འཕགས་ཆེན་འཕྲིན་སྟེགས།
འཕགས་ཆེན། (ཡུལ་ཤུལ)
སྙན་ངག
བོད
འཕྱོངས་རྒྱས་བཙན་པོའི་བང་སོ་མཇལ་བ།
གནའ་བོའི་ས་ཆེན་ཡར་ཀླུང་རིང་མོའི་ལྟོ་བ་ན།།
ཨ་སྔོན་གནམ་གྱི་རིམ་པ་བཅུ་གསུམ་ཡང་སྟེང་ནས།།
འཕྲུལ་གྱི་ལྷ་ཆེན་གཉའ་ཁྲི་བཙན་པོ་ཕེབས་ནས་བཟུང་།།
པུར་རྒྱལ་བཙན་པོའི་རྒྱལ་རབས་མུ་ཏིག་ཕྲེང་བ་བྱུང་།།
དཔའ་བའི་མིག་ལ་བཙན་པོའི་དབུ་རྨོག་ཁྲ་ཆིལ་ཆིལ།།
སྤོབས་པའི་སེམས་སུ་རྡོ་རྗེའི་མཚོན་ཆ་ཚ་ལམ་ལམ།།
ཆོས་སྲིད་ཉི་ཟླས་འཛམ་གླིང་སུམ་གཉིས་གསལ་བྱེད་པ།།
མེས་དབོན་རྣམ་གསུམ་གངས་རིའི་སྤོ་ནས་འོད་པོ་ཆེ།།
ཐུ་བྷོད་བཙན་པོའི་སྙན་གྲགས་མངའ་ཐང་གཟི་འོད་ཆེ།།
ལོ་རྒྱུས་གླེགས་བམ་ཉིན་སྲིབ་བདས་ནས་མཇལ་ན་ཡང་།།
ཆུ་བུར་མིག་གིས་དངོས་སུ་མཐོང་བའི་ཧམ་སེམས་ཀྱིས།།
དབུས་གཙང་ཡུལ་ལ་འགྲུལ་བཞུད་བྱེད་པའི་གོམ་ཁ་བསྒྱུར།།
ཡར་ཀླུང་གཙང་པོའི་རླབས་ཀྱི་ཕྲེང་བ་དགུང་ལ་འཕྱོ།།
ཡར་ལྷ་ཤམ་པོའི་གངས་ཀྱི་དབུ་འཕང་གནམ་ལ་ཟུག།
ཡར་མོ་ཀླུང་གི་བཙན་པོའི་སྙིང་སྟོབས་སྒོམ་ཞོར་དུ།།
འཕྱོངས་རྒྱས་ཡུལ་ནས་པུར་རྒྱལ་བང་སོ་མཇལ་བར་སྤྲོ།།
སྲིད་པ་རྒན་པོའི་ལྟེ་ཁྲག་འཕོས་སའི་ཁྱིམ་གཞིས་ཏེ།།
འཕྱིང་བ་སྟག་རྩེའི་བཙན་པོའི་ཕོ་བྲང་སྟོད་ན་འགྱིངས།།
མེས་པོའི་དེབ་ཐེར་ཐང་ལ་ལྷུང་འདྲའི་འཕྱོངས་རྒྱས་ནས།།
སྟག་རྩེའི་རྡོ་རིང་གྱེན་ལ་བསྒྲེངས་ནས་གནམ་ས་འབྱེད།།
གངས་ཅན་ལྗོངས་ཀྱི་ནོར་འཛིན་བུ་མོའི་བྲང་གཞུང་ན།།
རི་ཚོགས་སྟོང་གི་དབུས་ན་བརྗིད་པའི་མུ་ར་རིར།།
བཙན་པོའི་བང་སོ་ཕྲ་རགས་དུ་མ་སྟོབས་ཀྱིས་བརྩིགས།།
མཐོང་བ་ཙམ་གྱིས་བདེན་པའི་མགོ་བོ་གྱེན་དུ་བསླངས།།
པུར་རྒྱལ་བང་སོ་རི་རྒྱལ་ལྷུན་པོའི་ཕྲེང་ཚོམ་ལས།།
སྲོང་བཙན་བང་སོ་མཐོ་ཞིང་བརྗིད་པའི་དཔལ་འབར་བས།།
ཐོག་ཏུ་འཛེགས་ནས་ཕྱོགས་དང་ཕྱོགས་མཚམས་བལྟས་པ་ན།།
དཔའ་ངར་ཆེ་བའི་མེས་པོ་གོང་མའི་སྟོབས་ཤུགས་དྲན།།
མི་ཤིགས་བརྟན་པའི་དུང་དཀར་ལུང་ཤུར་སྐྱ་ཐིང་ཐིང་།།
འགྱུར་མེད་ལྷུན་ཆགས་བང་སོའི་ཕྲེང་བ་རྔམ་ཟིལ་ཟིལ།།
ཁྲི་རལ་ཅན་སོགས་རྡོ་རྗེའི་སྐུ་ཕུང་སྦས་ཞུགས་ཀྱིས།།
བཙན་པོའི་བང་སོ་ས་ཡི་ཁྱོན་ལ་འབུར་དུ་དོད།།
ཕྱོགས་གསུམ་རིས་བསྐོར་ཞང་མདའི་ས་འཛིན་ཕང་བ་ན།།
འབྲོང་སྙན་ལྡེའུ་བཙན་ཟླུམ་དབྱིབས་བང་སོ་རྔམ་ཞིང་བརྗིད།།
བཙན་པོའི་རུས་རྐང་ས་ལ་ཐིམ་པའི་ལོ་རྒྱུས་འདི།།
མཐོང་བའི་ལམ་དུ་ཐོལ་གྱིས་མངོན་པ་ཡ་མཚན་ཨང་།།
མེས་པོའི་ཚེ་སྲོག་ལྕགས་རི་ལྟར་དུ་རྒྱུན་རིང་བ།།
བཙན་པོའི་བང་སོ་རི་བོ་བཞིན་དུ་དཔང་མཐོ་བ།།
རུས་རྐང་སྲ་མོ་གངས་ལ་ཞུགས་པའི་མི་རིགས་འདིའི།།
པུར་རྒྱལ་བཙན་པོའི་ཟིལ་ཤུགས་དྲན་ན་གློ་བ་དགའ།།
ཡར་ཀླུང་གཞུང་ནས་འོད་གསལ་ལྷ་ཡི་གདུང་རྒྱུད་ཀྱི།།
བཙན་ལྔ་མན་གྱི་བང་སོ་སྐོར་ཞིག་མཇལ་བ་ན།།
འདི་ཀོའི་མཐོང་སྣང་ལྷུག་པོར་བཀྲལ་བའི་སྙན་ངག་གང་།།
ཟླ་བའི་སྒྲོལ་མའི་ངག་ལ་བརྒྱུས་ན་ཁྱེད་ལ་འབུལ།།
2017/7/1ཉིན་བྲིས།
རྩོམ་པ་པོ།:འཕགས་ཆེན།
པར་ལེན་པ།:འཕགས་ཆེན།
རྩོམ་སྒྲིག་པ།:འཕགས་ཆེན།
ཡོངས་ཁུངས།:འཕགས་ཆེན་འཕྲིན་སྟེགས།
公众号!©Pagchen杷青
གོང་གི་སྲོང་བཙན་བང་སོའི་པར་དང་པོ་དེ་དྲྭ་ཐོག་ནས་བླངས།
☀️
Send to Author