འཕགས་ཆེན།
ཉེ་ལམ་གངས་རིན་པོ་ཆེ་ཐོག་མར་མཇལ་བ་བཞིན་ང་རང་མངའ་རིས་ལའང་འགྲོ་ཐེངས་དང་པོ་ཡིན། གནས་འདིར་ཐོན་རྗེས་ཅི་ཞིག་བོར་སོང་བ་ལྟར་ས་ཁུལ་མང་པོར་བསྐྱོད་ཅིང་། གང་ཞིག་འཚོལ་དགོས་པ་ལྟར་དགོན་གྲོང་མང་པོ་ཉུལ། སྐབས་རེར་འབྲོག་སྡེ་འགའ་ལའང་མགྲོན་དུ་སོང་། སྤྱིར་སྟོད་མངའ་རིས་སུ་ཡུལ་འབྲོག་རོང་གསུམ་ཡོད་པ་ལས། དེ་ལ་འབྲོག་སྡེ་ནི་ས་བབས་མཐོ་ས་དང་། རྩྭ་ཐང་གི་གཞི་རྒྱ་ཆེ་ས་ན་གནས། མངའ་རིས་ཀྱི་དམངས་གླུ་ཞིག་ཏུ། ཕུ་དེ་ཡ་ཀི་གཅིག་སྤང་ལུང་ཡལ་གསུམ་ན།། ཤེལ་ལེ་འབྲི་དཀར་གཅིག་མ་བརྒྱ་བུ་བརྒྱ་ཡོད།། ལྷ་གཡག་དཀར་པོ་གཅིག་མིང་དུ་གྲགས་བཞིན་འདུག། ཉི་མ་དེ་རིང་དེ་འདྲ་ཞིག་བཙལ་དུ་འགྲོ།། ཞེས་པར་ལྟར་སྔོན་དུས་ནི་མངའ་རིས་ཀྱི་འབྲོག་སྡེ་དག་ལ་ནོར་གནག་ཧ་ཅང་མང་ནའང་ད་སྐབས་ནི་དེ་འདྲ་ཞིག་མིན་སྐད་རེད།
ད་ཐེངས་རྒྱུས་ལོན་ཅུང་བྱུང་ས་ནི་གངས་ཏི་སེའི་ཉེ་འགྲམ་གྱི་འབྲོག་སྡེ་སྐོར་ཞིག་རེད། ཁོ་ཚོ་མང་པོ་དབྱར་དུས་སུ་སྦྲ་གུར་ནང་དུ་བསྡད་དེ་འཚོ་བ་སྐྱེལ་ལ། ཕྱུགས་ཟོག་དག་ནི་ཉིན་མོར་གངས་རི་དང་གཡའ་རི། རྫ་རི་དང་སྤང་རི་འགྲིམས་ཤིང་། མཚན་མོར་སྦྲ་གུར་གྱི་འདབས་སུ་བག་ཡངས་ངང་ཉལ་འདུག
མངའ་རིས་ཀྱི་འབྲོག་སྡེ་ཁག་ལ་རྟ་ནོར་ར་ལུག་བཞི་ཅི་རིགས་སུ་མཆིས་ནའང་གངས་རིན་པོའི་འདབས་ནས་གཙོ་བོར་འབྲི་དང་གཡག་འཚོ་སྐྱོང་བྱེད་བཞིན་ཡོད་ཅིང་། ཁོ་ཚོའི་རྒྱུན་ལྡན་གྱི་ཟས་རིགས་གཙོ་བོ་ནི་ཤ་དང་གོར་རེ། མར་དང་ཆུར་བ། རྩམ་པ་དང་འབྲས་སོགས་རེད། ས་ཆ་འདིར་གནས་སྐོར་བ་དང་ཡུལ་སྐོར་བ་མང་པོ་ཡོད་སྟབས་ཁོ་ཚོས་ཚོང་ལས་ཅི་རིགས་གཉེར་བཞིན་འདུག ལ་ལས་ཇ་ཁང་དང་མགྲོན་ཁང་འཛུགས་པ། རླངས་འཁོར་བཏང་ནས་གླ་བསྡུ་བ། སྐོར་ཞིག་གིས་གངས་རིའི་སྐོར་ཡོན་ལེན་བཞིན་འདུག་ལ། བསྐོར་བ་རེ་ལ་སྒོར་སུམ་བརྒྱ་ཡིན་ཟེར། ཐག་རིང་ནས་ཡོང་བའི་གནས་སྐོར་བ་འགས་སྐོར་ཡོན་སྤྲད་ནས་འཁྲིད་པ་དང་། ད་དུང་ཤ་རྩ་ནག་པའི་སྟག་ཤར་སྐོར་ཞིག་གནས་སྐོར་བ་ལ་སྒུག་ནས་བསྡད་འདུག
འབྲོག་སར་ཡོད་པའི་སྐྱེས་མ་ཚོས་གཙོ་བོ་ཞོ་དང་འོ་མ་འཚོང་གིན་འདུག སྦྲ་གུར་གྱི་འགྲམ་དུ་ཞོ་དང་འོ་མ་བཙོང་རྒྱུ་ཡོད་ཅེས་ཡིག་གཟུགས་འདོན་ཤེས་ཙམ་བྲིས་ཡོད་ནའང་ཁོ་ཚོའི་བོད་ཡིག་བོད་སྐད་ཀྱི་ཆུ་ཚད་ནི་ཧ་ཅང་དམའ་མོ་ཞིག་མིན་པ་འདྲ། ང་རང་ནི་གནས་འདིའི་འབྲོག་སྡེ་དག་ལ་ཧ་ཅང་འགྲོ་འདོད་ཡོད་སྟབས། ལན་རེ་ཞོ་དང་འོ་མ་བཙོང་རྒྱུ་ཡོད་མེད་འདྲི་ཞོར་སྦྲ་གུར་ནང་དུ་འཛུལ་བ་ཡིན། སྦྲ་གུར་འགའི་སྒོ་ཐེམ་ནི་མཐོ་དྲགས་པས་བརྒལ་དཀའ་བ་ཞིག་ཀྱང་རེད།
ཐོག་མར་གངས་རིན་པོ་ཆེའི་དར་ཆེན་ནས་གཡས་ཕྱོགས་ཀྱི་ལུང་པ་ཆེན་པོ་བརྒྱུད་ནས་འགྲོ་དུས་འབྲོག་སྡེ་མང་པོ་མཐོང་རྒྱུ་མེད་ནའང་། ལུང་པའི་ཕུ་ཕྱོགས་གངས་རིའི་སྐུ་རྒྱབ་ཏུ་ཡོད་པའི་འབྲི་རྭ་ཕུག་དགོན་པའི་འདབས་རོལ་ཏུ་འབྲོག་སྡེ་འགའ་ཞིག་འདུག ང་རང་གངས་སྐོར་ཐེངས་གཅིག་བརྒྱབ་ཏེ་འདིར་ཐོན་དུས་ཕྱི་དྲོའི་དུས་ཚོད་དགུ་པ་རེད། ཞོགས་པ་དུས་ཚོད་དྲུག་དང་སྐར་མ་ཉེ་གསུམ་ཏག་ཏག་ལ་ལམ་དུ་ཞུགས་པ་ནས་ད་ལྟ་བར་དུས་ཚོད15ལྷག་དང་། ས་ཐག་སྤྱི་ལེ་ལྔ་བཅུ་ང་ལྔ་ཙམ་བརྒལ་འདུག འདི་ནས་ཕྱི་དྲོ་ཉི་མའི་འོད་མདངས་གངས་རིན་པོ་ཆེའི་དབུ་རྩེ་ལ་ཕོག་སྟེ་ཆེས་མཛེས་སྡུག་ལྡན་པའི་ཆ་དེ་མཐོང་ཐུབ་ཅིང་། པཎ་ཆེན་ན་རོ་པས། གངས་ལ་ཉི་མ་ཤར་འདྲ་ཞེས་རྗེ་བཙུན་མི་ལའི་མཚུངས་དཔེ་ནི་འདི་འདྲ་ལོས་ཡིན་སྙམ་པ་བྱུང་།
དེ་ནས་འབྲི་རྭ་དགོན་པར་གནས་སྐོར་གྲུབ་སྐབས་དུས་ཚོད་བཅུ་པ་ལ་ཟིན་གྲབས་འདུག དེ་རྗེས་ཕ་ཡུལ་གཅིག་པའི་གནས་རོགས་ཤིག་དང་ལྷན་དུ་སྤྱི་ལེ་གཅིག་ཙམ་གྱི་མཚམས་ལ་ཡོད་པའི་མགྲོན་ཁང་དུ་འགྲོ་བའི་ལམ་བར་ནས་འབྲོག་སྡེ་ཞིག་ལ་སོང་། འདི་ནི་ང་རང་མངའ་རིས་ཀྱི་འབྲོག་པའི་ཁྱིམ་ཚང་དུ་འགྲོ་བ་ཐེངས་དང་པོ་ཡིན། ཐོག་མར་སྦྲ་གུར་གྱི་སྒོ་ཁ་ནས“ལགས”ཞེས་བོས་པས་མགོ་དཀྲིས་གྱོན་པའི་བུ་མོ་ཞིག་ཕྱི་རུ་ཐོན་སོང་། ཞོ་བཙོང་རྒྱུ་ཡོད་མེད་དྲིས་པས་ཡོད་ཟེར། ནང་དུ་སོང་ནས་ཐབ་ཀའི་གཡོན་ངོགས་ཀྱི་འདུག་ཁྲི་ཐོག་ཏུ་བསྡད་པ་ཡིན། ནང་དུ་ཕར་བལྟས་ཚོད་ལ་ལོ་ན་བཞི་བཅུ་ཙམ་ལ་སོང་བའི་སྐྱེས་མ་ཞིག་འདུག ཅུང་ཙམ་ནས་ནོར་རྫི་ན་གཞོན་ཞིག་ཀྱང་ནང་དུ་ཐོན་སོང་། ཁོའི་བྱད་བཞིན་ནི་ནག་པོ་ཞིག་རེད། སྔོན་ཆད་འབྲོག་པ་ཟེར་བ་ནི་འདི་འདྲ་ཡིན་སྙམ་པ་དེ་ད་ཐེངས་དངོས་སུ་ར་སྤྲོད་བྱུང་།
དེ་ནས་ངེད་གཉིས་ཀྱིས་ཞོ་ཉོས་པ་ཡིན། ཞོ་འཇལ་བྱེད་ནི་ཤེལ་གྱི་ཇ་ཕོར་ཞིག་རེད་ལ། ཁོ་ཚོའི་རིན་གོང་ལྟར་ཕོར་བ་གང་ལ་སྒོར་ཉི་ཤུ་སྟེ་ཁྱོན་སྒོར་བཞི་བཅུ་སྤྲད་པ་ཡིན། ཕ་ཡུལ་གྱི་ཞོ་ལྟར་དེ་འདྲ་ཞིམ་མངར་ལྡན་པ་ཞིག་མིནའང་ངས་སུམ་ཆ་གཅིག་ཙམ་འཐུང་སྟེ་ལྷག་མ་ཆུ་ཤོག་ཁུག་མ་ནང་དུ་བླུགས་ཏེ་ཁུར་རྒྱུ་ཡིན་ཚུལ་བཤད།
སྦྲ་གུར་ཕུག་ཏུ་མཐོ་ཚད་ལ་སྨི་གང་ཙམ་ཡོད་པའི་ཤིང་གི་མཆོད་ཁྲི་ཞིག ནང་དུ་སྟོན་པའི་སྐུ་དང་དེའི་མདུན་དུ་མཆོད་པ་གྲལ་འགྲིག་ལ་སྤུས་གཙང་བ་བཤམས་འདུག མཆོད་མེ་ཞིག་ཀྱང་བསྒྲོན་ཞིང་། སྒྲོན་མེའི་འོད་ཀྱིས་སྟོན་པའི་སྐུ་ལ་བརྗིད་ཉམས་ཤིག་བསྐྲུན་འདུག
སྦྲ་གུར་ཕུག་ཏུ་མཆོད་སྟེགས་འདི་འདྲ་འཇོག་མཁན་ནི་ཁྱིམ་ཚང་འདི་ཁོ་ནའམ་མངའ་རིས་ཀྱི་འབྲོག་སྡེ་སྤྱིའི་ལུགས་སྲོལ་གང་ཡིན་ན་སྙམ་སོང་། ཕྱི་ཉིན་གངས་རིན་པོའི་གཡོན་ཕྱོགས་ཀྱི་ལུང་པ་བརྒྱུད་དེ་འགྲོ་སྐབས་ཡང་འབྲོག་ཁྱིམ་ཞིག་ལ་འོ་མ་འཐུང་དུ་སོང་པ་ཡིན། ཁོ་ཚོས་ཀྱང་སྔར་ལྟར་མཆོད་པ་ཡིད་དུ་འོང་བ་བཤམས་འདུག རྗེས་སུ་གནས་འདིའི་ངོ་ཤེས་གསར་པ་ཞིག་ལ་བཅར་འདྲི་བྱེད་སྐབས་ས་གནས་འདིའི་འབྲོག་སྡེ་ཀུན་གྱིས་གོང་ལྟར་བཤམས་ཡོད་ཚུལ་བཤད་སོང་། ཁོ་ཚོའི་མཆོད་པ་འབུལ་སྟངས་འདི་ལ་ང་རང་སྙིང་ནས་དགའ་བས་རྗེས་སུ་ཡི་རངས་སྐྱེས།
དེ་ནས་ཁྱིམ་ཚང་ནང་གི་དངོས་པོ་དག་ལ་མིག་བཤེར་ཡང་ཡང་བྱས་ཏེ་ཁྱིམ་མི་དང་འབྲེལ་བའི་སྐོར་ནས་ཁ་བརྡ་བྱས་པ་ཡིན། མཐར་ད་ཐེངས་ང་རང་སྟོད་མངའ་རིས་ཀྱི་འབྲོག་ཁྱིམ་དུ་ཐོག་དང་པོར་ཡོང་སྟབས་ལེགས་སྐྱེས་ཤིག་མ་ཕུལ་ན་རུང་རྒྱུ་མ་རེད་བསམས་ཏེ་དམངས་སྒོར་ལྔ་བཅུ་སྤྲད། ཁོ་ཚོའི་དྲི་བ་ལྟར་ང་རང་གི་ཕ་ཡུལ་ངོ་སྤྲོད་བྱས་པ་ཡིན། རྗེས་སུ་གངས་སྐོར་དུ་ཡོང་སྐབས་ཁྱིམ་ཚང་འདིར་ཡོང་རྒྱུའི་ཁ་ཆད་ཀྱང་བྱས། ང་ཚོའི་དུས་ཚོད་ཐུང་ཐུང་གི་མཇལ་འཛོམས་འདི་ནི་ཧ་ཅང་རིན་ཐང་ལྡན་པ་དང་། ཁོ་ཚོའི་ལྷད་མེད་པའི་གཤིས་ཀ་དང་བཅོས་མ་མིན་པའི་འཛུམ་མདངས་ནི་བརྗེད་དཀའ་བ་ཞིག་རེད། ཡིན་ནའང་བཀྲ་ཤིས་སྨོན་ལམ་བརྗོད་དེ་འགྲོན་ཁང་དུ་ཡར་ལོག་པ་ཡིན།
མགྲོན་ཁང་ནི་སྒྲོལ་མ་ལ་རྩར་ཡོད་ཅིང་། ས་དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ལྔ་སྟོང་ཡར་ལྷག་འདུག ང་རང་དེ་སྔ་འདི་ལས་མཐོ་བའི་ས་ཆ་གཞན་ལ་ཉལ་མྱོང་མེད། སྒེའུ་ཁུང་ནས་ཕར་བལྟས་པ་ཙམ་ལ་མུན་པའི་གསེང་ནས་གངས་རིན་པོ་ཆེ་གསལ་ལ་མི་གསལ་བ་མཇལ་བཞིན་འདུག སེམས་ལ་གསལ་ཞིག་བཏབ་སྟེ་ག་ལེར་གཉིད་དུ་ཡུར་བ་ཡིན།
ཡོངས་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青
Send to Author