ཡང་སྙིང་ཇི་ལྟར་འབབ་དགོས་ཨང་།
ལས་ཀྱི་ཤ་ཁྲག་བསགས་རྗེས
ཉི་ཟླའི་དར་ཐག་ལ་འཐམ་ནས
མཐོན་པོ་དགུང་ལ་འཕུར་མཁན་དེ
སེམས་ཀྱི་རི་མོ་རླུང་གིས་སྤུར་སོང
དམའ་མོ་ས་ལ་ཇི་ལྟར་འབབ
ད་ལྟ་བས་མཐའ་ལྟ་བུའི་གྲོང་ཁྱེར་འདི་ནས
མེ་ལྕེ་ལྟ་བུའི་རྣམ་ཤེས་ཚ་མོ་ཞིག་འབར་སོང
ང་དང་འབྲེལ་བ་མེད་ཀྱང་ཡོད་པ་ལྟ་བུའི་རི་གྲོང་དེར
ཨུ་ཚུགས་ཀྱི་གོམ་པ་ཐེངས་འགའ་སྤོས་ཟིན
ད་དུང་མིག་གིས་ཡང་ཡང་མྱུལ་དགོས་སམ
ནམ་མཁའི་མཐའ་དང་མཉམ་པའི་སེམས་སྐྱེད་མཁན་དེ
རྨི་ལམ་གྱི་སྒམ་ཆུང་ཞིག་ཏུ་ལྷུང་སོང་ན
ས་ཁྲ་དཀར་པོའི་སྟེང་གི་གཤོག་པ་གིག་གུ
སྲང་ལམ་དོག་པོའི་ནང་གི་གཤོག་པ་ན་རོ
ཇི་ལྟར་བརྐྱང་སྐུམ་བྱས་ཏེ་འབབ་དགོས་ཨང
ཚིག་དེ་རི་དང་འདྲ་ལེ
དོན་དེ་ཆུ་ལྟར་བརླན་སོང
བར་སྣང་གི་ལྷ་བྱ་དཀར་མོ
བྱ་ཚང་ལྟ་བུའི་གདོད་མའི་གཞིས་ཀ་རུ
ཡང་སྙིང་ཇི་ལྟར་འབབ་དགོས་ཨང
2021/1/28ཉིན་ཁྲིང་ཏུའུ་ནས་བྲིས།
འཕགས་ཆེན།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:ལོ་མ།
公众号!©Pagchen杷青
Send to Author