ལྷ་ས། ངའི་མིག་གི་རྒྱལ་མོ། | དབྱངས་ཅན་ལྷ་མོའི་གྱེར་འདོན།
ལྷ་ས། ངའི་མིག་གི་རྒྱལ་མོ།
འཕགས་ཆེན་གྱིས་བརྩམས། | དབྱངས་ཅན་ལྷ་མོས་གྱེར།
ལྷ་སར་ཇོ་ཤཱཀ་རྣམ་གསུམ་ཡོད
དབུས་ལམ་རེ་ལ་སེམས་ཅན་གྲངས་མེད་ཡོད
ཕྱོགས་དང་མཚམས་སུ་སངས་རྒྱས་དཔག་མེད་ཡོད
དུས་དང་དུས་མེད་མང་པོ་ཞིག་ལ
འགྲོ་བ་རིགས་དྲུག་གི་རྣམ་ཤེས་བར་མེད་དུ་འཁོར
སངས་རྒྱས་བྱང་སེམས་ཀྱི་ཡེ་ཤེས་ཐོགས་མེད་དུ་རྒྱུ
ལྷ་ས་ནི་ས་ཁྲ་ཙམ་མ་རེད
ལྷ་ས་ནི་སྦས་ཡུལ་ཞིག་རེད
ང་རང་ཁྱེད་ཀྱི་སྒར་ཁ་རུ་ལྷུང་སོང
ཁྱེད་ཀྱི་རྟེན་གསུམ་གྱིས་ངའི་སེམས་པ་སྒུལ་དུས
ང་ལ་དད་པ་ཞིག་ཡོད་པའི་ཡིད་ཆེས་བྱེད་ཆོག
ངས་ཁྱེད་ལ་བཅངས་པའི་འདུ་ཤེས་ཁོ་ནས
དད་པའི་ཚོགས་མཆོད་ཕུལ་ཆོག
ལྷ་ས་ནི་མཐོ་སྒང་གི་རྒྱ་མཚོ་ཞིག་རེད
ལྷ་ས་ནི་ངའི་ཆུ་མིག་ཅིག་ཡིན
ངས་ཁྱེད་ཀྱི་བཞུར་རྒྱུན་དང་རླབས་སྒྲ་བརྗེད་མེད
ཁྱེད་ཀྱི་དྭངས་གཙང་གི་ཆུ་ཐིགས་ངའི་སེམས་སུ་ལྷུང་སོང
ངས་དད་པའི་རྟེན་དུ་སྡོམ་པ་སྲུང་ཆོག
པོ་ཏ་ལ ལུས་ཀྱི་རྨ་ཁར་ལུས་པའི་མདའ་མོ་ཞིག་ལྟར
གཙུག་ལག་ཁང སེམས་ཀྱི་གཏིང་ལ་ཐིམ་པའི་བརྩེ་བ་ཞིག་ལྟར
ཕ་མེས་ཡང་མེས་ཁྱེད་ཀྱི་ཡ་ཁོག་ཏུ་ཆགས་ཡོད
ཕ་ཚ་བུ་རྒྱུད་ཁྱེད་ཀྱི་མར་ཁོག་ཏུ་སྦྲུམ་ཡོད
ལྷ་ས འཛམ་གླིང་གི་ཡང་རྩེ་ནས་འགུལ་བའི་དགུ་ཚིགས་ཁྱིམ་རྒྱུད་ཅིག
ནམ་མཁའི་ཟླ་བོར་གྲུབ་པའི་ལྷ་ས
ཁྱེད་ཁོ་ན་ལ་འཁོར་བའི་ཐོག་མཐའ་ཡོད
སྨྲ་བསམ་བརྗོད་མེད་ཀྱི་ལྟ་བ་ཡོད
ངས་འདི་ནས་ཕ་ཡུལ་བརྗེད་སོང
རང་ཉིད་ཀྱང་བརྗེད་སོང
ངས་ཆེས་བརྗེད་དཀའ་བ་ཡོད་ཚད་བརྗེད་སོང
ལྷ་ས ངའི་བདེ་གཤེགས་སྙིང་པོ
ལྷ་ས ངའི་མིག་གི་རྒྱལ་མོ
2021/3/3ཉིན་ལྷ་ས་ནས་བྲིས།
གྱེར་འདོན་མཁན།
དབྱངས་ཅན་ལྷ་མོ།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:ལོ་མ།
公众号!©Pagchen杷青