ཟུར་མང་དང་འབྲེལ་བའི་ལྷུག་རྩོམ་ཁག་གསུམ། | ཁམས་སྨྱོན་ཧེ་རུ་ཀ
ཟུར་མང་། ངའི་སེམས་ཀྱི་དམིགས་པ་དང་རེ་འདུན་གཏད་ས་དེ་ཡིན་ནམ།
༡
ཟུར་མང་། ངའི་སེམས་ཀྱི་དམིགས་པ་དང་རེ་འདུན་གཏད་ས་དེ་ཡིན་ནམ། རྣམ་རྒྱལ་རྩེའི་མདུན་དུ་ལངས་དུས། ང་རང་མིག་མེད་གྲོག་མ་ལྟ་བུའི་ཉམས་ཞན་ནུས་མེད་ཅིག་དང་། གྲྭ་ཤག་གི་སྒེའུ་ཁུང་ནས་ཁྱོད་ལ་མིག་ཟུར་ཅེར་དུས། རང་སེམས་དབེན་འཇགས་ཤིག་ལ་གནས་ཐབས་མི་འདུག །ཉམས་ཆུང་གི་ང་རང་། ནུས་མེད་ཀྱི་ང་རང་། ཉམས་ཞན་གྲོག་མ་ཞིག་གི་རང་ཚུགས་འཛིན་ན། རྣམ་རྒྱལ་རྩེའི་གཡས་གཡོན་ལ་འཁོར་བའི་དད་ལྡན་གྱི་མི་ཚོགས་དེ་དག་དམིགས་པ་དང་ཁ་ཕྱོགས་མེད་པར་འདུ་རྒྱུགས་ལ་བྲེལ་བའི་གྲོག་མིའི་ཚོགས་ཤིག་ཡིན་ནམ། ཟུར་མང་། ཁྱོད་སུ་ཞིག་གི་རྨི་ལམ་ལྟ་བུའི་བག་ཆགས་ཤིག་དང་འཇའ་ཚོན་ལྟ་བུའི་སེམས་འདུན་ཞིག་ཡིན།
༢
ཟུར་མང་། ཆུང་དུས་བརྩེ་ལྡན་ཨ་མའི་ཞིམ་མངར་ནུ་ཞོ་དེ་ཡིན་ཚེ། ངས་དྲན་སྣང་གི་གཤོག་ཟུང་བརྐྱངས་ཏེ་ཨ་མའི་མགུལ་ལ་དལ་པོར་འཁྱུད་ངེས། ཟུར་མང་། དྲོད་ལམ་ལམ་གྱི་དྲིན་ཆེན་ཨ་མའི་པང་ཁ་དེ་ཡིན་ན། ངས་བདེ་བའི་པང་དུ་སྐྱིད་པོའི་རྨི་ལམ་མང་པོ་མང་པོ་ལ་བཞུགས་ངེས། ངས་ཟུར་མང་གི་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་རྟོག་བྱེད་དུས། ཁྱོད་ནི་ལོ་ཟླའི་ཆར་རླུང་ཁྲོད་དུ་འགྱིང་བའི་ལོ་རྒྱུས་ཀྱི་ཆགས་འཇིག་མཚོན་པའི་དན་རྟགས་ཤིག་ཡིན།
༣
ང་ཟུར་མང་གི་མདུན་དུ་འགྲེང་དུས། གློ་བུར་མིག་ལམ་དུ་ཟུར་མང་དགོན་པར་ཆགས་འཇིག་ཅི་ཡང་བྱུང་མེད་པར། འདུ་ཁང་དང་། གྲྭ་ཤག་སོགས་ཀྱི་རྒྱ་ཕིབས་ཀྱི་གསེར་འོད་ལམ་མེར་འཕྲོ་ཞིང་། བླ་སྤྲུལ་དགེ་བའི་བཤེས་གཉེན་ཚོས་ཉིན་རེའི་དགེ་སྡིག་གི་ལས་འབྲས་གསོག་པའི་རྡེའུ་དཀར་ནག་སྒེའུ་ཁང་ཁར་སྤུངས་པ་དང་། འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་སྒྲུབ་སོགས་ཀྱི་ལས་ལ་བྲེལ་བའི་གྲྭ་པ་ཚོས་ཉིན་མཚན་མཐུན་དྲུག་གིས་རྫོགས་པར་བྲེལ། ངེས་པ་དོན་གྱི“ཟུར་མང་མཁས་པའི་འབྱུང་གནས”ཞེས་གྲགས། རིམ་གྱིས་དར་བའི་ཐ་ལ་རྒུད་པ་ཡོང་བ་ནི་ཆོས་ཉིད་ཅིག་ཡིན་པས། གསར་བརྗེའི་རླུང་འཚུབ་ཀྱིས་ཟུར་མང་དགོན་པའི་འདུ་ཁང་དང་གྲྭ་ཤག་སོགས་མང་པོ་ཞིག་རྡུལ་འཚུབ་ཉིལ་ལེར་བཏང་ཞིང་། བཀའ་བསྟན་གྱི་གླེགས་བམ་གྲངས་མང་ཞིག་མེར་བསྲེགས། གསེར་འོད་ལམ་ལམ་འཕྲོ་བའི་རྒྱ་ཕིབས་ཡོད་ཚད་ཀྱི་རྐང་འོག་ཏུ་རྫིས། ལྷ་ཆས་མཆོད་ཆས་དག་བྱིས་པའི་རྩེད་ཆས་སུ་གྱུར། སྤྲོ་སྣང་གིས་ཁེངས་པའི་གསར་བརྗེ་བ་ཚོས། འདུ་ཁང་རེ་རེ་བཞིན་བཤིག་ཅིང་བསྟན་བཅོས་ཀྱི་གླེགས་བམ་རེ་རེ་མེ་ལ་བསྲེགས་ཤིང་རླུང་ལ་སྐུར་དུས། ངས་རང་གི་རྐང་འོག་ཏུ་ཡང་གླེགས་བམ་གྱི་ཤོག་ཧྲུལ་རེ་ཨེ་ཡོད་བསམ་ནས་མྱུར་དུ་རྐང་པ་ཡར་འགྱོག་དུས། ང་ནི་སྔར་གྱི་ཟུར་མང་གི་མདུན་དུ་འགྲེང་འདུག །
༤
སྐྱེ་བ་གཅིག་ལ་ལུས་རྟེན་དུ་མ་བརྗེད་པའི་མི་ཚོགས་མང་པོ་ཞིག་གིས་ལོ་རྒྱུས་ཀྱི་རྩེད་མཚར་འདི་ལ་ཇི་ལྟར་འདེང་འཇོག་དང་། སྐྱིད་ལ་སྡུག་པའི་མི་ཚེ་འདིར་ཇི་ལྟར་ངོས་འཛིན་བྱེད་བཞིན་ཡོད། ལོ་རྒྱུས་ཀྱི་ཆགས་འཇིག་མཚོན་པའི་གྱང་གོག་རེ་རེའི་གསེང་དུ། ད་དུང་གདུག་རྩུབ་ཆེ་བའི་གསར་བརྗེའི་རླུང་འཚུབ་ལྡང་བཞིན་འདུག །ཟུར་མང་ལ་མ་འོངས་པའི་སྐབས་སུ་འབྱོར་བ་ཀླུ་ཡུལ་ལྟར་རྒྱས་ཤིང་ལག་རྩལ་བློ་ཡུལ་ལས་འགོངས་པའི་དུས་འདྲ་ཤར་རུང་། འོན་ཀྱང་ཟུར་མང་གི་འདས་ཟིན་པའི་ལོ་རྒྱས་ཀྱི་རྨ་ཁ་དེ་དུས་ནམ་ཞིག་ལ་སོས་ཐུབ། ཟུར་མང་། ཨ་གསར་ལ་དགའ་ཞིང་རྒྱུད་དྲང་པའི་མི་ཚོགས་འདི། དགེ་བའི་ལམ་དུ་འདྲེན་སླ་ཞིང་སྡིག་པའི་ལམ་དུའང་འཁྲིད་སྐྱེན་པས། ཁྱོད་ཀྱིས་དོག་ཟོན་བྱོས། ང་ཚོའི་མི་ཚོགས་ཚོའི་ཁྲོད་དུ་སེམས་གཏིང་གི་ན་ཟུག་དང་ཡིད་སེམས་ཀྱི་འཇིག་སྣང་ངོ་མ་དེ་འཛེམ་མེད་དུ་བཤད་ཕོད་མཁན་མེད་པས་སྐྱི་བཤུས་ཙམ་གྱི་ན་ཟུག་བཤད་པ་ཡིན།
༥
ཟུར་མང་གི་མཁར་ཤུལ་ཁག་ནི་ལོ་རྒྱུས་ལྟ་བྱེད་ཀྱི་མེ་ལོང་ཡིན་ལ། ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་བསུབ་ཏུ་མེད་པའི་རྡོ་རིང་ཞིག་ཀྱང་ཡིན། མི་མང་པོ་ཞིག་གི་བློ་ངོར་མཁར་ཤུལ་ནི་མཁར་ཤུལ་ཙམ་དུ་ཟད་མོད། དོན་ངོ་མར་དེ་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་ལ། ང་ཚོའི་གཟི་བྱིན་གྱི་འོད་སྣང་ཡང་ཡིན་པས། ང་ཚོས་ལོ་རྒྱུས་ལ་དོན་སྣང་དང་ཕ་མེས་ཡང་མེས་ལ་བརྩི་བཀུར་བྱས་ན། ཟུར་མང་གི་མཁར་ཤུལ་ཁག་ལ་བདག་གཉེར་དང་སྲུང་སྐྱོབ་ཡང་དག་ཅིག་བྱ་རྒྱུ་ནི་ཅི་འདྲའི་གལ་ཆེ་བ་ཨང་།
༦
ཟུར་མང་གི་འདས་ཟིན་པའི་ལོ་རྒྱུས་ཁྲོད་དུ་ཆབ་སྲིད་ཀྱི་དར་རྒུད་དང་བསྟུན་ནས་དར་རྒུད་དང་ཆགས་འཇིག་མང་པོ་བྱུང་མྱོང་། ཟུར་མང་དགོན་ནི་ཟུར་མང་དཀར་བརྒྱུད་ཀྱི་རྩ་བའི་གདན་ས་ཡིན་པས། སློབ་གཉེར་དུ་ཡོང་མཁན་གྱི་སློབ་གཉེར་པ་ནི་ཆུ་བོའི་རྒྱུན་བཞིན་ཡོད་ན་ཡང་། དེ་དག་གི་ཁྲོད་དུ་ཟུར་མང་གི་ལོ་རྒྱུས་དང་རིག་གནས་ཀྱི་གོ་ཆགས་ལ་ཉམས་ཞིབ་བྱེད་མཁན་ཧ་ཅང་ཉུང་། ཐོས་པ་དོན་དུ་གཉེར་མཁན་ཞིག་ཡིན་ཚེ། ངེས་པར་དུ་མི་རིགས་འདིའི་འོད་སྟོང་འབར་བའི་ལོ་རྒྱུས་ཤེས་དགོས་པ་མ་ཟད། ངོ་ཚའི་གནས་སུ་གྱུར་པའི་ལོ་རྒྱུས་ཀྱང་ཤེས་དགོས། འདས་སོང་གི་རྒྱལ་ཕམ་ལ་སྤྱི་སྡོམ་དང་ལོ་རྒྱུས་ལ་ཐོས་བསམ་བྱས་ན་ད་གཟོད་འདས་ཟིན་པའི་ལོ་རྒྱུས་ཀྱིས་མ་འོངས་པར་ལམ་སྟོན་གནང་བཞིན་ཡོད།
རྣམ་རྒྱལ་རྩེའི་མདུན་གྱི་འཆར་སྣང་།
བདག་གིས་ལོ་ལྔ་དྲུག་ཡར་སྔོན་ནས་བཟུང་ཕོ་བྲང་རྣམ་རྒྱལ་རྩེ་ལ་ཡིད་སྨོན་བྱས་ཤིང་། རྟག་ཏུ་ལོ་རྒྱུས་ཀྱི་ཁུངས་སྣེ་རེ་རེ་འཚོལ་འགོ་བརྩམས། དེ་རིང་བདག་རྣམ་རྒྱལ་རྩེའི་མདུན་དུ་ལངས་ཏེ། སྤྲིན་དཀར་གྱི་བང་རིམ་དབུས་སུ་རྒྱ་ཕིབས་ལས་གསེར་འོད་འཕྲོ་བའི་རྣམ་རྒྱལ་རྩེར་རྒྱང་བལྟ་བྱས། བདག་གི་མིག་ཟུང་ལས་མཆི་མ་ཐིགས་པ་འཛད་མེད་དུ་ས་ལ་ལྷུང་སོང་།
ཀྱེ་མ། ཟུར་མང་གི་སྔར་སོང་དང་ད་ལྟ། འབྱུང་འགྱུར་བཅས་ལ་བསམ་གཞིགས་རེ་བྱས་ཚེ། གྲུབ་ཆེན་རྨ་སེ་ཡབ་སྲས་ཀྱིས་བྱིན་རླབས་ཐུགས་རྗེའི་ཞབས་རྗེས་གནས་འདི་རུ་དཔར་ཏེ་མཁའ་འགྲོའི་ཁ་ལོང་མ་ཡལ་བ། བྱིན་རླབས་ཀྱི་གཏེར་ཁ་མ་ཉམས་པའི་སྙན་བརྒྱུད་ནོར་བུ་རྣམ་གསུམ་ཆིག་རྒྱུད་ཀྱི་མདུད་པ་བཀྲོལ་ས། གནས་འདི་ནས་ཟུར་མང་གི་མཁས་དང་གྲུབ་པའི་སྐྱེས་བུ་དམ་པ་མང་པོའི་འཕྲིན་ལས་ཕྱོགས་མཐར་རྒྱས་ཤིང་། གྲུབ་ཆེན་རྨ་སེའི་རིང་ལུགས་དྲི་མ་མེད་པ་སྤེལ་མཁན་མང་པོས་བྱིན་གྱིས་བརླབས་ཡོད། གནས་འདི་རུ་སྤྱི་གཡའ་བའི་འཁོན་འཛིན་དང་འཁྲུག་རྩོད་ཀྱི་འཁོར་ལོ་བསྐོར་ཏེ་མང་པོ་ཞིག་ཚེ་སྲོག་ཤོར། གནས་འདི་རུ་་་་་་
ཨོ། ལོ་རྒྱུས་ཀྱི་དེབ་ཐེར་ངོས་སུ་ཕ་མེས་རྣམས་ཀྱི་མཛད་འཕྲིན་ལས་འོད་སྣང་འཕྲོ་ཞིང་། ཟུར་མང་མང་གི་ཕྱི་རབས་པ་ཚོས་ཕ་མེས་ཚོའི་དར་ཆ་དེ་གཡོ་མེད་དུ་སྒྲེང་། དེའང་ཡིན་ཏེ། ང་ཚོས་འདས་ཟིན་པའི་ལོ་ཟླ་དང་མེས་པོ་ཚོའི་མཚན་སྙན་དེ་བརྗེད་པར་གྱུར་ན། ང་ཚོ་གསོན་པོར་འཚོ་བར་དགོས་པ་དང་རིན་ཐང་ཅི་ཞིག་མཆིས།
ཀྱེ་ཀྱེ་རྣམ་རྒྱལ་རྩེ། ཁྱོད་ནི་ཟུར་མང་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་བསྡུས་པའི་ཉམས་མེད་ཀྱི་དཔང་པོ་ཞིག་ཡིན་ལ། ཁྱོད་ནི་མི་རབས་མང་པོའི་རིན་ཆེན་བླ་སྲོག་བརྩེགས་པའི་རྟག་བརྟན་གྱི་རྡོ་རིང་ཞིག་ཀྱང་ཡིན། ཟུར་མང་བེ་ཧུས་ཁྱོད་ལ་རྒས་མེད་ཀྱི་ལང་ཚོ་སྦྱིན་ཅིང་། ཁྱོད་ཀྱིས་ཟུར་མང་བེ་ཧུ་ལ་རླབས་ཆེན་གྱི་མཛད་རྗེས་བསྩལ། ཁྱོད་ཀྱི་སྔོན་གྱི་བརྗིད་ཉམས་དང་བཟོད་བཀོད་ལས་ད་ལྟ་བསྡུས་ཐབས་མེད་རུང་། ཁྱོད་ཀྱི་གཟུགས་བརྙན་དེ་དུས་རྟག་ཏུ་མི་དམངས་ཀྱི་སྙིང་དབུས་སུ་ཀྲོང་ངེར་འགྱིང་། འོན་ཀྱང་། ད་ལྟ་ཁྱོད་ཤར་ཕྱོགས་སུ་ཁ་སྟོན་དགོས་པ་ཅི་ཡིན་ནམ། དད་པ་ལོངས་སུ་སྤྱོད་མ་ཤེས་ན་མེས་པོ་གོང་མ་ཚོ་ལ་ཁྲེལ་མེད་བྱས་པ་མ་ཡིན་ནམ།
ཀྱེ་མ། བདག་ནི་ཁྱོད་ལ་དགའ་ཞིང་ཁྱོད་ལ་གཅེས། བདག་གི་སྔོན་གྱི་ཁྱོད་ཀྱི་རྣམ་པ་དང་ད་ལྟའི་རྣམ་པ་བསྡུར་དུས་ངའི་སྨྲ་བ་ཡོད་ཚད་འགག་འགྲོ། ཁྱོད་ཀྱི་སྔོན་གྱི་འདྲ་པར་འགའ་མཐོང་དུས་ང་ནི་བྱམས་ལྡན་ཨ་མ་དང་འཕྲད་པ་ཇི་བཞིན་ཡིད་ཀྱི་མཚོ་མོ་ལས་དགའ་སྤྲོ་དང་སྙིང་སྟོབས་ཀྱི་རླབས་ཕྲེང་དགུང་དུ་འཕྱུར། ལོས་ཡིན། གནས་འདི་ན་ང་ཡི་རེ་བ་ཡོད་ལ། ང་ཡི་མདུན་ལམ་བཅོལ་ཡོད་པས། ང་རང་ཟུར་མང་དང་ཕོ་བྲང་རྣམ་རྒྱལ་ཁྱོད་ལ་ཡིད་ཆེས་ལྡན།
ཟུར་མང་ཡ་ཕོ་བྲང་རྣམ་རྒྱལ་རྩེ། ཁྱོད་ཀྱི་འདས་ཟིན་པའི་ཁ་སང་གི་ལོ་རྒྱུས་ཀྱི་དེབ་ཐེར་ངོས་སུ་ཅི་འདྲ་རིན་ཐང་ལྡན་པ་ཞིག །ཁྱོད་ཀྱི་དེ་རིང་གི་འཇིག་རྟེན་ནི་ཅི་འདྲ་བཤད་མི་སྤོབས་པའི་ནག་ནོག་ཅིག །ཁྱོད་ཀྱི་སང་ཉིན་མ་འོངས་པ་འབྱུང་འགྱུར་ནི་དེ་བས་ཀྱང་ནག་ནོག་ཅིག་དང་རབ་རིབ་ཅིག་ཏུ་མི་འགྱུར་པར་སྨོན། བདག་གི་ཕོ་བྲང་ཁྱོད་དང་ཟུར་མང་གི་མཁས་གྲུབ་རྣམས་ལ་གུས་ཕྱག་འཚལ།
ཟུར་མང་། ཁྱོད་ཀྱི་དཔྱིད་དཔལ་གང་ལ་ཡོད།
ཟུར་མང་ལགས། ཁྱོད་ཀྱི་དཔྱིད་དཔལ་གང་ན་ཡོད།
རོལ་དབྱངས་ཀྱི་མཚམས་ཚིགས་ལས་དཀྲོལ་བའི་ཁ་སང་གི་གཏམ་རྒྱུད་འདི། ནམ་ཞིག་གི་ཚེ་ན་ལོ་རྒྱུས་ཀྱི་མཆེ་བར་ལས་འོད་ཟེར་འཕྲོ་རིམ་འཕྲོར་གསལ་འོང་བ་ནི་ཆོས་ཉིད་ཅིག་ཅི་ལ་མིན། ཟུར་མང་གི་དཔྱིད་དཔལ་དང་ཕྱིས་འབྱུང་གི་དཔྱིད་དཔལ་ཡོད་ཚད་གསལ་འོང་། ཕྱོགས་བཞི་ནས་ཟུག་སྐད་ཀྱིས་སྐྱོམ་པའི་རི་བོའི་གྲིབ་གཟུགས་ནག་པོའི་ཁྲོད་ནས། ཁྲི་གདུགས་ཀྱི་ཟེར་བརྒྱ་དབྱིག་འཛིན་སྒེག་མོར་བཀྲམ་དུས། མེ་ཏོག་གི་འདབ་མས་རྐང་དྲུག་གི་ཡིད་སེམས་འགུག་དུས། ལྷིང་འཇགས་ཀྱི་རེ་སྨོན་གཤིས་སུ་ཉར་བའི་ཟུར་མང་གི་མེ་ཏོག་ཁ་ཤས་ཁྲ་ཆིལ་ལེར་བཞད་སྲིད་དམ། ཐལ་མདོག་གི་དཔྱིད་དཔལ་དེ་ཟླ་བའི་གཞུ་ཁྱིམ་ལས་བབ་སྟེ་སྐར་ཚོགས་ཀྱི་མནལ་དུ་འཚང་སྲིད་དམ། ཡུན་རིང་མོར་བརྒལ་དགོས་པའི་ཟུར་མང་གི་དཔྱིད་དཔལ། ཡུན་རིང་མོར་བགྲོད་དགོས་པའི་ཟུར་མང་གི་དཔྱིད་དཔལ།
ཟུར་མང་ལགས། འདི་ནི་ཁྱོད་ཀྱི་དཔྱིད་དཔལ་ཨེ་ཡིན།
ངས་གྲྭ་ཤག་གི་ལྷས་ནས་མེ་ཏོག་ཅིག་གསོས་ཏེ། དེའི་འཚར་ལོངས་ལ་སེམས་ཀྱིས་རེ་བཞིན་མིག་གིས་འཚོ་དོན་ནི། ཟུར་མང་གི་དཔྱིད་དཔལ་ལ་རེ་བས་ཡིན། ང་རང་གྲྭ་ཤག་དང་ཁ་བྲལ་ཏེ་གནས་གང་དུ་ཕྱིན་ནའང་། མེ་ཏོག་དེའི་སྣང་བརྙན་སེམས་སུ་ཡང་ཡང་འཁོར་འོངས་པ་ལྟར་ཟུར་མང་ཡང་འཁོར་འོངས་ཤིང་། ཅི་ཞིག་བོར་སོང་བའམ་གང་ཞིག་བརྗེད་ཟིན་པའི་སྣང་བ་ཡང་ཡང་འབྱུང་། དེ་ནི་ཟུར་མང་གི་དཔྱིད་དཔལ་ལ་ཞེན་པས་ཡིན་ཡང་སྲིད། གང་ལྟར། ངའི་གྲྭ་ཤག་ནང་གི་མེ་ཏོག་དང་ཟུར་མང་གི་དཔྱིད་དཔལ་ལ་འབྲེལ་བ་དེ་ཙམ་མེད་རུང་། ཟུར་མང་གི་དཔྱིད་དཔལ་སེམས་ཀྱིས་རེ་བཞིན་མིག་གིས་འཚོས་པ་ནས་བཟུང་ང་སྔོན་ཆད་ཀྱི་མི་དེ་འདྲ་ཞིག་གཏན་ནས་མ་རེད།
ཟུར་མང་ལགས། ཁྱོད་ཀྱི་དཔྱིད་དཔལ་གང་ན་ཡོད།
ནོར་ནག་གི་ངུར་སྒྲ་རྟག་བརྟན་གྱི་བྲག་ཅར་འཁོར་འདུག །གཡང་དཀར་གྱི་འབར་སྒྲ་རི་སྐྱང་གིས་ཁྱེར་འདུག །ཆོས་དབྱངས་ཀྱི་སྙན་འཇེབས་ཀྱི་དབྱངས་རྟ་ལྷགས་རླུང་གིས་ཁྱེར་སོང་། ཟུར་མང་གི་དཔྱིད་དཔལ་དེ་སྐྱི་གཡའ་བའི་དཔྱིད་དཔལ་གཇིགས་པོ་ཞིག་ལས་གློ་བུར་སད་སྲིད་དམ། གློག་དམར་ལམ་ལམ་དུ་འཁྱུག་ཅིང་འབྲུག་སྒྲ་ལྡིར་ལྡིར་དུ་གྲག་པ་དེ་དཔྱིད་དཔལ་གྱི་མཚོན་དོན་ཡིན་རུང་། ཟུར་མང་གི་དཔྱིད་དཔལ་གྱི་མཚོན་དོན་ནི་ནམ་མཁའ་ན་ལྡིང་གིན་པའི་སྤྲིན་དཀར་དེ་ཡིན་ཡང་། སྤྲིན་དཀར་དེ་ཡུན་རིང་ནད་ཡམས་ཀྱིས་ཟིན་པས་རྣག་ཁྲག་བཞུར་བཞིན་འདུག །ཕྱོགས་བཞི་ནས་སྐར་ཅོར་རྒྱག་མཁན་མང་ན་ཡང་། ཟུར་མང་གི་དཔྱིད་དཔལ་གྱི་གཡའ་ལོའི་གསེབ་ན་ལོ་ངོ་སྟོང་གི་རི་མོ་གསལ། རྡོ་དང་རྡོ་བའི་གསེབ་ནས་སྐྱེས་པའི་ལྗང་བུ་དག་གངས་དང་ཆར་པར་བསྣུབས་ཟིན། སུ་ལ་ཡང་ཐབས་ཤེས་མེད་པ་འདིས་ལོ་རྒྱུས་ཀྱི་ལུས་ལ་བཏབ་པའི་རྨ་ཁ་ཁོ་ན་མ་ཡིན་ནམ།
ཟུར་མང་ལགས། འདི་ནི་ཁྱོད་ཀྱི་དཔྱིད་དཔལ་ཨེ་ཡིན།
ཁམས་སྨྱོན་ཧེ་རུ་ཀ
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青