འཕགས་ཆེན།(ཡུལ་ཤུལ)
ད་ཐེངས་ང་ལ་མཚོན་ན། ལྷ་སར་བསླེབས་རྗེས་བར་སྐོར་གྱི་མི་ཚོགས་སུ་ཞུགས་ཏེ་གཙུག་ལག་ཁང་ལ་བསྐོར་བ་རྒྱག་པ་ནི་འགྲོ་ལུགས་ཤིག་གམ་བརྒྱུད་རིམ་དུ་གྱུར་འདུག སྐབས་འདིར། མི་དང་བྱ་དངོས་ཀྱི་གྲིབ་གཟུགས་ལ་ལྟ་བ་ནི་དགོད་བྲོ་བ་ཞིག་དང་། དེ་ལས་རང་ཉིད་ཀྱི་གྲིབ་གཟུགས་ལ་ལྟ་བ་ནི་ཁ་སྐྱེངས་པ་ཞིག་ཡིན་སྲིད།
ང་ནི་གླིང་སྐོར་ལས་བར་སྐོར་དུ་འགྲོ་རྒྱུ་དགའ་ཞིང་། པོ་ཏ་ལའི་ཐང་ཆེན་ལས་གཙུག་ལག་ཁང་གི་མདུན་ཐང་དུ་འགྲོ་བར་སྤྲོ། གཙུག་ལག་ཁང་གི་ཉེ་སར་མ་བསྡད་ན་ལྷ་སར་ཡོད་པའི་ཚོར་བ་བོར་འགྲོ་ལ། བར་སྐོར་དུ་མ་སོང་ན་ལྷ་སའི་ཚ་གྲང་ཡང་མྱོང་ཐབས་བྲལ། དེ་བས་བར་སྐོར་གྱི་ཟང་ཟིང་གི་དངོས་པོ་དང་། དད་ལྡན་གྱི་མི་སེར་ཁྲོད་དུ་འཚངས་ཏེ་གནའ་གྲོང་ལྷ་སའི་ངོས་གཞན་ཞིག་ལ་རྒྱུས་ལོན་བྱེད་རྒྱུ་ནི་ད་ཐེངས་ཀྱི་འགྲུལ་བཞུད་འདིའི་དམིགས་ཡུལ་གྱི་ཆ་ཤས་ཆེན་པོ་ཞིག་ཡིན། དེ་བས་ང་རང་ཐེངས་འདིར་བར་སྐོར་དུ་འགྲོ་གྲངས་འདུག་གྲངས་ཧ་ཅང་མང་ཞིང་། དུས་དེ་དག་ཏུ་གྲིབ་གཟུགས་ནང་ནས་དངོས་ཡོད་ཀྱི་ལྷ་ས་ཞིག་མཇལ་སོང་ལ། སྒྲོ་བཏགས་ཀྱི་ལྷ་ས་ཞིག་ཀྱང་རྟོག་བཟོ་བྱས་ཡོད།
བར་སྐོར་དུ་གཙུག་ལག་ཁང་གི་ཕྱོགས་བཞི་གང་ནས་ཡོང་ན་ལམ་ཕྲ་རགས་མང་པོ་ཡོད་མོད། ང་ལ་ལམ་གཅིག་ལས་མེད་པ་ལྟར་རྒྱུན་ལྡན་ཁྲོམ་གཟིགས་སྒང་ནས་བར་སྐོར་དུ་ཡོང་གིན་ཡོད། ཁྲོམ་གཟིགས་སྒང་ནས་བར་སྐོར་དུ་འགྲོ་བ་ནི། ང་རང་གི་གྲྭ་ཤག་ནས་ལྷ་ཁང་དུ་འགྲོ་བ་དང་མི་འདྲ་བར་སེམས་པ་གྲིམས་ཀྱིས་བསྒྲིམས་ལ་ལྷོད་ཀྱིས་གློད་པའི་བར་སྐབས་ཤིག་དང་། ལུས་པོ་དྲང་ཞིང་བསྲངས་ལ་འཁྱོགས་ཤིང་དཀྱོགས་པའི་གྲིབ་མ་དང་འགྲོག་བཞིན་ཡོད། ངའི་གྲིབ་མ་ལ་གཞན་གྱིས་དོ་སྣང་མི་བྱེད་ནའང་ངས་གཞན་གྱི་གྲིབ་མར་ལྟ་བཞིན་ཡོད། ཁོ་ཚོའི་གྲིབ་གཟུགས་ཀྱིས་མི་ཡན་གར་བའི་གཤིས་ཀ་རྟོགས་མི་ཐུབ་ནའང་ཆ་ལུགས་དང་བྱད་བཞིན་དཔོག་ཐུབ་ལ། དལ་བྲེལ་གྱི་གོམ་འགྲོས་ཤེས་ཐུབ། ད་དུང་ལྷན་གཅིག་མི་གནས་འགལ་དང་། རྟེན་ཅིང་འབྲེལ་འབྱུང་ཡང་མཐོང་ཐུབ།
ངའི་གྲིབ་མ་ལན་རེར་གཞན་གྱི་གྲིབ་མ་དང་འདྲེས་ཤིང་། སྐབས་རེར་ཁེར་རྐྱང་ངང་འགྲོ་བཞིན་ཡོད། ང་རང་སྔོན་ཆད་ལྷ་སར་ཐེངས་གསུམ་ལ་སོང་མོད་སྐབས་དེར་གྲིབ་གཟུགས་ལ་དོ་སྣང་སྤུ་ཙམ་ཡང་མ་བྱས། ངའི་གྲིབ་གཟུགས་ནི་ཁྲུང་ཁྲུང་གི་གཤོག་རྩལ་གཡར་བའི་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གྲིབ་གཟུགས་ལས་ཉམ་ཆུང་ཞིང་། འཛམ་གླིང་རིག་པས་བསྐོར་བའི་རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་གྱི་གྲིབ་གཟུགས་ལས་སྐྱོ་ཆད་པ་ཞིག་རེད། ད་དུང་དབུས་ལ་ཕེབས་མྱོང་བའི་སེར་མོ་བ་ཁྲི་སྟོང་མང་པོའི་གྲིབ་གཟུགས་ལས་འཁོས་ཆུང་ངེས། འོན་ཏེ་ངའི་གྲིབ་གཟུགས་ནི་མི་བུ་ཞིག་གི་གྲིབ་གཟུགས་དང་། ཁམས་ནས་དབུས་ལ་འབྱོར་བའི་ཨབ་ཅོར་བ་ཞིག་གི་གྲིབ་གཟུགས་རེད།
བར་སྐོར་དུ་མི་ཚོགས་ཧ་ཅང་མང་ནའང་ང་རང་མཐོང་མཁན་དག་གིས་ངའི་གྲིབ་གཟུགས་ལ་སྣང་དག་ཨེན་ཙམ་ཡང་མི་བྱེད། ཐ་ན་ཁོ་ཚོ་ལའང་གྲིབ་གཟུགས་ཡོད་མེད་འདང་རྒྱག་གིན་མི་འདུག ངས་ད་ཐེངས་མི་ལ་མ་བལྟས་པའི་སྔོན་དུ་གྲིབ་གཟུགས་ལ་ལྟ་བའང་རྩི་རྩི་གྲངས་མེད་ཡིན། མི་ལ་བལྟས་ཏེ་གྲིབ་གཟུགས་མ་མཐོང་པའང་བརྒྱ་བརྒྱ་སྟོང་སྟོང་ཡིན། འདི་དང་འདི་འདྲ་བའི་གྲིབ་མ་མང་པོའི་ཕ་རོལ་ནས། རྒྱུས་ཡོད་ཡོད་འདྲ་བའི་གྲིབ་གཟུགས་ཤིག་གམ། རྒྱུས་མེད་མེད་འདྲ་བའི་གྲིབ་གཟུགས་ཤིག་མཐོང་སོང་།
ང་ལྷ་སར་བསླེབས་ཏེ་ཟླ་བ་གཅིག་མ་ལོན་པའི་གོང་རེད། སྐབས་དེར་གནམ་གཤིས་ཅི་འདྲ་ཡིན་པ་ད་ལྟ་བརྗེད་ངེས་རྐུན་པོས་ཁྱེར་འདུག ཚེས་གྲངས་ནམ་ཞིག་ཡིན་པ་ད་ལྟ་ཀླད་ཀོར་དུ་གྱུར་འདུག འོན་ཀྱང་ཁྲོམ་གཟིགས་སྒང་ནས་བར་སྐོར་དུ་བསྐྱོད་པའི་ལམ་བར་ཞིག་ནས་རེད། ལམ་ནང་དུ་ཕར་འགྲོ་ཚུར་ཡོང་གི་མི་ཚོགས་ཧ་ཅང་མཐུག་པས་ངའི་གྲིབ་གཟུགས་དང་ཤིན་ཏུ་འདྲ་བའི་གྲིབ་གཟུགས་ཤིག་རྡོག་པས་རྫི་བཞིན་འདུག ངའི་གྲིབ་གཟུགས་དང་གཏན་ནས་མི་མཚུངས་པའི་གྲིབ་གཟུགས་ཤིག་འགུལ་གྱིན་འདུག གྲིབ་གཟུགས་དེ་ལ་རྒས་གཉེར་ཕར་ཞོག་གཞོན་ཉམས་ཀྱང་མི་འདུག མི་རྣམས་ཀྱིས་གྲིབ་གཟུགས་ལ་མི་དམིགས་པར་ཁོའི་གཟུགས་བྱད་ལ་ལྟ་བཞིན་འདུག ཁོའི་གྱོན་ཆས་ལ་ལྟ་བཞིན་འདུག ངས་ཐོག་མར་ཁོ་རང་གི་གྲིབ་གཟུགས་ལ་བལྟས། དེ་རྗེས་རང་གི་གྲིབ་གཟུགས་ལའང་བལྟས་པ་ཡིན། ང་དང་འདྲ་མཚུངས་ཀྱི་གྲིབ་གཟུགས་མ་ཡིན་པའི་གྲིབ་གཟུགས་ཤིག་འདུག གྲིབ་གཟུགས་དེས་གནས་སྐབས་ངེད་གཉིས་བར་ལ་བསྟུང་མི་ཐུབ་པའི་བར་ཆོད་ཅིག་བྱས་འདུག ངས་ཁོ་ལ་བལྟས་པ་ཙམ་ལས་ཅི་ཡང་བཤད་མ་ཐུབ།
འོན་ཀྱང་ཁོ་རང་གིས་གྲིབ་གཟུགས་གཏན་ནས་མེད་པའི་དངོས་པོ་ཞིག་མདུན་དུ་བཞག་ཅིང་། དངོས་པོ་དེ་ནི་ཤོག་སྒམ་གྲུ་བཞི་ཞིག་རེད། ནང་དུ་མང་ཤོས་ཨང་གྲངས་གཅིག་བྲིས་པའི་ཤོག་སྒོར་མང་པོས་བཀང་འདུག འདི་འདྲ་ཤོག་སྒོར་མང་པོ་ཐོབ་དོན་ནི། ཁོ་ལ་གྲིབ་གཟུགས་དམིགས་བསལ་ཞིག་ཡོད་པས་ཡིན་ནམ།
ཁོ་ནི་དོན་ངོ་མ་སུ་རེད། ངས་གྲིབ་མ་ལ་བལྟས་ཀྱང་ཁོ་རང་རྟོགས་མ་སོང་ལ། ཁོ་རང་ལ་བལྟས་ཏེ་གྲིབ་མའང་ཤེས་མ་སོང་། ཁོ་དང་ཁོའི་གྲིབ་མའི་བར་ལ་འབྲེལ་བ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད། ཁོས་ཁ་ནས་ཅི་ཡང་མི་བཤད་པར་ལམ་འགྲམ་དུ་བཞེངས་འདུག བཞེངས་ནས་ཅི་ཙམ་འགོར་ཡོད་ན། འདི་ལྟ་བུའི་སྲང་ལམ་དུ་ག་དུས་ཕེབས་པ་ཡིན་ནམ། དུས་ཚོད་ཅི་ཙམ་སོང་ཡང་ལོ་ལྔ་ཕྲག་གསུམ་ལས་ཡིན་མི་སྲིད། ཁོ་ནི་མ་གཞི་ལོ་བཅོ་ལྔ་མ་ལོན་པའི་ན་ཆུང་ཞིག་རེད། འདི་ནི་ངས་རྟགས་ལ་བརྟེན་ནས་ཐག་བཅད་པ་ཡིན།
གལ་ཏེ་མདུན་གྱི་ཤོག་སྒམ་གྲུ་བཞི་དེ་བཞག་མེད་ན་ཁོ་ལ་དོ་ཁུར་བྱེད་མཁན་ཡོད་སྲིད་དམ། དོ་སྣང་བྱེད་མཁན་མང་པོ་འདུག སྒོར་མོ་འབུལ་མཁན་ཡང་ཉུང་ཉུང་མ་རེད། ད་དུང་ཁོའི་ཉེ་འགྲམ་དུ་ཨ་མ་རྒན་མོ་ཞིག་གི་གྲིབ་གཟུགས་འདུག གྲིབ་གཟུགས་དེ་ཤོག་སྒམ་གྲུ་བཞིའི་ཐོག་ཏུ་འགུལ་བཞིན་འདུག མི་རྣམས་ཀྱིས་གྲིབ་གཟུགས་དེ་ལས་འདས་པའི་དངོས་ཡོད་ཀྱི་ཨ་མ་ཞིག་ཡོད་པ་ཤེས་ཡོད་དམ། ཨ་མས་དེ་རང་གི་བུ་ཡི་གྲིབ་གཟུགས་ལ་མཉམ་བཞག་ཡོད་དམ། བུས་རང་གི་ཨ་མའི་གྲིབ་གཟུགས་མཁྱེན་ཨེ་ཡོད་ན།
མཚམས་འདི་ནས་ཐོན་དུས་ངས་ཡང་བསྐྱར་རང་གི་གྲིབ་གཟུགས་ལ་བལྟས་པ་ཡིན། མི་ཚོགས་ཀྱི་གྲིབ་གཟུགས་ལ་བལྟས་པ་ཡིན། ང་རང་ལོ་ན་བདུན་བརྒྱད་སོན་དུས་ཨ་མའི་གྲིབ་གཟུགས་བོར་བའི་རྣམ་པ་གསལ་ལ་མི་གསལ་བ་དེ་ཡང་ནས་ཡང་དུ་དྲན་སོང་། ངས་ཡང་བསྐྱར་མདུན་ཕྱོགས་སུ་ཡོད་པའི་མ་བུ་གཉིས་ཀྱི་གྲིབ་གཟུགས་ལ་བལྟས་པ་ཡིན། དངོས་ཡོད་ལས་བརྒལ་བའི་ཁོང་གཉིས་ཀྱི་གྲིབ་གཟུགས་ནི་ད་དུང་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་རེད། ངས་བསྐྱར་དུ་ཉེ་འཁོར་གྱི་གྲིབ་གཟུགས་དག་ལ་མི་བཤེར་ཐེངས་གཅིག་བྱས་ཏེ་རང་གི་གྲིབ་གཟུགས་ལ་བལྟས་པ་ཡིན། འོན་ཀྱང་ང་ལ་ལྟ་མཁན་ནི་ངའི་གྲིབ་གཟུགས་གཅིག་པུར་རེད།
ཟླ9པའི་འགོར་རྩོམ་གཞི་བཏིངས།
ཟླ10པའི་མཇུག་ཏུ་བཅོས་ཏེ་བྲིས།
རྩོམ་སྒྲིག་པ།:འཕགས་ཆེན། ཡོངས་ཁུངས།:འཕགས་ཆེན་འཕྲིན་སྟེགས། 公众号!©Pagchen杷青
☀️
Send to Author