འབྲུག་སྒྲ་ལྡིར་རྗེས།
དེ་རིང་གུང་ཚིགས་གསོལ་རྗེས
དུས་ཚོད་ཀྱི་མདུད་པ་གྲོལ་ཚུལ་ཞིག་གིས
མལ་དུ་སྙམ་མེད་ཀྱིས་བསྡད་པ་ནི
རྨི་ལམ་ཞིག་ལས་སད་པ་དང་ཧ་ཅང་འདྲ
སྐབས་འདི་ནི
དཔྱིད་ཆར་ས་ལ་བབས་པའམ
ས་རྡུལ་གནམ་ལ་སྤུར་བའམ
རླུང་གིས་རོལ་མོ་དཀྲོལ་བའམ
འབྲུག་སྒྲ་ལྡི་རི་རི་གྲགས་སོང
འབྲུག་སྒྲ་ལྡི་རི་རི་གྲགས་རྗེས
སྙན་གྲགས་ནམ་མཁའ་ལྟ་བུ་ཁྱབ་པའི་སྨོན་ལམ་དེ་དྲན་སོང
མགོ་བོ་གཟེངས་སུ་བསྟོད་དེ
ནམ་མཁའ་ལ་སྐོར་ལོག་ཅིག་བརྒྱབ
རང་སེམས་ལ་ཕུད་རྒྱག་ཅིག་བྱས
སྐབས་འདིར་དྲན་ཡོང་བ་ནི
ཨ་མ་དང་རྨོ་མོའི་སྨོན་ལམ་ཞིག་སྟེ
“གོ་གོ ཐོས་ཐོས
ད་ལོ་ལས་སང་ལོ་གྲག་སྔ་བར་ཤོག
སང་ལོ་ལས་གནངས་ལོ་གྲག་སྔར་བར་ཤོག”
འདི་ནི་འབྲུག་སྒྲ་གྲག་པའི་དགའ་འབོད་དམ
འབྲུག་སྒྲ་བསུ་བའི་ཁ་གཡང་ཞིག་རེད
འབྲུག་སྒྲ་ལྡི་རི་རི་གྲགས་རྗེས
ངས་ཕ་ཡུལ་དྲན་སོང
ཕ་ཡུལ་ནས་གཤེགས་པའི་སྤོ་བོ་རྨོ་མོ་དྲན་སོང
ཕ་ཡུལ་དང་བྲལ་བའི་ཡབ་དང་ཡུམ་དྲན་སོང
ད་དུང་བྱིས་དུས་ཀྱི་རང་ཉིད་དྲན་སོང
དྲན་བཞིན་དྲན་བཞིན
བརྗེད་སོང་བརྗེད་སོང
འབྲུག་སྒྲ་བརྗེད་སོང
སྐབས་འདིར
སྤྲིན་ནག་ལོང་ལོང་ལྟ་བུའི་སེམས་སྒྲ་ལས་ཅི་ཡང་མི་འདུག
2021/4/11ཉིན་སྡེ་དགེ་གླིང་ཚང་ནས་བྲིས།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author