བུ་ཆུང་ཨ་ལྡེ།
རྨ་ཀླུང་ཕྱུག་མོ་ནི་ཉིན་མཚན་བར་མེད་དུ་ཤར་ཕྱོགས་སུ་རྒྱུ་བཞིན་ཡོད། རི་མཐོ་ཆུ་དྭངས། ཁ་དབུགས་གཙང་བའི་ས་ཆ་དེའི་གཡང་ཞག་འཁྱིལ་བའི་རྩྭ་ཐང་གི་གཞོང་བ་ན། ཁྱད་ཆོས་ཅན་གྱི་ཁང་བརྩེགས་འདྲ་མིན་སྣ་ཚོགས་བྱུར་རྒྱན་གཟི་རྒྱན་ལྟར་ཤན་ཡོད་པས། ཉམས་དགའ་བའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་ཐུབ། ཡིན་ནའང་། སྡེ་ཟུར་གྱི་ཁུག་ཀྱོག་ཞིག་ན་ཁོར་ཡུག་གི་རྣམ་པ་དང་མི་མཐུན་པའི་ཁང་ཤུལ་ཞིག་ལུས་ཡོད། ཁོ་བོར་རྒྱུས་མངའ་མེད་དེ། ཟེར་སྐད་ལ་མི་དེ་ནི་ཤེས་མེད་ཚོར་མེད་ངང་འཚར་ལོངས་བྱུང་ལ་ཤེས་མེད་ཚོར་མེད་ངང་མི་ཡུལ་དང་ཁ་བྲལ་བའི་རྐང་རྗེས་མེད་པའི་མི་ཞིག་རེད་ཟེར།
་་་་་་་་་་་་་་་་་་་་་
"ལོ་ལོ། ད་མ་གཉིད་ཡར་ལོངས་དང"ཞེས་ལྷ་མོས་སྐད་དམའ་མོས་སྤྲུགས་སྤྲུགས་བྱས་ནས་གཉིད་ཇི་ལྟར་དཀྲོགས་ཀྱང་བུ་ཆུང་ཨ་ལྡེ་བྲག་ལ་ཕུར་བ་རྡེག་པ་ཙམ་ལས་ཡར་ལང་རྒྱུ་མ་བྱུང་བ།
"དེ་རིང་ཡང་སློབ་གྲྭར་ཚོགས་མི་འདོད་པ།ད་་་ད་་་་་"ཞེས་ལྷ་མོ་ལེ་བདར་བྱེད་ཞོར་དུ་ཨ་ཡེ་སྒྲོལ་མ་ལ་འོ་ཇ་ཞིག་དྲངས།
གསོལ་ཁང་གི་ཐབ་རྩའི་པགས་གདན་ཐོག་ལ་བསྡད་ཡོད་པའི་ཨ་མྱེ་རབ་བརྟན་གྱིས་སྐད་གསང་མཐོན་པོའི་ངང་ནས"ལོ་བདུན་ལས་སོན་མེད་པའི་བྱིས་པར་ཁག་ཅི་ཡོད།རྒད་པོ་ང་ན་ཆུང་ལོ་འདི་འདྲ་ཡིན་དུས།ཡི་གེ་སློབ་རྒྱུ་ཕར་ཞོག སློབ་གྲྭའི་རྒྱ་སྒོ་ཁ་ཕྱོགས་གང་ལ་གཏད་ཡོད་པའང་ངས་མི་ཤེས"ཟེར་ནས་འགེབ་སྲུང་བྱས།
དཔལ་འབར་མིག་ཕུར་ཞིང་གླལ་སྒྱིང་བྱེད་ཞོར་དུ་གསོལ་ཁང་ནང་མར་འཛུལ་ནས་ལག་ལ་དཀར་ཡོལ་ཞིག་བཟུང་ནས་ཐབ་ཀའི་རྩར་བསྡད།རྩམ་སྒམ་གྱི་ཁ་ལེབ་ཕར་འཇོག་ཏེ་རྩམ་སྒམ་དེ་ཕྱིར་རྩར་དྲུད།རྩམ་པ་སྤར་མོ་གང་བཅུས་ནས་མར་རྡོག་ཕྲན་ཙམ་བཏབ་ཏེ།རྩམ་པ་བརྫི་འགོ་ཚུགས་པའི་སྐབས་སུ།ལྷ་མོས་ལྐོག་ནས་ལག་བརྡ་གཅིག་གིས་དཔལ་འབར་ཉལ་ཁང་ནང་མར་བཀུག་སོང་།རབ་བརྟན་མི་འདོད་པའི་ཚུལ་གྱིས་མིག་ཟུར་བལྟ་ཙམ་བྱེད་པ་ལས་ཅི་ཡང་མ་བཤད།
ཅུང་མ་འགོར་བ།དཔལ་འབར་ཕྱིར་བུད་སོང་།གདོང་ལ་རྣམ་འགྱུར་མེད་ནའང་མིག་ཟུང་ལས་དོག་མི་བདེ་བའི་བསམ་ཚུལ་ཞིག་ཡོད་པ་ཤེས་ཐུབ།
"ཨ་ཕ།ཁྱེད་ཀྱི་བསམ་ཚུལ་ག་འདྲ་ཞིག་རེད།"དཔལ་འབར་སྐད་དམའ་མོས་རབ་བརྟན་མདུན་དུ་བཅར་ནས་དྲིས།
རབ་བརྟན་ཁྲོ་ཚུགས་ཤིག་བསྟེན་ནས"ཅི།གང།ག་རེ།"ཞེས་མ་འདོད་པའི་ཚུལ་གྱིས་དེ་ལྟར་བཤད།
དཔལ་འབར་སྔར་ལས་ཀྱང་སྐད་དམའ་མོས་སྐྲག་མ་དངངས་ཀྱིས"ཁྱེད་ཀྱི་ཚ་བོ་་་་"ཞེས་སྐད་ཆ་དེ་མཇུག་མ་བསྒྲིལ་གོང་ལ་"ཁྱོད་གཉིས་ཀྱི་བུ་རྒྱུད་རེད།ང་རྒད་པོ་འཆི་ལ་ཉེ་བ་ཞིག་གིས་ཅི་ཤེས།"ཟེར་ནས་རབ་བརྟན་གྱིས་དཔལ་འབར་གྱིས་བཤད་མཚམས་བཅད།
ཨ་ཡེ་སྒྲོལ་མ་ཕོར་ཞག་ཕར་ཕུ་སྤུར་ཞོར་དུ་ཇ་ཁམ་གང་བཏུངས་ནས།བཤད་རྒྱུར"མདང་དགོང་ཡང་གཉིད་ཆག་སོང་བས།ད་ཅི་བྱེད།ཁོ་སྡུག་མོ།འདི་འདྲ་སྔ་མོ་་་་།"རབ་བརྟན་མ་ཎི་འཁོར་ལོ་དེ་ཅོག་ཙེའི་ཐོག་ལ་ཕྲོགས་སེར་གཡུགས་ནས་ཕྱིར་བུད་སོང་།
ཁྱིམ་གང་བོར་མུན་པ་ཅུང་ཙམ་ཞིག་འཐིབས་སོང་།
ཞོགས་པའི་ཉི་གཞོན་ཤར་ཕྱོགས་རི་རྩེ་ནས་འཛུམ་དུས།ཨ་ལྡེ་ད་དུང་ཉིན་རྒྱུན་ལྟར་རྨི་ལམ་གྱི་ཞིང་ཁམས་ལ་འགྲིམ་ནས་གཉིད་སྐྱིད་པོར་བསྒྲིམ་ཏེ་སྔ་དྲོའི་དུས་ཚོད་ཕལ་ཆེར་ཉལ་ནས་བསྡད་བཞག ཉིན་གཞུང་གི་ཆུ་ཚོད་འཁོར་ལོའི་ཁབ་རྩེ་དེ་ཨང་ཀི་བཅུ་གཉིས་ལ་ཁེལ་དུས།ད་གཟོད་ཨ་མྱེའི་གཅེས་ཕྲུག་ཡར་ལོངས་སོང་།ཚ་བོ་མཐོང་བ་ན་ཨ་མྱེ་རབ་བརྟན་གྱི་གདོང་ལ་འཛུམ་མདངས་མེ་ཏོག་འདྲ་བ་ཞིག་བཞད་ཡོད།ཚ་བོ་ཡིས་ཀྱང་ཨ་མྱེ་མ་གཏོགས་མི་དགོས་ཟེར།ཁོ་མེས་དབོན་གཉིས་མཛའ་མཐུན་འོ་ཆུ་གཅིག་འདྲེས་རེད།
དེ་ལྟར་ལོ་གཅིག་གི་དུས་ཚོད་སྐད་ཅིག་ཉིད་ལ་འདས་སོང་།ཨ་ལྡེ་ཉིན་ལྟར་ཟ་རྒྱུ་ཉལ་རྒྱུ་ཙམ་ལས་གཞན་དོན་དག་ཅི་ཡང་མེད།དཔལ་འབར་ནི་འདུག་བདེ་མོ་ཞིག་ག་ལ་ཡོད།ནང་ན་ཚ་བོར་སྲོག་ལྟར་གཅེས་པའི་ཨ་མྱེ།ཕྱིར་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཤང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད།ཐེངས་གང་མང་ཞིག་ལ་བུ་ཆུང་ཨ་ལྡེ་སློབ་གྲྭར་འགྲོ་རྒྱུ་ཐད་ཀྱི་ཁ་བརྡ་སྐད་ཆ་མང་པོ་ཁོ་ལ་ལབ་མྱོང་།བཀའ་བཀྱོན་ཡང་མང་པོ་གནང་ཡོད།
སང་ཉིན་ནི་བུ་ཨ་ལྡེ་སློབ་གྲྭ་ལས་ཕྱིར་འཐེན་པའི་ལོ་གཅིག་ཏག་ཏག་རེད།ཁས་ལེན་དུས་བཅད་ལྟར་ན་བུ་ཆུང་ཨ་ལྡེ་ཡར་སློབ་གྲྭར་བསྐྱལ་བའི་དུས་ཚོད་ཀྱང་ཁེལ་ཡོད།དཔལ་འབར་ལ་ད་གཟོད་མགོ་ན་བའི་ལས་བྱ་ལྗིད་མོ་ཞིག་གིས་བསྣན་ནས་བསྡད་ཡོད།
རྒྱུན་དུ་རབ་བརྟན་ལ་ཁོམ་རེ་ཡོད་ཚེ།རང་གི་སྙིང་ཉེ་བའི་ཚ་བོ་དེ་ཁྲིད་ནས་མ་ཎི་སྐོར་ར་ཐར་ཐོར་ཙམ་རྒྱག་ཏེ་དུས་གདའ་བ་བྱེད།ཚ་བོ་དགའ་ན་ཨ་མྱེ་ཡང་སེམས་པ་སྤྲོ།ལྟོགས་ན་སིལ་ཟས་བྱིན།སྐོམ་ན་མངར་ཆུ་བླུད།སྒོར་རྡོག་རེ་གཉིས་ཙམ་ཡོད་པ་དེའང་ཚ་བོར་ཅི་འདོད་ལྟར་དུ་བཀོལ།
"རྒད་པོ་རབ་བརྟན།ཁྱོད་ཀྱི་ཚ་བོ་སློབ་གཉེར་བྱེད་དགོས་པ་མིན་ནམ།"རྒྱུན་ལྡན་མི་ཐམས་ཅད་ཀྱི་འདི་ལྟར་འདྲི་བཞིན་ཡོད།དེ་རིང་ཡང་་་་་་་་
"འདི་ཁྱོད་ཀྱི་བསམ་བློ་བཏང་དགོས་པའི་བྱ་བ་མ་རེད་ཡ།"རབ་བརྟན་གྱིས་ཇི་མི་སྙམ་པའི་ངང་ནས་མི་དེ་ལ་རྒྱུན་ལྟར་ཚིག་ལོག་གཅིག་གཡུགས།
ཁོས་འདི་འདྲ་ཇི་ལྟར་ཟེར་ན་འདིའི་ཐད་ཀྱི་འདྲི་ཚིག་འཕེན་མཁན་ཡང་ཇེ་མང་རེད།
མི་དེས"ཧ་ཧ།"ཞེས་གད་མོ་བགད་ཞོར་དུ་བུད་སོང་།
"ཨ་ཁུ་རབ་བརྟན།ཨ་ལྡེ་སློབ་གྲྭར་མི་མངག་པ་ཅི་ཡིན།ཟེར་ཚུལ་ལ་སློབ་ལོ་རན་པའི་བྱིས་པ་ཐམས་ཅད་སློབ་གྲྭར་མ་ཞུགས་ན།ལོ་དགུའི་འོས་འགན་སློབ་གསོའི་བཅའ་ཁྲིམས་དང་འགལ་ཡོད་པས།ཆུང་ན་དངུལ་ཆད་དང་།ཆེ་ན་བཙོན་ལ་བཙུད་ཉེན་ཡོད་ཟེར།"དེ་ནི་རབ་བརྟན་གྱི་ནུ་བོའི་བུ་རྡོ་རྗེ་རེད།རྡོ་རྗེ་ནི་རབ་བརྟན་གྱི་ཚ་བོ་དངོས་རེད།རབ་བརྟན་ཡང་མ་རབས་ཀྱི་ཁ་རྙོབ་མིན་པ་ལོས་ཤེས།ཚིག་དེ་དག་ཁོའི་བློར་མ་འབབ་ཀྱང་ཁ་ལན་མ་སྟེར།མ་གཞི་རྡོ་རྗེ་ཁོ་ནི་དཔལ་འབར་གྱི་མངག་བཅོལ་གནང་བའི་ཚོད་འཛིན་པ་ཞིག་ཡིན།
མཚན་མོ་དེར།དཔལ་འབར་ཁྱོ་ཤུག་གཉིས་མཚན་གང་བོར་བློ་འཐེན་ཐབས་བཀོད་བྱས་ཀྱང་།རྒད་པོ་རབ་བརྟན་བློར་འབབ་པའི་ཐབས་ཤེས་ཞིག་མ་རྙེད།
ཁོ་གཉིས་ཕྱི་ཉིན་སྔ་མོར་ལངས་ནས་ལྐོག་ཏུ་ཨ་ལྡེ་འབོད་སྐུལ་བྱས་ཏེ་ཡར་ལ་ལངས་སུ་བཅུག གོན་པ་བཀོན་ནས་ཁ་འཁྲུད་ལག་འཁྲུད་བྱས་ཏེ་མར་གཟན་ཁ་ལ་སྦྱར་ཡང་ད་དུང་མིག་དམ་པོར་བཙུམ་ནས་བསྡད་ཡོད།
དཔལ་འབར་ཚིག་པ་ཅུང་ཙམ་ཟ་ཡང་དྲུད་མ་ཁུར་གྱིས་སློབ་གྲྭར་བསྐྱལ་ཐུབ་ཙམ་བྱུང་།ཕྱིར་སླེབས་དུས།རབ་བརྟན་གྱི་གདོང་ལ་སྤྲིན་ནག་མཐུག་པོ་ཞིག་འཁྲིགས་ནས་བསྡད་ཡོད།ཨ་མ་སྒྲོལ་མ་ཡང་མ་འདོད་པའི་ཚུལ་གྱིས་ཆོས་འཁོར་ཆེན་པོ་དེ་འུར་སྒྲ་ཉིལ་ལེར་བསྐོར་ནས་བསྡད་ཡོད།གནའ་མའི་གདོང་ལ་ཡང་རྣམ་འགྱུར་ཡག་པོ་ཞིག་མེད།དཔལ་འབར་སེམས་ལའང་སྤྲོ་མོ་ཞིག་ག་ལ་ཡོད།
སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་སླེབས་དུས།དཔལ་འབར་འཕྲུལ་རྟ་བཟུང་ཏེ་ཨ་ལྡེ་བསུ་རུ་བུད་སོང་།
ཨ་མྱེ་རབ་བརྟན་སྒོ་འགག་གི་སུམ་མདོ་དེ་ནས་རང་གི་གཅེས་ཕྲུག་ལ་སྒུག་ནས་བསྡད་ཡོད།
ཨ་ལྡེས་རང་གི་ཨ་མྱེ་མཐོང་མ་ཐག་ཏུ་མགྱོགས་མྱུར་དུ་འཕྲུལ་རྟ་ལས་བབས་ཏེ་ར་ལུག་མ་བུ་འདྲེས་པ་ལྟར་ཨ་མྱེར་དམ་དུ་འཁྱུད་ནས་ངུས།རབ་བརྟན་གྱིས་མ་བཟོད་པ"གཅེས་ཕྲུག ཁྱོད་ལ་དོན་དག་ཅི་བྱུང་ངམ།"ཞེས་འཚབ་འཚུབ་ཀྱིས་ངང་ནས་དྲིས།ཨ་ལྡེ་ངུ་བ་ཙམ་ལས་གཞན་གང་ཡང་མ་བཤད།
"གཅེས་ཕྲུག འགྲོ་འགྲོ།ཟ་མ་ཟ་རུ་འགྲོ"ཟེར་ནས་ཁྱིམ་ལ་ཁྲིད།
"འདྲེ་ཕྲུག་འདི། ང་ལ་ཅི་ཡང་མ་ཟེར།གཏུག་བཤེར་བྱེད་པ་་་་་་"ཞེས་དཔལ་འབར་ཁེར་ལབ་བརྒྱབ་ཞོར་དུ་རྗེས་ལ་དེད་ནས་ནང་ལ་སོང་།
ཨ་ལྡེས་བཟའ་བཅའ་ལེགས་པོ་ཞིག་སྦྱོར་རྗེས།ལག་ལ་ཁ་པར་ཞིག་བཟུང་ནས་མལ་ཁྲི་ཐོག་ལ་གན་རྐྱལ་དུ་ཉལ་ནས་བསྡད་ཡོད།ཕྱི་དྲོ་ཆུ་ཚོད་གཉིས་ལ་ཐུག་ཀྱང་འགྲོ་ཚུལ་མེད་པས།དཔལ་འབར་གྱིས་ལག་བརྡ་ཞིག་བཏང་ནས་འགྲོ་ཟེར་ཚུལ་བསྟན་ཡང་།ཁོ་མ་རིག་ཁུལ་བྱས་ནས་བསྡད།ཨ་ཡེ་སྒྲོལ་མ་དེ་མཐོང་བས།དཔལ་འབར་ལ་"ནམ་རེ་ཙམ་ལ་མ་སོང་ན་མི་ཆོག་གམ།"ཞེས་བཤད།དཔལ་འབར་རང་གི་ཕ་རྒན་ལ་བལྟ་ཞོར་དུ"ཨ་མ།སློབ་ལྭ་ཡང་ཉོ་ཚར།ད་མ་སོང་ན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་འགལ་ཡོད"ཟེར་བས།རབ་བརྟན་ནམ་ལངས་ནས་གཉིད་སད་པ་ལྟར"རྫུན་གཏམ་མ་ལབ་ཤིག སྐྱག་རྫུན་རྐྱང་རྐྱང་རེད།"ཞེས་སྐད་མགོ་མཐོན་པོའི་ངང་ནས་བཤད།
བུ་ཆུང་ཨ་ལྡེ་སྣང་དོག་ཅི་ཡང་མེད་པའི་ངང་ནས་ཁ་པར་ཐོག་གི་རྩེད་མཚར་གྱི་འཇིག་རྟེན་ལ་གཡེང་ནས་བསྡད་ཡོད།
ཁང་ཁྱིམ་གྲུ་བཞི་དེའི་ནང་ལ་ཨ་ལྡེའི་དྲ་ཐོག་རྩེད་མཚར་གྱི་རྒྱོབ་རྒྱོབ་སོད་སོད་ཀྱི་སྒྲ་ཙམ་མ་གཏོགས་ཅི་ཡང་ཐོས་རྒྱུ་མ་བྱུང་།
ཨ་མ་སྒྲོལ་མས་"འདས་སོང་གི་ལོ་དེར་ང་ཚོ་སྡེ་བར་སློབ་གྲྭ་ཞུགས་མཁན་གཅིག་ཀྱང་མ་བྱུང་བས།ཀུང་ཧྲེའི་འཆར་འགོད་ལྟར།སྡེ་བ་རེ་ནས་ཨ་མྱོག་དྲུག་རེ་སློབ་གྲྭར་བཏང་དགོས་པའི་བཀའ་ཕབ་པས།སྡེ་བ་ཡོངས་ཀྱི་སློབ་ལོ་རན་པའི་ཨ་མྱོག་ཐམས་ཅད་ཡར་རུབ་ནས།གྲོས་ཇི་ལྟར་བྱས་ཀྱང་བློ་མ་མཐུན་པ།མཐར་རྒྱན་འགྱེད་ནས་འགྲོ་རྒྱུ་ཐག་བཅད།མ་བསམ་ས་ནས་ཏག་ཏག་རྒྱན་དེ་ཁྱོད་དང་ཨ་མྱོག་ལྔ་ལ་འཁེལ་ཡོད།ཁྱོད་ཀྱིས་ཨ་ཕ་སེམས་མ་བཟོད་པ།བུ་ཁྱོད་སྡུག་དུ་མི་འཇུག་པའི་ཆེད་དུ་ཐབས་བཀོད་པ་མ་འཐེན་པ་གཅིག་ཀྱང་མེད།"ཞེས་བདེན་ལུགས་ཡོད་པའི་སྒོ་ནས་བཤད།དཔལ་འབར་ཅུང་ཡ་མཚན་པའི་སྒོ་ནས"ཨ་མ།ཨ་ཕས་ཐབས་གང་བཀོལ་ཡོད"ཞེས་དྲིས།ཨ་མ་སྒྲོལ་མ་ཅུང་ཁེངས་པའི་ཉམས་ཀྱིས"སྤུ་ཁ་གཅིག་འདྲའི་ཚ་རུ་གོས་འདང་ཞིག ལུག་ཤ་བཟན་ལྔ།ཇ་གསེར་ལོ་པ་ཏྲ་སྨྱུག་ཚགས་གསུམ་བཅས་ཨ་ནེ་གསེར་སྒྲོན་ལ་བྱིན་་་་་་་"ཞེས་བཤད་མ་ཚར་གོང་ལ་རབ་བརྟན་གྱིས་"ད་་་དེ་ཅི་བཤད་རྒྱུ་ཡོད།"ཟེར་ནས་ཁ་མཚམས་ཐད་ཀྱིས་བཅད།
ཁང་བར་གནས་སྐབས་ཙམ་ལ་དལ་འཇགས་སེར་གནས།
རྒད་པོ་རབ་བརྟན་ཡར་བཞེང་ནས་སྒོར་བུད་སོང་།
ཨ་ལྡེས་རང་གི་ཨ་མྱེ་རབ་བརྟན་སྒོར་བུད་པ་མཐོང་རྗེས།ཁ་པར་དེ་མལ་ཁྲི་ཐོག་ལ་གཡུགས་ནས་མྱུར་ཆ་ལྡན་པའི་སྒོ་ནས་འགྲེ་ལོག་ཅིག་བརྒྱག་ཏེ་ཡར་ལངས་ནས་སྒོར་བུད་དེ་ཨ་མྱེ་རྗེས་ལ་བཀར་སོང་།
དཔལ་འབར་གྱིས"ཨ་ལྡེ་ཁྱོད་སློབ་་་་་"ཞེས་ཚིག་སྣེ་ཙམ་སྟོན་མ་ཐག ཨ་ལྡེ་ག་སོང་ཆ་མེད་དུ་གྱུར་སོང་།
ཨ་མ་སྒྲོལ་མས་དབུགས་རིང་ཞིག་འབྱིན་ནས་བཤད་རྒྱུར"དཔལ་འབར་ཁྱོད་ཀྱི་ཨ་ཕར་ཁག་མེད་དེ།ཁྱོད་ཀྱི་ཕུ་བོ་དེ་ཚེ་ལས་འདས་རྗེས།"ཅི་རེད།ངའི་ཕུ་བོ།ཨེ།"དཔལ་འབར་ཡ་མཚན་པའི་ངང་ནས་དེ་ལྟར་དྲིས།ཨ་མ་སྒྲོལ་མ་ངུ་ངག་འཐེན་ཞོར་དུ་དཔལ་འབར་གྱིས་ཐོས་མ་མྱོང་བའི་ལོ་རྒྱུས་ཤིག་བཤད་བྱུང་།"ཁྱོད་ཀྱི་ཕུ་བོ་མིང་ལ་ཆོས་སྐྱོང་ཟེར།རྟགས་ཡ་མཚན་ཅན་གྱི་བུ་ཞིག་རེད།ཁོ་ལོ་བདུན་ལ་སོན་དུས།ངེད་ཕ་མ་གཉིས་ཀྱིས་སློབ་གྲྭར་བསྐྱལ་ནས་ཀ་ཁ་འབྲི་ཀློག་ཙམ་ཤེས་པའི་མི་ཞིག་ཏུ་འགྱུར་ན་ཅི་མ་རུང་སྙམ་ནས་རེ་བ་ཆེན་པར་སྐྱེས།"
ཨ་མ་མིག་ཆུ་ཁྲོམ་ཁྲོམ་གྱིས་མུ་འཐུད་དུ་བཤད་རྒྱུ"ཁྱེད་ཀྱི་ཕུ་བོ་ནི་རྣམ་དཔྱོད་གསལ་ཞིང་སློབ་ལ་འབད་པའི་བྱིས་པ་ཡ་རབས་ཤིག་རེད།ཁོ་སློབ་གྲྭར་ཞུགས་པའི་ལོ་གཉིས་ཀྱི་ནང་དུ་གཟེངས་བསྟོད་མང་པོ་བླངས་ཡོད།འབྲེལ་འདྲིས་ཡོད་པའི་མི་ཕལ་ཆེར་གྱིས་བསྟོད་པའི་མཐེ་བོང་མི་སྒྲོན་མཁན་གཅིག་ཀྱང་མེད།འོན་ཀྱང་ང་ནི་སྡུག་ཁུར་ཞིག་རེད།བུ་གཡང་འདྲ་བ་དེ་ཁྱིམ་མ་ཐོབ་པ།ལོ་དེའི་དགུན་ཁར།སློབ་གྲྭ་འགྲོ་བའི་ལམ་ཁ་སྟབས་མ་ལེགས་པ་ཆབ་རོམ་དུ་ལྷུང་ནས་གཏན་དུ་ང་ཚོ་དང་ཁ་བྲལ་སོང་།དེའི་དུས་ཁྱོད་ཀྱི་ཕུ་བོ་ལོ་བརྒྱད་རེད།ཁྱོད་ལོ་གཉིས་ཙམ་ལས་མེད།"ཟེར་ནས་ངུས།
"དེ་ནས་བཟུང་ཁྱོད་ཀྱི་ཨ་ཕ་ཡང་འགྱུར་སོང་།ཁྲོ་སླ་ལ་སེམས་ཁམས་ཡང་་་་"
"ཨ་མ།ང་ལ་ཕུ་བོ་ཞིག་ཡོད་པ་ཤེས་ཏེ།འདི་འདྲའི་གནས་ཚུལ་ཞིག་ཡོད་པ་ངས་རྩ་བ་ནས་མ་ཤེས"ཞེས་དགོངས་དག་ཞུ་བའི་ཚུལ་གྱིས་དེ་ལྟར་བཤད།
"ཁྱོད་ལོ་བདུན་ལ་སོན་དུས།ཁྱོད་སློབ་གྲྭར་འགྲོ་འདོད་ཀྱང་།ཁྱོད་ཀྱི་ཨ་ཕས་སློབ་གྲྭར་མངག་མ་ནུས་པ།བསོད་སྒྲོན་ལ་རྒྱུ་དངོས་སྤྲོད་ནས་ཁོང་ཚང་གི་བུ་བསྟན་པ་ཁྱོད་གཉིས་བརྗེ་ནས་ཁོ་སློབ་གྲྭ་འགྲོ་རྒྱུར་ཐག་བཅད།"ཡང་མུ་འཐུད་དུ་"བསྟན་པ་ད་ལྟ་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རེད།"ཞེས་བཤད་བྱུང་།
དཔལ་འབར་གྱི་སེམས་ལ་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་སྐྱེས།
་་་་་་་་་་་་་་་་་
དེ་ལྟར་ལོ་བཅུ་ཙམ་འགོར་སོང་།ཆད་ཆད་ཐུད་ཐུད་བྱེད་ནས་སློབ་གྲྭར་ལོ་གྲངས་ཡ་ཟུང་ལ་ཞུགས་ཀྱང་།མཐར་ལོ་བཅོ་བརྒྱད་ཙམ་སོན་དུས་ཨ་མྱེ་དང་ཨ་ཡེ་གཉིས་སྡུན་རྗེས་སུ་ཚེ་ལས་འདས་སོང་།ཨ་ལྡེ་ཡི་ཕ་མ་གཉིས་ཀྱིས་ཀྱང་ཇི་ལྟར་རྒྱབ་སྐྱོར་གྱིས་ཀྱང་།ལས་ངན་མི་ལ་བསྐོས་པ་མེད་ཟེར་བ་ལྟར་ཉལ་འདུག་རྩེད་གསུམ་གྱིས་དུས་འདའ་བ་ཙམ་ལས་མ་འདས།ཁོ་ཅི་འདོད་ལྟར་དུ་བཅུག་པ་ལས་ཐབས་གཞན་མ་རྙེད།
་་་་་་་་་་་་་་་་་་་་་
ད་ལྟ། ཨ་ལྡེ་དང་ཨ་ལྡེའི་ཕ་མ་གཉིས་གང་དུ་ཡོད་པ་སུ་ཞིག་གིས་ཀྱང་ཆ་མ་འཚལ། ས་ཆ་གཞན་དུ་སྤོ་སོང་ནའང་ཐང་།ཡང་ན་ཤི་སོང་ནའང་ཐང་།མདོར་ན། མཁར་ཤུལ་ཙམ་མ་གཏོགས་ལུས་མེད།
བཀྲ་ཤིས་ཟླ་བ།
(ཡུལ་ཤུལ)
རྩོམ་སྒྲིག་པ།:འཕགས་ཆེན།
ཡོངས་ཁུངས།:འཕགས་ཆེན་འཕྲིན་སྟེགས།
公众号!©Pagchen杷青
Send to Author