ནུབ་བྱང་མཚམས་སུ་མགོན་ཁང་རྙིང་པ་ཞིག་འདུག འདི་ནི་ཞང་བླ་མ་དང་པོར་བཞུགས་ས་དང་། ཚལ་དགོན་པ་ཐོག་མར་བཏབ་པའི་ཤུལ་དེ་ཡིན་པ་འདྲ། མགོན་ཁང་ནང་དུ་དབུས་གླིང་རིག་པའི་མགོན་པོ་ཞེས་མགོན་པོའི་ཕྱག་བཞི་པའི་སྐུ་བརྙན་རྩ་ཆེན་ཞིག་དང་། དམ་ཅན་ཆོས་རྒྱལ་དང་། འཁོར་ལོ་བདེ་མཆོག་གི་སྐུ་བརྙན། གཞན་གྱང་ངོས་སུ་དམ་ཅན་གྱི་བྲིས་སྐུ་རྙིང་པ་དང་ལྡེབས་བྲིས་གསར་རྙིང་མང་པོ་འདུག

  འདུ་ཁང་གི་གཙང་ཁང་ནང་དུ་བྱམས་མགོན་གཙོ་སྐུ་བྱས་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་དང་། འདུ་ཁང་ཕུག་ལ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན། གཡོན་ཕྱོགས་སུ་ཁྲི་ཞིག་གི་སྟེང་དུ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་སྐུ་པར་དབུས་སུ་བྱས་ཏེ་ད་དུང་བླ་མ་གཞན་གཉིས་ཀྱི་སྐུ་པར་བཤམས་འདུག

དབུས་གླིང་གི་མགོན་ཁང་ནང་དུ་བཞུགས་པའི་དབུས་གླིང་རིག་པའི་མགོན་པོ།


   འདུ་ཁང་དབུས་སུ་གྲྭ་གཞོན་ཞིག་ཆོ་ག་འདོན་བཞིན་བཞུགས་འདུག ཁོང་ལ་དགོན་འདིའི་སྐོར་དྲིས་པས། ད་ལྟ་དགོན་འདིར་གྲྭ་པ་གཉིས་ཡོད་པ་དང་། གྲུབ་མཐའ་དགེ་ལུགས་ཡིན་ཚུལ་གསུངས་སོང་། ཁོང་ནི་མཁྱེན་རྒྱ་ཆེན་པོ་ཅན་དེ་འདྲ་ཡིན་མིན་མི་ཤེས་ཀྱང་དགོན་འདིའི་ལོ་རྒྱུས་བཤད་པར་བྱང་ཆ་དོད་པོ་འདུག འདི་ནི་ཐོག་མར་རྙིང་མ། དེ་ནས་བཀའ་བརྒྱུད། རྗེས་མ་དགེ་ལུགས་ཡིན་ཚུལ་དང་། གསུང་སྟངས་གཞན་ཞིག་ལ། གྲུབ་མཐའ་རིས་མེད་ཀྱི་དགོན་པ་ཞིག་ཡིན་ཟེར་ནའང་ཆོག་ཚུལ་གསུངས་སོང་།

ཚལ་ཡང་དགོན། 


  ཚལ་ཡང་དགོན་དུ་གཙུག་ལག་ཁང་ཆུང་ཆུང་ཞིག་དང་། དགོན་པའི་གྲྭ་ཤག་འགའ་ལས་གཞི་རྒྱ་ཆེན་པོ་མ་རེད། འདུ་ཁང་ནང་དུ་མགོན་པོ་ཕྱག་བཞི་པའི་སྐུ་དང་། མར་མི་དྭགས་གསུམ་གྱི་སྐུ། གུང་ཐང་བླ་མའི་ཞང་གི་སྐུ། འབྲི་གུང་ཨ་ཕྱིའི་སྐུ་སོགས་ཕར་བལྟས་ཚོད་ལ་གསར་བཞེངས་ཀྱི་རྟེན་ལས་སྐུ་རྙིང་གི་རིགས་ཉུང་ཚོད་དུ་འདུག ལྷ་གཉེར་མི་སྐྱ་ཞིག་གིས་བཤད་པ་ལྟར་ན། ད་ལྟ་དགོན་འདིར་གྲྭ་པ་ལྔ་ཡོད་པ་དང་། གྲུབ་མཐའ་ཡང་བཀའ་བརྒྱུད་ཡིན་ཞེས་སྨྲས་སོང་།

ཡང་དགོན་གཙུག་ལག་ཁང་དུ་བཞུགས་པའི་གུང་ཐང་བླ་མ་ཞང་གི་སྐུ།


   ཚལ་གུང་ཐང་དུ་དམིགས་བསལ་ཁྱད་ཆོས་ཡོད་པའི་ཆོས་ལུགས་ཀྱི་བྱེད་སྒོའི་སྐོར་ལ། ལོ་རེའི་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་གུང་ཐང་མེ་ཏོག་མཆོད་པ་ཞེས་པའི་དུས་ཆེན་དང་། བོད་ཟླ་བདུན་པའི་ཚེས་བཅུ་ལ་གུང་ཐང་དཀར་མེ་ཞེས་གར་འཆམ་མཛད་སྲོལ་ཡོད་པ་དང་། གུང་ཐང་མེ་ཏོག་མཆོད་པ་ནི། བོད་ཀྱི་མཆོད་པ་ཆེན་པོ་བཞི་སྟེ་ལྷ་ས་བཅོ་ལྔའི་མཆོད་པ། གུང་ཐང་མེ་ཏོག་མཆོད་པ། བསམ་ཡས་འདོད་བདེ་མཆོད་པ། རྭ་སྒྲེང་ཁུ་བྱུག་མཆོད་པ་བཅས་ཀྱི་ཡ་གྱལ་ཡིན། མེ་ཏོག་མཆོད་པའི་ཉིན་གུང་ཐང་གཙུག་ལག་ཁང་གི་ཡང་ཐོག་ནས་སྟོན་པ་གཙོ་འཁོར་གསུམ་དང་རིགས་གསུམ་མགོན་པོའི་གོས་སྐུ་བཤམས་ཏེ་མཆོད་པ་དང་བསང་གསོལ་སོགས་འབུལ་བ་ལ་ཟེར།

ཡང་དགོན་གཙུག་ལག་ཁང་དུ་བཞུགས་པའི་མར་མི་དྭགས་གསུམ་གྱི་སྐུ།


  གུང་ཐང་དཀར་མེ་ནི། ལོ་གཅིག་ལ་དུས་གཅིག་ལས་ཐུག་འཕྲད་མི་ཆོག་པའི་གུང་ཐང་དཀར་མེ་ཞེས་གྲིབ་རྫོང་བཙན་དང་གུང་ཐང་དཔལ་ལྷ་མོ་གཉིས་མཇལ་འཛོམས་ཐོག་དགོན་པའི་གར་འཆམ་མཛད་པ་དང་་། ཉིན་འདིར་ཉེ་འཁོར་གྱི་མི་དང་། ལྷ་ས་སོགས་ནས་ཡོང་མཁན་དག་གིས་གཟབ་མཆོར་ལེགས་པོ་སྤྲས་ཏེ་ཆོས་མཇལ་དང་། གར་འཆམ་མཇལ་བ། སྤྲོ་སྐྱིད་གཏོང་བ་ལ་ཟེར། 

  ད་དུང་ཚལ་གུང་ཐང་སྐོར་ནས་མཁན་རབས་རིམ་བྱོན་གྱི་མཛད་རྣམ་དང་། ཚལ་པ་ཁྲི་དཔོན་རིམ་བྱོན་གྱི་ལོ་རྒྱུས། དགོན་པའི་སྒྲིག་གཞི། ཆོ་ག་ཕྱག་ལེན། ཡུལ་སྲོལ་གོམས་གཤིས་སོགས་ཧ་ཅང་མང་ནའང་འདིར་འབྲི་བའི་ཤེས་ཚད་ཀྱིས་དབུལ་བས་རེ་ཞིག་བཞག་ཡོད།


  མདོར་ན་ཚལ་གུང་ཐང་ནི།  ཀྱག་ཀྱོག་གི་འགག་འཕྲང་མང་པོ་བརྒྱུད་ཅིང་། འཕེལ་གྲུབ་ཀྱི་བྱུང་རིམ་དུ་མ་ལྡན་པའི་དགོན་སྡེ་ཞིག་སྟེ། བཀའ་གདམས་པའི་བཤད་གྲྭའི་འཆད་ཉན་དར་ས་དང་། བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་སྐྱོང་བྱེད་ཡུལ། དགེ་ལུགས་ཀྱི་ཆོས་བརྒྱུད་དར་སའི་འགྱུར་ལྡོག་ཁྲོད་ཀྱི་ཆོས་ས་ཆོས་ཡུལ་ཞིག ཚལ་པ་ཁྲི་དཔོན་རིམ་བྱོན་གྱི་མཆོད་གནས་དང་། ཕག་གྲུའི་སྲིད་དབང་དུ་ཚུད་པའི་ཡུལ་ཤོག་ཤིག དགའ་ལྡན་ཕོ་བྲང་གི་མངའ་འོག་ཏུ་བསྡུས་པའི་ས་ཁོངས་ཤིག ཀྲུང་གོའི་ས་ཁྲར་འཁོད་པའི་མིང་ཚིག་གསར་པ་ཞིག 

   ཡང་ན་ཚལ་གུང་ཐང་ནི་བྲིས་ན་མི་ཚར་བའི་ལོ་རྒྱུས་ཀྱི་མཛོད་ཁང་ཞིག བཤད་ན་མི་ཚར་བའི་ཕ་མེས་ཀྱི་གཏམ་རྒྱུད་ཞིག བརྗོད་ན་མི་ཚར་བའི་ཆོས་ལུགས་ཀྱི་འབྱུང་ཁུངས་ཤིག་གོ།།

 ད་རེས་གུས་པོས་ཐོས་པ་བརྒྱ་ལས་མཐོང་བ་གཅིག་གཙོ་ཆེ་ཟེར་བའི་དཔེ་ལྟར་ཚལ་གུང་ཐང་དུ་དངོས་སུ་སོང་ཞིང་། དུས་ཚོད་གསུམ་ལྷག་རིང་མཆོད་མཇལ་བྱས། ཉིིན་གུང་དུས་ཚོད་བཅུ་གཉིས་ཕྱེད་ཙམ་ལ་གནས་མཇལ་མཇུག་གྲུབ་སྟེ་རྔ་ཆེན་ཟམ་པ་བརྒྱུད་དེ་པོ་ཏ་ལའི་ཉེ་འགྲམ་དུ་སོང་། དེ་ནས་གྲོང་ཁྱེར་ནང་གི་དཔེ་ཁང་འགའ་ཉུལ་ནས་འབྲེལ་ཡོད་ལོ་རྒྱུས་སྐོར་ཞིག་བཙལ་ཏེ་དཔེ་ཀློག་བྱེད་ཞོར་རྩོམ་ཡིག་འདི་བྲིས་པ་ཡིན། ལག་སོན་བྱུང་བའི་འབྲེལ་ཡོད་ཡིག་ཆ་ནི། བཤེས་གཉེན་ཚུལ་ཁྲིམས་ཀྱི་བསྒྲིགས་པའི་《ལྷ་སའི་དགོན་ཐོ་》དང་། དབང་འདུས་ཚེ་རིང་གིས་གཙོ་སྒྲུབ་བྱས་པའི་《ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས་》ཞེས་པ་གཉིས་ལ་གཞི་བཅོལ་ཏེ་རང་གིས་མཐོང་ཐོས་མྱོང་གསུམ་ལྷུག་བརྗོད་ཀྱིས་ཚལ་གུང་ཐང་གི་ཆོས་འབྱུང་ལོ་རྒྱུས་དང་རིག་གནས་སྐོར་རགས་ཙམ་བྲིས་ཡོད་པས་ནོར་སྐྱོན་བྱུང་ན་དགོངས་དག་ཞུ་བ་དང་། བསམ་འཆར་ལྷུག་པོར་གནང་བའི་རེ་བ་ཞུ།


   ཞེས་སྤྱི་ལོ2020ཟླ་8ཚེས4ཉིན་གྱི་དགོང་མོར་ལྷ་སའི་གངས་ལྗོངས་དཔེ་ཀློག་ཁང་ནས་མཇུག་གྲུབ་པར་བྲིས།

ཚལ་དབུས་གླིང་གི་གཙུག་ལག་ཁང་གི་གཡས་ཟུར་ནས་བླངས་པའི་རྗེས་དྲན་འདྲ་པར།

 主播微博:@苏曼杷青



འཕྲིན་སྟེགས་ལ་དོ་ཁུར་བྱེད་རྒྱུ་མ་བརྗེད།

  扫描二维码

长按识别关注



གཤམ་གྱི་རི་མོ་དང་མེ་ཏོག་སྟེང་ལན་རེ་ནོན་མཛོད།

文章有问题?点此查看未经处理的缓存