དགེ་རྒན་ལ་མཚན་ཉིད་ཞིག་འགོད།
བཀྲ་ཤིས་ཟླ་བ།
དགེ་རྒན་ལ།
ཉིན་བྱེད་ཀྱི་འོད་སྣང་།
ཟླ་བའི་བསིལ་བྱ།
རི་བོའི་བརྟན་བརླིང་།
རྒྱ་མཚོའི་ཟབ་ས།
བསིལ་རླུང་གི་འཇམ་མཉེན།
ཅོ་ཀའི་གྲེ་འགྱུར།
པད་མའི་མཛེས་སྡུག
ས་སྨྱུག་གི་རང་གཤིས།
འཇིག་རྟེན་གྱི་ལེགས་ཚོགས་ཀྱི་ཐ་སྙད་ཀུན་ལ།
མཚུངས་གསལ་གྱི་དཔེ་མཚོན་ཚང་མ་འགོད་ཚར།
ངས་བལྟས་ན།
དགེ་རྒན་ནི་ལག་ལ་འུར་ཆ་ཐོགས་པའི་རྫི་བོ་ཞིག་དང་འདྲ།
བརྩོན་འགྲུས་ཀྱི་རང་ཚུགས་མ་ཟིན་པའི་སློབ་བུ་དག
ཟབ་གསལ་གྱི་ཐང་ཆེན་ཡངས་པོ་ན།
འབད་རྩོལ་གྱི་སློབ་ལ་གཞོལ་དུ་བཅུག
དགེ་རྒན་ནི་ཕྱག་ལ་ལྕག་ཁེམ་བསྣམས་པའི་ནགས་འཛུགས་པ་ཞིག་དང་མཚུངས།
བློ་གསལ་སེམས་གཏིང་གི་བྱེ་ཐང་སྐྱ་མོ་ལ་ཤེས་རིག་ལྗང་མདོག་གི་ཕ་ས་བསྐྲུན།
དགེ་རྒན་ནི་ཕྱག་ལ་བརྐོ་གཟོང་འཁུར་བའི་བརྐོས་རིས་པ་ཇི་བཞིན།
སློབ་གཉེར་བ་དག་གི་འབར་འབུར་གྱི་གཟུགས་རིས་དེ་དཔེ་ལེགས་ཀྱི་མཛེས་རྩལ་གྲུབ།
སློབ་མའི་འཚོ་བ་ནི་སྤྱི་ཚོགས་ཆུང་ཆུང་ཞིག་སྟེ།
སྤྱི་ཚོགས་ཆུང་ཆུང་འདིའི་ནང་།
རྙོག་འཛིང་གི་བྱ་བ་མང་པོས་གྲུབ།
དགེ་རྒན་ནི་སྤྱི་ཚོགས་ཀྱི་དོན་གཅོད་བ་ཞིག་རེད།
ཙག་ཙིག་གི་བྱ་བ་འབེལ་པོས་དགེ་རྒན་གྱི་ནུས་མཐུ་ཇེ་ཆེ་རུ་བཏང་།
ལྷ་བྱས་ནའང་ཆོག་ལ།འདྲེ་བྱས་ནའང་ཆོག
བཤད་སྟེགས་ལ་ཐོན་དུས་འཁྲབ་སྟོན་པ་ཞིག་དང་མཚུངས་ལ།
སྟངས་སྟབས་ཕྱུག་པའི་ཉམས་འགྱུར་གྱིས་བློ་གསལ་ཚོགས་རྣམས་ཡིད་དབང་འཕྲོག་ཏེ།
རིག་པའི་ཕ་མཐར་བསྐྱལ།
ངར་ཁ་ཚ་བའི་ཐལ་ལྕག་ནན་མོས།
སྨན་མུན་ལ་འཐིམས་པའི་སློབ་བུ་དེར་སྐུལ་འདེད་ཀྱི་རྣམ་ཤེས་གསར་བ་ཞིག་སྤྲད།
ཨ་མའི་ནུ་ཞོ་ཇི་བཞིན་གྲེ་འགྱུར་དབྱངས་ཀྱི་གདམས་ངག་གིས།
སློབ་མའི་གྱོང་ཧྲུལ་སེམས་པའི་ངར་ལྕགས་དེ་བཞུ་སོང་།
བློ་གསལ་ཚོགས་ཀྱི་མདུན་ལམ་གྱི་མཁའ་མཐའ་ཇེ་ཡངས་སུ་གྱུར་ན་ཡང་།
དགེ་རྒན་གྱི་མི་ཚེ་ནི་ས་སྨྱུག་བཞིན་སྒོ་སམ་ལ་བརྡར་ནས།
ལུས་པོ་དུམ་བུ་ནས་དུམ་བུ།
ཐལ་བའི་རྡུལ་དུ་བརླག་ནས་ཐོར་ཏེ་ཟད་ལ་ཁད།
དགེ་རྒན།
བརྗོད་བསམ་ཡང་བརྗོད་མི་ཤེས་པའི་མཚན་ཉིད་ཞིག
དགེ་རྒན།
བརྗོད་གྱུར་ནའང་བརྗོད་མི་ཚར་བའི་མཚན་ཉིད་ཞིག
སློང་མོ་བ།
ཐ་ལ་གླུ་ཡི་འགུག་ཞོར།
དགོད་སྒྲ་ཧབ་ཆ་རྒྱག་ཞོར།
མཐེ་བོང་གནམ་ལ་བཀྱགས་ནས།
ཨ་བོ།ཨ་བོ།སྒོར་མོ་རེ་གཉིས་གཟིག
སྐད་གདངས་གསལ་ལ་དང་དོད་ཆེ།
གོམས་འདྲིས་སུ་གྱུར་བའི་སློང་ལུགས།
གང་ལ་བརྩོན་ན་དེ་ལ་མཁས།
ལས་གནས་མཁས་ཅན་ཞིག་ཏུ་གྱུར་འདུག
འདི་དང་འདི་འདྲའི་སློང་མཁས་མ་ཇེ་མང་དུ་གྱུར།
སྲང་ལམ་གྱི་ཞོག་ཟུར་དུ་བསྟར་ཕྲེང་བསྒྲིགས་ནས་འབོད་ཀྱིན་འདུག
མགོ་བཏུམས་གཞུག་བཏུམས།
ཁ་དཀྲིས་ངོ་དཀྲིས།
ཁོ་བོ་བསམ་གཞིག་གི་དྲ་རྒྱར་ལྷུང་སོང་།
གངས་ཅན་པས་གཏོང་ཕོད་ཀྱི་སྦྱིན་པ་དང་སྙིང་རྗེ་ཡི་འོད་སྣང་གིས།
ཁ་སྒོ་སྐྱེ་འབྲས་ལེགས་ཤིང་ཡན་ལག་ཆ་ལག་ཚང་བའི་སྲང་ལམ་གྱི་རྒོད་པོ་རྐྱང་རྐྱང་གསོ་སྐྱོང་བྱེད་པ་མིན་ནམ།
ཡང་ན།
ཏན་ཏན་རྒྱུ་ནོར་དབུལ་བའམ།
སེམས་ཁམས་དབུལ་བ་ངས་ཆ་མ་འཚལ།
རང་ཉིད་ལ་ངོ་ཚ་མེད་ན།
ངོ་ཚ་ནི་གཞན་གྱི་དོན་རེད།
རང་ཉིད་ལ་ཁྲེལ་ཡོད་བྲལ་ན།
ཁྲེལ་ཡོད་ནི་གཞན་གྱི་རྒྱུ་རེད།
བཀྲ་ཤིས་ཟླ་བ།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author