འཕགས་ཆེན།
རི་བོ་དགུ་འདས་ཀྱི་གངས་རི་དེ་ནི
འཛམ་གླིང་གི་ཆེད་དུ་གྲུབ
ཆར་བ་མ་བབས་པའི་ནམ་ཟླའམ
རླུང་གཡུག་པའི་མཚན་མོ་དེར
ཏི་སེའི་འོད་ནི་ཟླ་འོད་ཅིག
ཉི་མ་འཆར་བའི་ཞོགས་པ་དེར
ཏི་སེའི་འོད་ནི་གངས་འོད་ཅིག
སུ་ཞིག་གིས་འཛམ་གླིང་ལ་སྒྲོན་བཞིན་ཡོད
སྤོས་ངད་ལྡན་པའི་ཚུལ་རོལ་ན
མ་དྲོས་པའི་ཆུ
མ་ཕམ་པའི་མཚོ
དྭངས་ཤིག་ཤིག་གི་མེ་ལོང་ངོས་སུ
གནའ་བོའི་རྡོ་དང་དེང་དུས་ཀྱི་ལྕགས
རྒྱ་མཚོ་ཞིག་གི་མཐའ་དང་མཚོ་མོ་ཞིག་གི་གཏིང
གནམ་སྔོན་པོའི་ཁ་དོག་ཁྱོད་ཀྱི་ཡིན་ངེས
ལྷ་ཡུལ་གྱི་བག་ཆགས་སད་ན
མི་ཡུལ་གྱི་དྲན་ཤེས་གསལ་ན
མངའ་རིས་ནས་སད་ཅིང་མངའ་རིས་ནས་གསལ
མངའ་རིས་སྐོར་གསུམ་ཟེར་ན
རིགས་གསུམ་མགོན་པོའི་གནས་སམ
ཁྲ་གླག་སྤྱང་གསུམ་གྱི་ཚང
མེས་པོའི་ཇ་དང་ཆང ལྷམ་དང་ཞྭ
འབྲོང་གི་ཤ་དང་ཁྲག རྭ་དང་རུས
རྣམ་ཤེས་ལས་རྣམ་ཤེས
ཚེ་སྲོག་ལས་ཚེ་སྲོག
ཆགས་སྡང་གི་ས་བསྲེགས་ཏེ
རི་དང་གཙང་པོའི་གྲོང་ཁྱེར་བསྐྲུན་ཡོད
མཐོ་རི་བོ་རྩེ་ནས་ཀི་ཞིག་བཏབ
དམའ་རྒྱ་མཚོའི་འགྲམ་ནས་རྡོ་ཞིག་འཕངས
ཡི་གེ་ཀ་ནས་ཨ
འབྱུང་བ་ས་ནས་རླུང
ཁྱོད་ཀྱི་སྙིང་ཁོང་ན་འཕྱོ་བའི་ཚིག
ང་ཡི་ངོ་གདོང་ནས་འཚེར་བའི་གཏམ
མངོན་སུམ་དུ་གྱུར་པའི་མངའ་རིས
རྨི་ལམ་དུ་འཁོར་བའི་ཞང་ཞུང
མི་ཡུལ་གྱི་གད་སྙིགས་མེད་པའི་མཁའ་དབྱིངས་འདིར
བྲག་ཕུག་བརྩིས་ལ་བརྒྱབ་ན་མི་ཚར་བ
ལོ་རྒྱུས་པར་དུ་བཏབ་ན་མི་རྫོགས་པ
ད་དུང་ཐོབ་ཤོར་ཡོད་ཚད་གྲངས་ཀྱིས་མི་ཟིན་དོན་ག་རེ་ཡིན་ནམ
2021/7/15ཉིན་མངའ་རིས་ནས་བྲིས།
འཕགས་ཆེན།
(ཡུལ་ཤུལ)
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author