འཕགས་ཆེན་གྱིས་བརྩམས། | ལན་བུ་ཅན་གྱིས་གྱེར།
ངའི་ཕ་ཡུལ། ཚེ་འདིའི་ཐོབ་ཤོར་གྱི་ཞིང་ས།
ཅི་ཞིག་བཤད་ཀྱང་རྫོགས་རྒྱུ་མེད་པའི་ངག་གི་གཏེར།
གང་ཞིག་བསམས་ཀྱང་ཚར་རྒྱུ་མེད་པའི་ཡིད་ཀྱི་མཛོད།
སེམས་ཀྱི་གཞི་གནས། ལུས་ཀྱི་གནས་མལ།
ཕ་ཡུལ་ནི་ངའི་སྙན་ངག་དང་འདྲ།
ང་ནི་ཕ་ཡུལ་གྱི་ཤིང་སྡོང་གཅིག་དང་ཧ་ཅང་འདྲ།
ཡུལ་མི་ཚོའི་བདེ་སྐྱིད་ལས་ཁྱོད་རང་ཞྭ་ལྟར་བཀུར་ཆོག
ལོ་ཟླ་འདི་དག་གི་རིང་ལ།
ཁྱེད་ནི་རྨི་ལམ་ནས་མངོན་སུམ་དུ་གྱུར་ཡོད།
ཕ་ཡུལ་ནི་དྭངས་གཙང་གི་མཐོ་སྒང་།
མཐོ་སྒང་གི་ང་ཚོ་ནི་དུས་རབས་ཀྱི་བརྡ་རྟགས།
གནམ་སྔོན་པོའི་འོག་ཏུ།
ཉི་ཟླའི་འོད་སྣང་འཁྱིལ་བའི་བདེན་དཔང་ཡིན།
དཔྲལ་བའི་མིག་དང་ཧ་ཅང་འདྲ་སོང་།
ཁོག་པའི་སྙིང་དང་ཧ་ཅང་མཚུངས་སོ།།
གནའ་སྔ་མོར་རྡོག་པས་ཐལ་རྡུལ་དཀྲུགས།
དུས་ད་ལྟ་ལག་པས་སྤྲིན་དཀར་བརྟོལ།
གནམ་ནས་བྱ་ལྟར་འཕུར་ཞིང་གློག་ལྟར་འཁྱུག་པ་འདི།
ས་ནས་འབུ་བཞིན་འཛུལ་ཞིང་རླུང་བཞིན་གཡུགས་པ་འདི།
ཕ་ཡུལ་ནས་གྱེས་དུས། ཕ་ཡུལ་དུ་ལོག་དུས།
ཕ་ཡུལ་ནི། མེ་ལོང་ནང་གི་བྱད་བཞིན་ལྟར།
ཕ་ཡུལ་ནི། གློག་བརྙན་ནང་གི་ཡུལ་ལྗོངས་ལྟར།
འགྱེལ་མི་སྲིད་པའི་རླུང་རྟ། སྐམ་མི་སྲིད་པའི་རྒྱ་མཚོ།
སྲིད་པའི་འཁོར་ལོ་ནང་གི་རི་མོ་ཞིག འཛམ་གླིང་ས་ཁྲ་ནང་གི་ཁ་དོག་ཅིག
ཕ་ཡུལ་གྱི་རྡོག་སྒྲ་རྒྱང་རིང་དུ་གྲགས་སོང་།
རྒྱང་རིང་གི་རླབས་སྒྲ་ཕ་ཡུལ་དུ་ལྡིར་སོང་།
ངས་རྒྱང་རིང་ནས་ཕ་ཡུལ་ལ་ལྟ་དུས།
ཕ་ཡུལ་གྱི་ནམ་མཁའ་སྔར་བཞིན་མཐོ།
ངས་ཕ་ཡུལ་ནས་ཕ་ཡུལ་ལ་ལྟ་དུས།
ཕ་ཡུལ་གྱི་ས་གཞི་སྔར་བཞིན་བརླིང་།
གཞོན་ནུ་མའི་འོ་འཛིན་ལྟ་བུའི་ཕ་ཡུལ།
ཁྱེད་ཀྱི་རྨི་ལམ་དུ་བྱིས་པ་སྙིང་རྗེ་མོ་ཞིག་དགོད་བཞིན་འདུག
ཁྱེད་ཀྱི་རུམ་ཁོང་དུ་ལག་པ་དྲོན་མོ་ཞིག་སྲིང་གིན་འདུག
ཁྱེད་ཀྱི་སྒོ་ཀླད་དུ་ཁ་བྱང་ཡ་མཚན་ཞིག་འགུལ་བཞིན་འདུག
ཕ་ཡུལ་ནི་ཕ་ཡུལ་སྟེ།
མི་རབས་རེ་རེའི་རྣམ་ཤེས་ཀྱི་འབབ་སྟེགས་ཤིག
ཉིན་མོར་རླབས་ཆེན་གྱི་གཙང་པོ་བཞིན་རྒྱང་རིང་དུ་གཞུར་བཞིན་འདུག
མཚན་མོར་འོད་གསལ་གྱི་གློག་སྒྲོན་བཞིན་ཉེ་འགྲམ་དུ་འཚེར་བཞིན་འདུག
སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་《ལོ་བརྒྱའི་ལེགས་མཛད》ཅེས་པའི་དེབ་ཏུ་བཀོད།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author