前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

མངའ་བདག་མར་པ་ལོ་ཙཱའི་མགུར་ཆེན་ལམ་གླུ་རིང་མོ།

杷青 杷青 Pagchen 2022-07-26


༄༅།  །མར་པ་ལོ་ཙཱས་བླ་མ་དང་མཆེད་གྲོཊ་ལ་ཕུལ་བའི་མགུར་ཆེན་ལམ་གླུ་རིང་མོ་བཞུགས་སོ། །


སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོ་ལགས་ཀྱིས་གྱེར།


 མར་པས་བོད་ལ་འབྱོན་པར་ཐུགས་ཆས་པའི་ཚེ། པུཥྤ་ཧ་རིའི་ནུབ་ཕྱོགས་ཨ་མྲའི་ཚལ་གྱི་ཤིང་དྲུང་ཞིག་ཏུ་གཟིམས་པའི་ཐོ་རངས་ཤིག་གི་ཐུགས་དགོངས་ལ། ངས་ཚེ་འདིར་བོད་ནས་རྒྱ་གར་ལ་ལན་གསུམ་ཡོང་བའི་སྔ་མ་ལ་ལོ་བཅུ་གཉིས། བར་པ་ལ་ལོ་དྲུག །ད་ལན་ལོ་གསུམ་སྟེ་ཉེར་གཅིག་སོང་བ་ལས། དཔལ་ནཱ་རོ་པ་རང་གི་དྲུང་དུ་ལོ་བཅུ་དྲུག་དང༌། ཟླ་བ་བདུན་བསྡད་འདུག །ཆོས་བྱས་པ་ལ་གྲུབ་ཐོབ་ཀྱི་བླ་མ་རྣམས་དང་མཇལ། སྒྲ་སྐད་དང་སློབ་གཉེར་ནི་མཐར་ཕྱིན་པ་ཤེས་དགོངས་ཏེ་དགྱེས་བཞིན་བོད་དུ་འབྱོན་པ་ལ། བླ་མ་དང་མཆེད་གྲོགས་རྣམས་ཤུལ་དུ་ལུས་པ་ནི་ཐུགས་འཕྲེང༌། ལམ་བར་གྱི་ཆུ་འཕྲང་ཨར་ཇག་ལ་སོགས་པ་རྣམས་ལ་ནི་འཚེར། སློབ་གཉེར་རྗེས་གདམས་ངག་ཁྱད་པར་ཅན་རྣམས་ཐོབ་ནས། བོད་དུ་འབྱོན་པ་ལ་ནི་བྲོད་པའི་ཐུགས་ཉམས་དྲག་པོ་ཞིག་ཤར་བ། པཎ་ཆེན་ནཱ་རོ་པ་ལ་ཕྱི་ཕྱག་གི་ཚུལ་དུ་ཚོགས་མཆོད་ཅིག་ཕུལ་བའི་གྲལ་དུ་ལོ་རྒྱུས་དང་བཀའ་གནང་ཞུས་ནས། བུང་བ་རྒྱང་རིང་དུ་འཕུར་འགྲོ་བའི་སྒྲ་ལ་རྟ་དྲངས་ནས་ཡོངས་སུ་གྲགས་པའི་མགུར་ཆེན་ལམ་གླུ་རིང་མོ་འདི་བླ་མ་དང་མཆེད་ལྕམ་རྣམས་ལ་ཕུལ་ལོ། །


རྗེ་འགྲོ་བ་འདྲེན་མཛད་སྐུ་དྲིན་ཅན། །

གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས། །

མི་ཁོ་བོའི་སྤྱི་གཙུག་རྒྱན་དུ་བཞུགས། །

རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང༌། །

བོད་ཡུལ་གྱི་མར་པ་ལོ་ཙཱ་གཉིས། །

སྔར་སྦྱངས་སྨོན་ལམ་གཅིག་པས་མཇལ། །

ལོ་བཅུ་དྲུག་ཟླ་བ་བདུན་དུ་བསྟེན། །

དུས་སྐད་ཅིག་མ་བྲལ་འགྲོགས་པའི་ཕྱིར། །

ཐུགས་ལ་མི་འདོགས་སྐབས་མ་མཆིས། །

དཔལ་མེ་ཏོག་མདངས་འཕྲོག་གི་དགོན་པ་འདིར། །

དབང་བཞིའི་ཆུ་བོ་རྫོགས་པར་བསྐུར། །

སྙན་བརྒྱུད་ཀྱི་གདམས་ངག་མཐར་ཐུག་གནང༌། །

བླ་མེད་ཐེག་པ་མཆོག་གི་དོན། །

གཉིས་མེད་རྩེ་གཅིག་གཞིར་བཞག་ནས། །

སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །

ཁ་བ་ཅན་འདབ་བྱང་ཕྱོགས་སུ། །

ལུང་བསྟན་རྒྱལ་ཚབ་བཀོད་པའི་ཕྱིར། །

ད་ནི་བན་ཆུང་བོད་དུ་འགྲོ། །

བན་ཆུང་བོད་དུ་འགྲོ་བ་ལ། །

ཤུལ་ན་འཕྲེང་བ་རྣམ་གསུམ་ཡོད། །

ཡིད་ལ་བཅགས་པ་རྣམ་གསུམ་ཡོད། །

ལམ་ན་འཇིགས་པ་རྣམ་གསུམ་ཡོད། །

བར་ན་མཚེར་བ་རྣམ་གསུམ་ཡོད། །

གདེང་ན་བྲོད་པ་རྣམ་གསུམ་ཡོད། །

ངོ་མཚར་ཆེ་བ་རྣམ་གསུམ་ཡོད། །

གླུ་འདིའི་རྗེས་ཟློས་མ་བཤད་ན། །

ཚིག་དེས་དོན་གྱི་བརྡ་མི་མཇལ། །

ཤུལ་དུ་འཕྲེང་བ་རྣམ་གསུམ་ནི། །

རྗེ་ནཱ་རོ་དང་མཻ་ཏྲིས་དབུ་མཛད་ནས། །

གྲུབ་ཐོབ་ཀྱི་བླ་མ་བརྒྱ་རྩ་གཅིག །

ཤུལ་དུ་ལུས་ཏེ་མ་བས་འཕྲེང༌། །

དཔལ་འཇིགས་མེད་གྲགས་པས་དབུ་མཛད་ནས། །

མཆེད་དང་ལྕམ་དྲལ་བརྒྱ་རྩ་གཅིག །

ཤུལ་དུ་ལུས་ཏེ་མ་བས་འཕྲེང༌། །

གནས་པུ་ལ་ཧ་རིས་སྣ་དྲངས་པའི། །

གྲུབ་ཐོབ་གནས་ཆེན་བརྒྱ་རྩ་གཅིག །

ཤུལ་དུ་ལུས་ཏེ་མ་བས་འཕྲེང༌། །

ཡིད་ལ་གཅགས་པ་རྣམ་གསུམ་ནི། །

ལྷོ་དྷརྨ་བོ་དྷི་ཨ་ཤོ་ཀ །

དྲིན་ཅན་གནས་པོ་ཕོ་མོ་རྣམས། །

འབྲལ་མི་ཕོད་དེ་ཡིད་ལ་གཅགས། །

བྲམ་ཟེའི་ཁྱེའུ་གསེར་ཕྲེང་ཅན། །

ཤི་སྲོག་གིས་འཐུད་པའི་གྲོགས་པོ་བྱས། །

འབྲལ་མི་ཕོད་དེ་ཡིད་ལ་གཅགས། །

དེད་དཔོན་གྱི་བུ་མོ་སྔོ་སངས་མ། །

མཚན་ལྡན་དེ་རིག་མར་བསྟེན་བསྟེན་ནས། །

འབྲལ་མི་ཕོད་དེ་ཡིད་ལ་གཅགས། །

ལམ་གྱི་འཇིགས་པ་རྣམ་གསུམ་ནི། །

མཚོ་དུག་མཚོ་ཁོལ་མས་སྣ་དྲངས་ནས། །

ཤར་ཆུ་བོ་གང་ག་ད་གཟོད་བརྒལ། །

དེ་མ་མཐོང་གོང་ནས་ང་རེ་འཇིགས། །

རི་ཨུ་ཤུ་རི་ཡི་ནགས་འདབ་ན། །

ཆོམ་རྐུན་ཇག་པས་ལམ་ན་སྒུགས། །

འདི་མ་མཐོང་གོང་ན་ང་རེ་འཇིགས། །

གྲོང་ཁྱེར་ཏི་ར་ཧུ་ཏི་ན། །

ཁྲེལ་མེད་ཤོ་གམ་ཆར་ལྟར་འབེབས། །

འདི་མ་མཐོང་གོང་ནས་ང་རེ་འཇིགས། །

བར་གྱི་འཚེར་བ་རྣམ་གསུམ་ནི། །

འཕྲང་ས་ལ་ཧ་ཏི་མ་གཏོགས་པ། །

བཅའ་འཕྲང་ཟམ་པ་བརྒྱ་བཅུ་གཅིག །

ཨེ་མ་རྔུལ་ཆུ་བས་ཀྱང་འཚེར། །

ལ་ཁ་ལ་བྱ་ལ་མ་གཏོགས་པ། །

ལ་ཆེན་ལ་ཆུང་བརྒྱ་བཅུ་གཅིག །

ཨེ་མ་རྔུལ་ཆུ་བས་ཀྱང་འཚེར། །

ཐང་དཔལ་མོ་དཔལ་ཐང་མ་གཏོགས་པ། །

ཐང་ཆེན་ཐང་ཆུང་བརྒྱ་བཅུ་གཅིག །

ཨེ་མ་རྔུལ་ཆུ་བས་ཀྱང་འཚེར། །

གདེང་གི་བྲོད་པ་རྣམ་གསུམ་ནི། །

སྒྲ་ཀ་ལ་ཙན་དྲས་སྣ་དྲངས་ནས། །

སྐད་སྣ་བརྒྱ་དང་རྩ་བརྒྱད་ཤེས། །

གྲོགས་ལོ་ཙཱ་ཚོགས་ན་ང་རེ་བྲོད། །

དགྱེས་རྡོར་གདན་བཞིས་སྣ་དྲངས་ནས། །

རྒྱུད་འབྲེལ་བརྒྱ་དང་རྩ་བརྒྱད་ཤེས། །

གྲོགས་སྟོན་ཆེན་ཚོགས་ན་ང་རེ་བྲོད། །

བཀའ་གཞིའི་གདམས་པས་སྣ་དྲངས་ནས། །

སྙན་བརྒྱུད་བརྒྱ་དང་རྩ་བརྒྱད་ཤེས། །

གྲོགས་སྒོམ་ཆེན་ཚོགས་ན་ང་རེ་བྲོད། །

ངོ་མཚར་ཆེ་བ་རྣམ་གསུམ་ནི། །

བསྲེ་དང་འཕོ་བ་མ་གཏོགས་པ། །

ཁྱད་ཆོས་བརྒྱ་དང་རྩ་བརྒྱད་ཤེས། །

ཆེ་ན་ངོ་མཚར་དེ་ཆེ་མོད། །

དུད་སོལ་ལྷ་མོ་མ་གཏོགས་པ། །

བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཤེས། །

ཆེ་ན་ངོ་མཚར་དེ་ཆེ་མོད། །

རིམ་ལྔའི་དམར་ཁྲིད་མ་གཏོགས་པ། །

རྫོགས་རིམ་བརྒྱ་དང་རྩ་བརྒྱད་ཤེས། །

ཆེ་ན་ངོ་མཚར་དེ་ཆེ་མོད། །

དེ་ཐམས་ཅད་བླ་མ་རྗེ་ཡི་དྲིན། །

འབངས་དྲིན་ལན་གཞལ་གྱིས་མི་འཁོར་བས། །

རྗེ་མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས། །

དེ་འོག་མཆེད་དང་ལྕམ་དྲལ་རྣམས། །

བན་ཆུང་བོད་དུ་འགྲོ་བ་ལ། །

རྐྱེན་བར་ཆད་མེད་པའི་བྱིན་རླབས་ཞུ། །

དུས་ད་ནི་མཇལ་བ་ཡོང་མ་མཆིས། །

དཔལ་ཨོ་རྒྱན་ཡུལ་ལམ་མཁའ་སྤྱོད་དུ། །

ཚེ་ཕྱི་མ་ཅིས་ཀྱང་མཇལ་བ་ཞུ། །


    ཞེས་བླ་མ་ལོ་ཙཱ་བས་མགུར་དེ་བཞེངས་པས། མཆེད་གྲོགས་གོང་མར་གྱུར་པ། བྲམ་ཟེ་མུ་ཏ་ཀ་ཀརྟི་དང༌། རྣལ་འབྱོར་མ་སུ་ཀ་དྷ་རི་ལ་སོགས་པ་བརྒྱད་ཀྱིས་སྤྱན་ཆབ་ཤོར་རོ། །དེ་ནས་བླ་མ་མར་པས། བླ་མའི་སྐུའི་དཀྱིལ་འཁོར་ལ་དབང་བཞི་ཞུས། སྨོན་ལམ་བཏབ་ནས་བྱོན་པ་ལ། མཆེད་ལྕམ་གཤེགས་སྐྱེལ་བ་རྣམས་ཀྱིས་སྐུ་ཆས་ཀུན་བསྣམས། རྗེ་མར་པ་རང་གིས་པུཥྤ་ཧ་རིའི་རྡོ་སྐས་ཀྱི་རྩ་བར་མ་ཕེབས་བར་ཕྱི་འགྲོས་ཀྱིས། བླ་མ་ལ་གོམ་པ་རེ་ལ་ཕྱག་རེ་དང་ཐེམ་རེའི་སྟེང་ནས་ཕྱག་རེ་འབུལ་ཞིང༌། རྡོ་སྐས་རྫོགས་མཚམས་སུ། བླ་མ་ལ་གདུང་ཤུགས་དྲག་པོས་ཕྱག་མང་པོ་བཙལ་བའི་ས་དེར་ཡང༌། རྡོ་ལ་རྗེ་མར་པའི་ཞབས་རྗེས་ཤིག་བྱུང་བ་ད་ལྟ་ཡང་ཡོད་དོ། །དཔལ་ནཱ་རོ་པ་ཡང་སྐུ་ཚེ་འདི་ཉིད་ལ་མཁའ་འགྲོས་མཁའ་སྤྱོད་དུ་སྤྱན་དྲངས་པར་གདའ། རྗེ་མར་པ་ལ། བླ་མ་དང་མཆེད་ལྕམ་རྣམས་ཀྱིས་བྱིན་གྱིས་བརླབས་པར་མཛད་པས། བར་ཆད་མེད་པར་བོད་ཡུལ་ལྷོ་བྲག་ཏུ་ཕེབས་སོ། །

1

མགུར་གྱེར་མཁན།

སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོ།

སྐུ་རྒྱབ་ཚུལ་ཁྲིམས་ལགས་ཀྱིས་གྱེར་བའི་མགུར་སྐོར་ཞིག


རྗེ་མི་ལའི་རྣམ་མགུར་ལས༼བསམ་པ་རྫོགས་པའི་མགུར༽ 米拉日巴道歌(古嘉慈诚唱)

2 རྗེ་མི་ལའི་རྣམ་མགུར་ལས་བྲག་དམར་མཆོང་ལུང་གི་སྐོར།
རྗེ་མར་པའི་མགུར་ཆེན་ལམ་གླུ་རིང་མོའི་མགུར་རྟ་བུང་བ་རྒྱང་འཕུར།
4རྗེ་བཙུན་མི་ལའི་རྣམ་མགུར་ལས། དང་པོ༽ བླ་མ་དྲན་དྲུག་གི་སྐོར།
རྗེ་བཙུན་མི་ལའི་མགུར་ལས་༼བྲག་དམར་མཆོང་ལུང་གི་སྐོར་དང་པོ།
རྗེ་བཙུན་མི་ལའི་མགུར་ལས་༼བྲག་དམར་མཆོང་ལུང་གི་སྐོར་གཉིས་པ།

长按二维码

关注我们


གཤམ་གྱི་རི་མོ་དང་མེ་ཏོག་སྟེང་ལན་རེ་ནོན་མཛོད།

文章有问题?点此查看未经处理的缓存