སྒྲ་བསྒྱུར་མར་པ་ལོ་ཙཱའི་མགུར་ཆེན་བརྒྱད་ཀྱི་ཐོག་མ། རྟོགས་མགུར།
རྟོགས་པ་ཕུལ་བའི་མགུར།
བླ་མ་མར་པའི་ཐུགས་དགོངས་ལ། ང་བོད་ནས་རྒྱ་གར་དུ་འོང་པའི་དོན་ལ་བླ་མ་མཁས་ཤིང་གྲུབ་པ་བརྙེས་པ་མང་པོ་དང་མཇལ། རྒྱུད་འགྲེལ་པ་དང་བཅས་པ་མང་པོ་ཐོབ་ཅིང་སློབ་གཉེར་བྱས། སྒྲ་སྐད་ལོ་ཙཱ་ནི་མཁས་པའི་ཚད་དུ་ཤེས། ཉམས་དང་རྟོགས་པ་ཕྱིན་ཅི་མ་ལོག་པ་ནི་རྒྱུད་ལ་སྐྱེས། ད་བར་ཆད་མེད་པ་བོད་དུ་ལོག་འགྲོ་བ་ཡིན་པས། དུས་དེ་རིང་ལས་དགའ་བ་མི་ཡོང་དགོངས་ནས་མགུར་ཆེན་བརྒྱད་ཀྱི་ཐོག་མ།
༈ དཔལ་ནཱ་རོ་པའི་དྲུང་དུ་དབྱངས་རིང་ཏེ་པུའི་རིའི་ཁོང་རྒྱུད་ཀྱི་སྐད་ལ་རྟ་དྲངས་ཏེ། རྟོགས་པ་འདི་མགུར་དུ་ཕུལ་བ་ལགས་སོ། །
རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །
ཁྱེད་སྔོན་སྦྱངས་བསོད་ནམས་བསགས་པའི་ཕྱིར། །
སྤྲུལ་སྐུ་ཏཻ་ལོ་དངོས་དང་མཇལ། །
སྤང་དཀའ་སྲིད་པའི་སྡུག་བསྔལ་ལ། །
ཁྱད་དུ་བསད་པ་བཅུ་གཉིས་མཛད། །
དཀའ་བ་སྤྱད་པའི་ཐུགས་དམ་དེ། །
སྐད་ཅིག་ཉིད་ལ་བདེན་པ་གཟིགས།
ཤྲཱི་ཛྙ་ན་སིདྡྷའི་ཞབས་ལ་འདུད། །
སྒྲ་སྒྱུར་བོད་ཀྱི་བན་ཆུང་ང༌། །
སྦྱངས་པ་སྔ་མའི་ལས་འབྲེལ་གྱིས། །
ནཱ་རོ་པཎ་ཆེན་ཁྱེད་དང་མཇལ། །
རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡོར་བསླབས། །
སྙིང་པོ་མ་ཧཱ་མ་ཡ་གནང༌། །
ཡང་སྙིང་བདེ་མཆོག་འཁོར་ལོ་ཞུས། །
ལར་རྒྱུད་སྡེ་བཞི་ཡི་ཁོང་སྙིང་ཕྱུང༌། །
མ་སྐལ་བ་བཟང་མོས་རྗེས་གནང་བའི། །
བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པའི། །
དབང་གཞིའི་དོན་ལ་ངོ་སྤྲོད་མཛད། །
ཟག་པ་མེད་པའི་ཏིང་འཛིན་སྐྱེས། །
ཞག་བདུན་བར་དུ་བརྟན་པ་ཐོབ། །
སྲོག་རྩོལ་འཕོ་བ་ཉི་ཟླ་གཉིས། །
གཡོ་མེད་ནམ་མཁའི་ཁྱིམ་དུ་ཚུད། །
རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས། །
བདེ་གསལ་མི་རྟོགས་ཁོང་ནས་ཤར། །
བག་ཆགས་གཉིད་ཀྱི་འཁྲུལ་པ་དེ། །
འོད་གསལ་ལམ་གྱི་ངོ་བོར་རྟོགས། །
ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །
སྤྲོས་བྲལ་ཆོས་ཀྱི་སྐུ་རུ་ཐིམ། །
ཕྱི་ནང་སྒྱུ་མའི་འཁྲུལ་འཁོར་འདི། །
སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས། །
ནང་འཛིན་པ་ཡིད་ཀྱི་རྣམ་ཤེས་འདི། །
སྔོན་ཆད་མཛའ་བོ་འཕྲད་པ་བཞིན། །
སེམས་ཉིད་རང་ངོ་རང་གིས་ཤེས། །
ལྐུགས་པར་རྨི་ལམ་རྨིས་པ་བཞིན། །
བརྗོད་དུ་མེད་པའི་ཉམས་ཤིག་ཤར། །
གཞོན་ནུས་བདེ་བ་མྱོང་བ་བཞིན། །
སྨྲ་རུ་མེད་པའི་དོན་ཞིག་རྟོགས། །
རྗེ་སྐུ་དྲིན་ཆེའོ་ནཱ་རོ་པ། །
སྔར་ཡང་དབང་བསྐུར་བྱིན་གྱིས་བརླབས། །
ད་དུང་བཀའ་དྲིན་བསྐྱབ་ཏུ་གསོལ། །
ཞེས་ཕུལ།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青