ཉིན་ཐོ་ཚིགས་བཅད་མ།
གནས་རྒྱུས་མེད་ཡིན་ཡང་རྒྱུས་ཡོད་འདྲ།།
ཡུལ་ངེས་མེད་ཡིན་ཡང་ངེས་ལྡན་སྟེ།།
དཔྱིད་མེ་ཏོག་བཞད་པའི་བར་ཤེད་དང་།།
དགུང་ཉི་མ་གསལ་བའི་དུས་ཐོག་ནས།།
ས་སྒང་གཤོང་མང་བའི་འབྲི་ཁོག་ན།།
གཞི་མ་བཅོས་ཁོ་ར་ཁོར་ཡུག་མཛེས།།
གནམ་མ་ཕྱིས་དྭངས་གསལ་མེ་ལོང་འདྲ།།
བྲག་མ་བརྩེགས་རང་བྱུང་ལྷུན་གྱིས་གྲུབ།།
རི་མ་བསླངས་གནམ་འདེགས་ཀ་བ་བྱེད།།
ལྗོངས་ནགས་ཀྱི་དབེན་པའི་གདགས་སྲིབ་ནས།།
མར་ཉན་ན་ཆུ་ཕྲན་ལྷུང་ལྷུང་བཞུར།།
ཡར་ཕྱོགས་ན་སྤྲིན་དཀར་ལང་ལོང་ལྡིང་།།
ཕར་ན་བལྟས་ན་བྱ་བྱེའུ་ཀྱུར་ཀྱུར་གྲགས།།
ཁོད་ཡངས་པའི་ནགས་མཐའི་སྤང་ཐང་ན།།
ཉིན་གཅིག་ལ་ངལ་གསོའི་བག་ཡངས་རྒྱུ།།
གྲོགས་རབ་བྱུང་བ་དང་མཉམ་དུ་བསྡད།།
གཞོན་སོ་དཀར་ལྷན་དུ་རྩེད་འཇོ་རོལ།།
རྗེ་མི་ལའི་རྣམ་ཐར་ཕྲན་ཙམ་བལྟས།།
གནས་སྲུང་བའི་ཡུལ་ལྷ་གཞི་བདག་མཆོད།།
བཀའི་གུང་བློན་ཞིག་གི་རྟོགས་བརྗོད་བཀླགས།།
བྱ་ནེ་ལེ་ཞིག་གི་གཤོག་འགྱུར་མཐོང་།།
ཡིད་དྲངས་པའི་སྙན་ངག་བློས་བསླངས་བྱས།།
ཁ་གསལ་བའི་ཉིན་ཐོ་དུམ་བུ་བྲིས།།
འདི་བསམ་ན་དེ་རིང་གློ་བ་བདེ།།
འདི་མ་བསམ་ནའང་བདེ་འོ་ཞེས།།
ཡུལ་རྫ་ཁོག་ལུང་པའི་ཡང་སྟེང་སྟེ།།
གླིང་མ་དགོན་སྟོད་ནས་འདི་ཙམ་ཐལ།།
2021.4.10ཉིན་བྲིས།
འཕགས་ཆེན།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author